མང་རྫོང་གི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡིས་2023ལོའི་སྤྱི་པའི་བོགས་གཏོང་སྡོད་ཁང་གི་བོགས་གཏོང་ལས་དོན་སྤེལ།
ཡོང་ཁུངས། མང་རྫོང་བརྙན་འཕྲིན་ཁང་།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-09-18 15:25:33

རང་རེའི་དྲ་བའི་འཕྲིན། དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྡོད་ཁང་མེད་པའི་གནད་དོན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགན་ལེན་དང་ཐག་གཅོད་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོང་ཏན་ཏིག་དང་།དྲང་གཞག་དང་དྲང་བདེན་ཆེ་ཤོས་ཀྱིས་རེ་འདུན་ཞུ་མཁན་ཁྱིམ་ཚང་ཚང་མས་དགོས་མཁོ་སྐོང་ཐུབ་པ་དང་བདེ་སྡོད་ཀྱི་ཕུགས་འདུན་མངོན་འགྱུར་ཐུབ་རྒྱུའི་འགན་ལེན་བྱ་ཆེད།མིག་སྔར།མང་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡིས་དམངས་ཡོངས་ལུས་སྦྱོང་ལྟེ་གནས་ལུས་རྩལ་ཁང་དུ་སྤྱི་པའི་བོགས་གཏོང་སྡོད་ཁང་གི་བོགས་གཏོང་ལས་དོན་སྤེལ་བ་རེད། ཐེངས་འདིའི་སྤྱི་པའི་བོགས་གཏོང་སྡོད་ཁང་བཀོད་སྒྲིག་དང་བོགས་གཏོང་ལས་དོན་བདེ་བླག་དང་གོ་རིམ་ལྡན་པའི་ངང་སྤེལ་ཆེད།རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་གྲ་སྒྲིག་ཧུར་ཐག་བྱས་ནས་ཇུས་འགོད་བྱས་པ་དང་།བོགས་གཏོང་གི་ལག་བསྟར་ཇུས་གཞི་སྔ་མོར་བཟོས་པ་མ་ཟད།རེ་ཞུ་བྱེད་མཁན་གྱི་ཆ་རྐྱེན་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་དང་འབྲེལ་བགོ་བཤའ་རྒྱག་རྩིས་ཡོད་པའི་མི་སྣ་ཡོངས་བསྒྲགས་བྱས་པ་རེད།
བོགས་གཏོང་བྱ་ཡུལ་དུ་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་སྤྱི་པའི་བོགས་གཏོང་སྡོད་ཁང་རེ་འདུན་ཞུ་མཁན་ཁྱིམ་ཚང་ཚང་མར་སྡོད་ཁང་བོགས་གཏོང་ལག་བསྟར་ཇུས་གཞི་དང་དེ་བཞིན་བོགས་གཏོང་བརྒྱུད་རིམ་སོགས་ཀྱི་འབྲེལ་ཡོད་ལས་དོན་གསལ་འགྲེལ་བྱས་པ་རེད།ཐེངས་འདིའི་བོགས་གཏོང་དེ་རེས་སྐོར་དང་པོའི་འཐེན་ལེན་གོ་རིམ་ཨང་རྟགས་དང་རེས་སྐོར་གཉིས་པའི་འཐེན་ལེན་ཁང་པའི་ཨང་རྟགས་ཀྱི་བགོ་བཤའ་རྒྱག་སྟངས་ཡིན་པ་དང་།མཚོ་སྔོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།སྔོན་ལ་དབང་པོ་སྐྱོན་ཅན་18ལ་མ་མཐའི་ཐོག་བརྩེགས་སྡོད་ཁང་18གྲ་སྒྲིག་བྱས་ནས་དབང་པོ་སྐྱོན་ཅན་མང་ཚོགས་འགྲོ་སྐྱོད་ཀྱི་བདེ་འཇགས་དང་སྟབས་བདེ་འགན་ལེན་ཏན་ཏིག་བྱས།དེ་རྗེས་སྡོད་ཁང་རེ་འདུན་ཞུ་མཁན་གྱི་འཁོར་སྒུག་མི་སྣ་དང་དེ་བཞིན་རང་རྫོང་དུ་གསར་དུ་ལས་ཞུགས་བྱེད་མཁན་གྱི་སྡོད་ཁང་རེ་འདུན་ཞུ་མཁན་མི་སྣ་208ལ་ཁ་ཕྱོགས་ནས་སྡོད་ཁང་82གྲ་སྒྲིག་བྱས་པ་དང་མཐར་མི་77ལ་སྡོད་ཁང་ཐོབ་པ་རེད།དེ་དང་ཆབས་ཅིག་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའི་ཡིས“མང་ཚོགས་ཀྱིས་ཐེངས་གཅིག་ལ་བྱ་བ་ཚང་མ་འགྲུབ་ཐུབ་པ”དང“མི་དམངས་མང་ཚོགས་ཐེངས་གཅིག་ལས་རྒྱུག་མི་དགོས་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ་དངུལ་ཁང་གི་ལས་དོན་མི་སྣ་དང་གཞིས་ཁུལ་དོ་དམ་མི་སྣ་གདན་ཞུ་བྱས་ནས་སྤྱི་པའི་བོགས་གཏོང་སྡོད་ཁང་གི་ཁྱིམ་ཚང་ལ་འབྲེལ་ཡོད་གྲོན་དངུལ་སྤྲོད་པ་དང་།གན་རྒྱ་འཇོག་པ།གནས་སྡོད་བརྡ་ཐོ་བཏང་བ་བཅས་བྱས།
ཐེངས་འདིའི་སྤྱི་པའི་བོགས་གཏོང་སྡོད་ཁང་གི་ལས་དོན་བདེ་ལེགས་ངང་ལེགས་སྒྲུབ་བྱུང་ནས་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་གདེང་འཇོག་བཟང་པོ་ཐོབ།དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་གནད་དོན་སྔར་བས་ཞི་ལྷོད་དུ་ཕྱིན་ནས་རང་རྫོང་གི་སྡོད་ཁང་འགན་ལེན་ལས་དོན་སྐྱོན་བྲལ་དང་གོ་རིམ་ལྡན་པ་ཞིག་ཡོང་རྒྱུར་སྐུལ་མ་ཐེབས་ཡོད།
མང་རྫོང་བརྙན་འཕྲིན་ཁང་གི་གསར་འགོད་པ། འབྲུག་མཚོ་སྐྱིད།