མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས1ཉིན། ཀྲུང་གོའི་སྨན་རྫས་སྐྱེ་དངོས་ལག་རྩལ་མཐུན་ཚོགས་དང་། ཀྲུང་གོའི་སྨན་རྫས་སྐྱེ་དངོས་ལག་རྩལ་མཐུན་ཚོགས་རྩ་འཛུགས་ཀྱི་སྐྱེ་དངོས་མ་དཔེ་མཛོད་ཡན་ལག་ཚོགས་པ(BBCMBA)དང་།རྒྱལ་ཡོངས་སྐྱེ་དངོས་མ་དཔེ་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན་(SAC/TC 559)སྐྱེ་དངོས་ཉིང་ལྷེབ་ཧྲང་ཧའེ་རྒྱལ་ཁབ་ལས་གཞི་ཞིབ་འཇུག་ལྟེ་གནས་སོགས་ཀྱིས་གཙོ་གཉེར་བྱས་པའི་དུས་བཅུ་གཅིག་པའི་སྐྱེ་དངོས་མ་དཔེ་མཛོད་ཀྱི་སྤུས་ཚད་དང་ནུས་པ་ཁས་ལེན་གསོ་སྦྱོང་དང་ISO 20387ནང་ཁུལ་ཞིབ་བཤེར་པའི་གསོ་སྦྱོང་འཛིན་གྲྭ-GB/T 37864-2019《སྐྱེ་དངོས་མ་དཔེ་མཛོད་ཀྱི་སྤུས་ཚད་དང་ནུས་པའི་ཀུན་སྤྱོད་བླང་བྱ་》དྲིལ་སྒྲོག་་ལག་བསྟར་ཚོགས་འདུ་ཟི་ལིང་དུ་འཚོགས། ཐེངས་འདིའི་གསོ་སྦྱོང་ནི་2025ལོའི་“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་གཞོན་ནུ་ཤེས་ལྡན་མི་སྣའི་གླེང་སྟེགས་དང་སྐབས་དྲུག་པའི་“ཤེས་རབ་འདུ་འཛུགས།མཚོ་སྔོན་གསར་པར་རོགས་རམ་བྱེད་པའི”ཤེས་ལྡན་མི་སྣའི་རྣམ་གྲངས་སྦྲེལ་མཐུད་ཚོགས་འདུའི་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན།
སྐྱེ་དངོས་མ་དཔེ་མཛོད་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གལ་ཆེན་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་ལས་གྲྭ་གལ་ཆེན་ཞིག་ཡིན་པས།དེའི་ཚད་ལྡན་ཅན་དང་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ནི་ཚན་རིག་ཞིབ་འཇུག་གྲུབ་འབྲས་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ད་ཐེངས་ཀྱི་བྱེད་སྒོ་མཚོ་སྔོན་ཟི་ལིང་དུ་འཚོགས་པ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་དངོས་ཡིན་ལ།“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། སྤེལ་རེས་སྟེགས་བུ་བཙུགས་པ་བརྒྱུད་ཕྱོགས་ཁག་གི་ཤེས་ལྡན་མི་སྣ་འདུ་འཛོམས་བྱས་ཏེ་སྐྱེ་དངོས་མ་དཔེ་མཛོད་ཀྱི་ལག་རྩལ་གསར་གཏོད་དང་།དོ་དམ་ཚད་ལྡན།ཉེར་སྤྱོད་རྒྱ་སྐྱེད་སོགས་ཀྱི་ཐད་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།
འཛིན་གྲྭ་འགོ་ཚུགས་མཛད་སྒོ་སྤེལ་རྗེས།ཝུན་ཀྲོའུ་གསོ་རིག་སློབ་ཆེན་གྱི་སློབ་གཙོ་ལི་ཞའོ་ཁུན་གྱིས《གཞུང་རྐང་ཕྲ་ཕུང་དང་ཕྲ་ཕུང་སྙོམས་སྒྲིག་རྐྱེན་ཆའི་རིགས་པའི་གཞུང་ལུགས་གསར་གཏོད་དང་ནད་ཐོག་འགྱུར་ལྡོག་ཞིབ་འཇུག》ཞེས་པའི་ཁ་བྱང་དུ་བྱས་ནས་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས། ལི་ཞའོ་ཁུན་གྱིས་ནད་རིགས་སྨན་བཅོས་ཁྲོད་ཀྱི་གཞུང་རྐང་ཕྲ་ཕུང་་དང་ཕྲ་ཕུང་སྙོམས་སྒྲིག་རྐྱེན་ཆ་ཡིས་སྔོན་ཐོན་རིགས་པའི་གཞུང་ལུགས་དང་ནད་ཐོག་བཀོལ་སྤྱོད་ཀྱི་མདུན་ལམ་རྒྱས་བཤད་བྱས་ཏེ།སློབ་མ་ཚོར་ངོ་མཚར་ཆེ་བའི་རིག་གཞུང་གསོལ་སྟོན་ཞིག་བསྟན་པ་དང་།ཚང་མས་སྐྱེ་དངོས་མ་དཔེ་མཛོད་ཀྱིས་ནད་ཐོག་འགྱུར་ལྡོག་ཁྲོད་ཐོན་པའི་ནུས་པ་གལ་ཆེན་ལ་བསམ་གཞིག་གཏིང་ཟབ་བྱས།
གསོ་སྦྱོང་བྱེད་རིང་ཆེད་མཁས་པ་མང་པོ་ཞིག་གིས་སྐྱེ་དངོས་མ་དཔེ་མཛོད་ཀྱི་སྤུས་ཚད་དང་ནུས་པའི་སྤྱི་སྤྱོད་བླང་བྱ་དང་ཁས་ལེན་ཚད་གཞི་སོགས་ནང་དོན་གལ་ཆེན་ལ་དམིགས་ནས་གསལ་འགྲེལ་གཏིང་ཟབ་བྱས་པ་དང་གྱོད་དཔེ་ལ་དབྱེ་ཞིབ་དང་ལག་ལེན་ཉམས་མྱོང་མཉམ་སྤྱོད་ཕུན་སུམ་ཚོགས་པོ་བྱས་པ་བརྒྱུད་སློབ་མ་ཚོས་ཚད་གཞིའི་བླང་བྱ་དང་ལག་ལེན་དངོས་ཀྱི་གཙོ་གནད་ལ་སྔར་བས་ཁྱོན་ཡོངས་དང་གཏིང་ཟབ་པའི་སྒོ་ནས་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་བྱས་པ་རེད། རིགས་གཅིག་མཁས་ཅན་ཚོས་ལས་རིགས་ཀྱི་རྒྱབ་ལྗོངས་གཏིང་ཟབ་དང་ཕུན་སུམ་ཚོགས་པའི་ལག་ལེན་ཉམས་མྱོང་ལ་བརྟེན་ནས་སྐྱེ་དངོས་མ་དཔེ་མཛོད་དོ་དམ་གྱི་འགག་རྩའི་ལྷུ་ཚིགས་ལ་གཏིང་ཟབ་པའི་སྒོ་ནས་འགྲེལ་བཤད་བྱས་ཏེ།སློབ་མ་ཚོར་རིན་ཐང་ལྡན་པའི་ཤེས་བྱ་དང་རྩལ་ནུས་འདོན་སྤྲོད་བྱས་ཏེ།སྐྱེ་དངོས་མ་དཔེ་མཛོད་རྒྱུན་མཐུད་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་གསར་པ་བསྣན་ཡོད།