【ཞིང་ཆེན་ཚོང་དོན་ཐིང་།】“རྙིང་ཚབ་གསར་བརྗེ”ལ་ཤུགས་བསྣན་པས་ཞིང་སྡེའི་འཛད་སྤྱོད་རིམ་སྤོར་ལ་ཕན་འབྲས་མངོན་གསལ་ཐོབ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

མིག་སྔར། རྒྱལ་ཡོངས་ཀྱི་རྫོང་ཁོངས་ཀྱི་ཁྱིམ་སྤྱོད་གློག་ཆས་ཁྲོམ་རས་ལོ་གཅིག་གི་ཕྱིར་ཚོང་ཚད་ཀྱི་མཐོ་རླབས་བསུས། རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱི་སྐུལ་འདེད་འོག ཞིང་སྡེའི་ཁྲོམ་རའི་གསོན་ཤུགས་སྔར་ལས་འཕེལ་བ་དང་འཛད་སྤྱོད་རིམ་སྤར་གྱི་འཕེལ་ཕྱོགས་མངོན་གསལ་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། ཟླ5པའི་ཚེས1ཉིན་ནས་ཟླ6པའི་ཚེས21ཉིན་བར། རྫོང་ཁོངས་ཀྱི་ཁྱིམ་སྤྱོད་གློག་ཆས་ཀྱི་ཕྱིར་ཚོང་གྲངས་ཀ་ན་ནིང་གི་དུས་མཉམ་ལས7%འཕར་བ་དང་། རྙིང་ཚབ་གསར་བརྗེའི་ཕྱིར་ཚོང་གྲངས་ཀ་ན་ནིང་གི་དུས་མཉམ་ལས54%འཕར་ནས། རྫོང་ཁོངས་ཀྱི་ཁྱིམ་སྤྱོད་གློག་ཆས་ཁྲོམ་རའི་ཕྱིར་ཚོང་ཚད་ཧ་ཅང་མཐོ། དེ་དང་ཆབས་ཅིག རྫོང་ཁོངས་ཁྲོམ་རའི་འཛད་སྤྱོད་རིམ་སྤར་གྱི་འཕེལ་ཕྱོགས་ཧ་ཅང་མངོན་གསལ་ཡིན་ལ། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། སྒོར་ཁྲི་ཡན་གྱི་ཁྱིམ་སྤྱོད་གློག་ཆས་ཀྱི་ཕྱིར་ཚོང་གྲངས་ཀ་ན་ནིང་གི་དུས་མཉམ་ལས73%འཕར་ཡོད་པ་དང་། སྲོ་སྐམ་འཕྲུལ་ཆས་དང་ཆུ་གཙང་འཕྲུལ་ཆས། ཕོར་འཁྲུད་འཕྲུལ་ཆས་སོགས“ལྷུ་ལག་ཆེ་གྲས་གསར་པ་གསུམ”གྱི་ཕྱིར་ཚོང་ཚད་ཧ་ཅང་མཐོ་ལ། ལྗང་མདོག་དང་རིག་ནུས་ཅན་གྱི་ཐོན་རྫས་དེ་རྫོང་ཁོངས་མང་ཚོགས་ཀྱི་འཛད་སྤྱོད་འཕེལ་ཕྱོགས་གསར་པར་གྱུར།

ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཁྲང་ཞིན་རྫོང་གི་སྒྲིག་སྦྱོར་བཟོ་བ་ཏའེ་ལུང་ཧུའེ་ཡིས་བཤད་རྒྱུར། ད་ལྟ་ཟླ་རེར་ཁྱིམ་སྤྱོད་གློག་ཆས་སྒྲིག་སྦྱོར་བྱེད་ཚད་ཧ་ལམ་སྟོང་གཅིག་ཙམ་ཡིན་པ་དང་། མང་ཆེ་བ་རིག་ནུས་སྒྲིག་ཆས་རེད་ཟེར།

ཞིང་སྡེའི་དགོས་མཁོ་དང་འཚམ་པའི་ཐོན་རྫས་གསར་པའང་མགྱོགས་མྱུར་ངང་འདོན་བཞིན་ཡོད། སྲོལ་རྒྱུན་གྱི་ནུས་ཁུངས་ལས་ཧ་ལམ50%ཡན་གྲོན་ཆུང་བྱས་པ་མ་ཟད་དབྱར་ཁར་འཁྱག་བཟོ་དང་དགུན་ཁར་དྲོད་ལེན་པའི་མཁའ་དབུགས་ཀྱིས་ཚ་འཐེན་འཕྲུལ་ཆས་ཐད་བཀོལ་ནས་ཕྱིར་འཚོང་ཚད་ཧ་ཅང་ལེགས་པ་རེད།

དེ་དང་ཆབས་ཅིག ས་གནས་སོ་སོས་ཀྱང་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས“རྙིང་ཚབ་གསར་བརྗེའི”མཇུག་མཐའི་སྤྱི་ལེ་གཅིག་ཤར་གཏོང་བྱས། སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་གྱིས་རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་ཁྱིམ་སྤྱོད་གློག་ཆས་ཨང་ཀིའི་ཁེ་ལས་རྩ་འཛུགས་ཞབས་ཞུའི་མནའ་འབྲེལ་བཙུགས་ཏེ། ཐོན་རྫས་ཆ་ཚང་རིགས་ཀྱི་ཁྱིམ་སྤྱོད་གློག་ཆས་དང་གྲངས་འཛིན་ཐོན་རྫས་ཚོང་ཁང་ལས་བརྒལ་ནས་མངག་ཉོ་དང་ཐག་ཉེ་ས་རུ་དངོས་ཟོག་སྐྱེལ་ལ།    དེ་མིན་སྒྲིག་སྦྱོར་དང་ཞིབ་བཤེར་བཟོ་བཅོས་སོགས་ཀྱི་ཞབས་ཞུ་བསྒྲུབས། ཧུའུ་ནན་ཞིང་ཆེན་ལིའུ་དབྱང་གྲོང་ཁྱེར་གྱིས“རྫོང་ཁོངས་ཀྱི་འཚོལ་བསྡུ་བཀོད་སྒྲིག་ལྟེ་གནས”ལ་བརྟེན་ནས་སྡེབ་སྐྱེལ་དུས་ཡུན་དུས་ཚོད24ནང་ཚུན་དུ་ཇེ་ཐུང་དུ་བཏང་།

རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་དཔལ་འབྱོར་སྔོན་དཔག་པུའུ་སྲིད་ཇུས་འདྲ་བཟོ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཡོན་ཅན་ཆིན་གྱིས་བཤད་རྒྱུར། ད་ལོའི་ཚུན་ལ། རྫོང་ཁོངས་ཁྲོམ་རའི་འཛད་སྤྱོད་པའི་སྤུས་ལེགས་ཁྱིམ་སྤྱོད་གློག་ཆས་ཀྱི་དགོས་མཁོ་གྲོང་ཁྱེར་རིམ་པ་དང་པོ་དང་རིམ་པ་གཉིས་པར་ཕྱོགས་ནས། ལེགས་བཅོས་རྣམ་པའི་འཛད་སྤྱོད་དགོས་མཁོ་ཇེ་མཐོར་སོང་། རྙིང་ཚབ་གསར་བརྗེའི་སྲིད་ཇུས་སྐུལ་འདེད་འོག ཞིང་སྡེའི་འཛད་སྤྱོད་དེ“བེད་སྤྱོད་ཐུབ་པ་”ནས“བེད་སྤྱོད་ལེགས་པའི”བར་འཕར་ནས། ཞིང་སྡེའི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་སྔར་ལས་འཕེལ་ཏེ། ནང་མཁོ་རྒྱ་བསྐྱེད་དང་འཕར་སྣོན་བརྟན་པོ་ཡོང་བའི་འདེགས་སྐྱོར་སྟོབས་ཤུགས་གལ་ཆེན་དུ་འགྱུར་བཞིན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།