མཚོ་སྔོན་གྱིས་བྱེད་ཐབས་མང་པོ་མཉམ་སྤྱོད་བྱས་ནས་འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་གོང་དུ་འཕེལ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོང་དོན་མ་ལག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། འཛད་སྤྱོད་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་བསྣན་པ་བརྒྱུད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་མཁྲེགས་གཏོར་ལས་སྒོ་ལག་བསྟར་ཤུགས་ཆེན་བྱས་ནས། བྱེད་ཐབས་མང་པོ་མཉམ་སྤྱོད་བྱས་ཏེ་འཛད་སྤྱོད་ཐོན་རྫས་རྙིང་པ་གསར་བརྗེ་བྱེད་པ་སོགས་འཛད་སྤྱོད་སྐུལ་སྤེལ་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ནས། དེ་བསྟུན་གྱི་ཕན་འབྲས་མངོན་གསལ་བླངས་སྟེ། ནུས་ཤུགས་ཡོད་རྒུས་འཛད་སྤྱོད་གོང་དུ་འཕེལ་བའི་རྣམ་པ་སྲ་བརྟན་ཡོང་བར་ཤུགས་བསྣན། ད་ལོའི་ཟླ1ནས་ཟླ5པའི་བར་དུ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་གྲངས་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བརྒྱད་དུང་ཕྱུར་བདུན་བྱེ་བ་གཉིས་མངོན་འགྱུར་བྱས་པ་དང་། བསྡོམས་གྲངས་དེ་དུས་མཉམ་ལས2.5%འཕར་ཡོད་ཅིང་། ཟླ་སྔོན་མ་བཞི་ལས་བརྒྱ་ཆའི0.6གིས་ཇེ་མཐོར་ཕྱིན་ཡོད། ཟླ5པའི་ནང་ཁོ་ནར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་གཉིས་བྱེ་བ་དགུ་ས་ཡ་དྲུག་མངོན་འགྱུར་བྱས་ཡོད་ཅིང་། བསྡོམས་འབོར་དེ་དུས་མཉམ་ལས4.5%འཕར་བ་དང་། བསྟུད་མར་ཟླ་བ་གསུམ་གྱི་རིང་ལ་བརྒྱ་ཆའི4ཡན་འཕར་ཡོད།

ཟླ1ནས་ཟླ5བར་དུ། གོང་ཚད་ཚོད་འཛིན་བྱས་ཡོད་པའི་ཁེ་ལས་ཀྱི་སིལ་ཚོང་གྲངས་འབོར2%འཕར་བ་དང་། འཕར་ཚད་ཟླ1ནས4བར་དང་བསྡུར་ན་བརྒྱ་ཆའི 0.8ཡིས་ཇེ་མཐོར་ཕྱིན་ཡོད། གོང་ཚད་ཚོད་འཛིན་བྱས་ཡོད་པའི་སྡེབ་ཚོང་དང་སིལ་ཚོང་། བཟའ་བཏུང་ཁེ་ལས་བཅས་ཀྱི་སིལ་ཚོང་གྲངས་འབོར་སོ་སོར2.8%དང1.1%། 6.1%འཕར་ཡོད་ལ། ཞག་སྡོད་ལས་རིགས་ཀྱི་མར་འགྲིབ་ཚད་མུ་མཐུད་ཇེ་ཆུང་དུ་ཕྱིན་ཡོད།

ད་ལོའི་ཟླ་སྔོན་མ་ལྔའི་ནང་ཞིང་ཆེན་ཡོངས་ཀྱི་གོང་ཚད་ཚོད་འཛིན་བྱས་ཡོད་པའི་སྡེབ་ཚོང་དང་སིལ་ཚོང་ཁེ་ལས་ཀྱི་ཚོང་ཟོག་གཙོ་བོ་རིགས19ཡི་སིལ་ཚོང་གྲངས་འབོར“བརྒྱད་འཕར་བ་དང་བཅུ་གཅིག་མར་འགྲིབ་པའི” རྣམ་པ་མངོན་ཡོད་ལ། དེའི་ནང་ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་ཀྱི་རིགས། འཛུགས་སྐྲུན་དང་མཛེས་སྤྲོས་རྒྱུ་ཆ་ཡི་རིགས། ལྕགས་རིགས་དང་གློག་ཆས་ཀྱི་རིགས། སྐོམ་ཆུའི་རིགས། ཀྲུང་ལུགས་དང་ནུབ་ལུགས་ཀྱི་སྨན་རྫས་རིགས། འབྲུ་སྣུམ་གཙོས་ཟས་རིགས། འཕྲིན་གཏོང་ཡོ་བྱད་ཀྱི་རིགས། དཔེ་དེབ་དང་ཚགས་པར།  དུས་དེབ་བཅས་ཀྱི་སིལ་ཚོང་གྲངས་འབོར་སོ་སོར45.1%དང་27.8%།12.4%།11.7%། 4.2%། 4.0%། 2.9%། 1.9%འཕར་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།