——ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མར་ཉིན་འགའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་སང་ལོའི་དཔལ་འབྱོར་བྱ་བའི་སྲིད་ཇུས་བྱེད་ཕྱོགས་ཆེན་པོ་གཏན་འབེབས་བྱས་ཟིན་པ་དང་། ལས་འགན་ལྕི་ཞིང་དོན་སྙིང་གལ་ཆེན་ལྡན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དང་དགེ་མཚན་ལེགས་སྤྱོད། འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱས་ནས། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་མ་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ཡག་པོ་སྤོ་དགོས་པར་བསྟན།
ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་ལས་བསྟན་དོན། ད་ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་པ་དང་། རང་རྒྱལ་གྱི་དཔལ་འབྱོར་ཐད་ནས་གནོན་ཐེག་མདུན་བསྐྱོད་དང་ལེགས་ཕྱོགས་གསར་ཕྱོགས་སུ་འཕེལ་རྒྱས་བཏང་ལ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་རྒྱུན་མཐུད་ངང་སྤེལ་བ་དང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་གོམ་སྟབས་གསར་པ་སྤོས་ཤིང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སེལ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པ་དང་།དམངས་འཚོ་འགན་སྲུང་ལ་ཤུགས་སྔར་ལས་ཆེན་པོ་ལྡན།
ཞིང་ལས་ཞིང་སྡེ་པུའུ་རོགས་སྐྱོར་སིའི་སི་ཀྲང་གཞོན་པ་ལིའུ་ཅུན་ཡུང་གིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཁྲིད་སྟོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཡོད་ན། ང་ཚོར་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བའི་གཏིང་ཤུགས་ཆེ་ཤོས་ཡོད་པ་དང་། ཀྲུང་གོའི་དཔལ་འབྱོར་དུས་བསྟུན་མདུན་བསྐྱོད་དང་བརྟན་འཇགས་འཕེལ་རྒྱས་འགྲོ་ཐུབ།
སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་བསྡོམས་རྩིས་དབྱེ་ཞིབ་སི་ཡི་སི་ཀྲང་ལུའི་ཏ་ལེའང་གིས་བཤད་རྒྱུར།ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ན་ཡང་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱིའི་ཆ་ནས་བརྟན་བརླིང་འཕར་སྣོན་བྱུང་ནས། མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན་ཡོད། གྲུབ་འབྲས་འདི་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཁྲིད་སྟོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད། “གཏན་ཕབ་གཉིས”ནི་ང་ཚོ་དཀའ་ངལ་དང་འགྲན་སློང་ཡོད་ཚད་ལས་རྣམ་པར་རྒྱལ་བ་དང་། ངེས་གཏན་མིན་པའི་རང་བཞིན་ཡོད་ཚད་ལ་ཁ་གཏད་འཇལ་བའི་ངེས་གཏན་རང་བཞིན་ཆེ་ཤོས་དང་གདེང་ཚོད་ཆེ་ཤོས། འགན་སྲུང་ཆེ་ཤོས་ཡིན།
གནས་བབ་གསར་པའི་འོག་གི་དཔལ་འབྱོར་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ངོས་འཛིན་དང་མྱོང་ཚོར་གསར་པའི་ཐད་ནས། ཚོགས་འདུའི་སྟེང“ངེས་པར་དུ་སྒྲུབ་དགོས་པ་ལྔ”བཏོན་པ་དང་། ཚང་མས་གཅིག་གྱུར་གྱིས་འདིས་སྔོན་ཆད་ཀྱི་དཔལ་འབྱོར་ལག་ལེན་ལ་སྤྱི་བསྡོམས་གནད་ལ་འཁེལ་བ་བྱས་པ་མ་ཟད། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་བསམ་བློའི་སྣེ་ཁྲིད་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡང་འདོན་སྤྲོད་བྱས་ཡོད་པའི་བསམ་ཚུལ་བསྟན།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་སིའི་སི་ཀྲང་ཀྲོའུ་ཁྲིན་གྱིས་བཤད་རྒྱུར། ང་ཚོས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།“ངེས་པར་ལྔ”དེ་དཔལ་འབྱོར་བྱ་བ་བཟང་བོ་སྒྲུབ་པའི་གྲུབ་འབྲས་དངོས་ལ་བསྒྱུར་ནས། དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་མིན་པའི་སྲིད་ཇུས། གསོག་གྲངས་སྲིད་ཇུས། འཕར་ཚད་སྲིད་ཇུས་སྣ་ཚོགས་སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ནང་འཇུག་དགོས། ལས་ཞུགས་བརྟན་འཇགས་དང་ཁེ་ལས་བརྟན་འཇགས། ཚོང་ར་བརྟན་འཇགས། སྔོན་དཔག་བརྟན་འཇགས་བཅས་ཡོང་བར་ཤུགས་བསྣན་ནས། དཔལ་འབྱོར་ངོ་བོའི་ཐོག་ནས་ནུས་ལྡན་གོང་འཕེལ་དང་གྲངས་ཀྱི་ཐོག་ནས་ལུགས་མཐུན་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་རྒྱུ་ནོར་འགན་བཅོལ་ལྟ་སྐུལ་དོ་དམ་སིའི་སི་ཀྲང་དབྱིན་ཅང་ཨའོ་ཡིས་བཤད་རྒྱུར།“ངེས་པར་དུ་སྒྲུབ་དགོས་པ་ལྔ”ཡི་ངོས་འཛིན་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་གྱི་ཆོས་ཉིད་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་རྒྱུས་ལོན་ཟབ་མོ་བྱས་ཡོད་པ་མཚོན། དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་དེ་སྤྱི་ཁོག་སྲིད་ཇུས་ཀྱི་བརྒྱུད་འདྲེན་ཐབས་ལམ་གཙོ་བོ་ཡིན་པའི་ཆ་ནས། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ལྡོག་པའི་འཁོར་ཡུན་དང་འཁོར་ཡུན་བརྒལ་བའི་ལེགས་སྒྲིག་བཀོལ་སྤྱོད་ཡག་པོ་བྱེད་པ། དངོས་པོར་དངུལ་གཏོང་དང་མིའི་ཐོག་དངུལ་གཏོང་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུ་ལས་སང་ལོའི་དཔལ་འབྱོར་བྱ་བའི་གཙོ་གནད་ལས་འགན་བརྒྱད་བཀོད་སྒྲིག་བྱས་པ་དང་། ཚང་མས་མཐའ་གཅིག་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བདེན་འཛིན་དངོས་གཉེར་དང་དཔའ་སྐྱེད་འབད་འཐབ་བྱེད་པ། དཔལ་འབྱོར་བརྟན་ཐོག་ལེགས་འཕེལ་གྱི་འཕེལ་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ངེས་གཏན་མིན་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་འཇལ་དགོས་པའི་བསམ་ཚུལ་བསྟན།
ཀྲུང་གོ་མི་དམངས་དངུལ་ཁང་ཡིད་རྟོན་དངུལ་བུན་ཚོང་ར་སིའི་སི་ཀྲང་ཕེང་ལི་ཧྥེང་གིས་བཤད་རྒྱུར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་ལས་སྔར་ལས་དགེ་མཚན་དང་ཕན་ནུས་ལྡན་པའི་སྤྱི་ཁོག་གི་སྲིད་ཇུས་ལག་བསྟར་བྱ་དགོས་ཞེས་བཏོན་པ་དང་། ང་ཚོས་དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་མུ་མཐུད་དུ་ཟབ་སྤེལ་བྱེད་པ་དང་། དངུལ་རྩའི་ཐད་ཀྱི་རྩོམ་ཡིག་ཆེན་པོ་ལྔ་བཟང་བོ་འབྲི་བར་གཅིག་འདོམས་བྱེད་པ། མ་དངུལ་གྱི་མཁོ་སྤྲོད་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། དངུལ་རྩའི་ལས་ཁུངས་ཀྱིས་ནང་མཁོ་རྒྱ་སྐྱེད་པ་དང་ཚན་རྩལ་གསར་གཏོད། ཁེ་ལས་འབྲིང་ཆུང་ཕྲན་གསུམ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་པར་སྣེ་ཁྲིད་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་འཁོར་སྐྱོད་ལྟ་འཇལ་མཐུན་སྦྱོར་ཅུས་ཀྱི་ཅུས་ཀྲང་ཐའོ་ཆིང་གིས་བཤད་རྒྱུར། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཚོགས་འདུ་ལས་བཀོད་སྒྲིག་བྱས་པའི་གཙོ་གནད་ལས་འགན་གཙིགས་སུ་འཛིན་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ། བཟོ་ལས་ཀྱིས་སྤྱི་ཁོག་དཔལ་འབྱོར་སྤྱི་ཡོངས་ནས་བརྟན་འཇགས་ཡོང་བར་བྱེད་པའི“གནོན་རྡོ”ལྟ་བུའི་ནུས་པ་མུ་མཐུད་དུ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་ཇེ་དྲག་ཏུ་གཏོང་བ་དང་། མི་དམངས་ཀྱི་སྤུས་ལེགས་འཚོ་བའི་དགོས་མཁོ་སྐོང་ཆེད་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཚན་རྩལ་པུའུ་ཡི་སི་དང་པོའི་འགོ་གཙོ་ལིའང་དབྱིན་ཏ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆུ་ཚད་མཐོན་པོས་པེ་ཅིང་(པེ་ཅིན། ཐེན་ཅིན། ཧོ་པེ།)དང་ཧྲང་ཧེ། (འབྲི་ཆུའི་ཟུར་གསུམ་གླིང ) ཀོང་ཏུང་དང་ཞང་ཀང་། ཨོ་མོན་མཚོ་ཁུག་ཆེན་མོ་བཅས་ཀྱི་རྒྱལ་སྤྱིའི་ཚན་རྩལ་གསར་སྐྲུན་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས།
སློབ་གསོ་པུའུ་ཡི་ཚན་རྩལ་དང་ཆ་འཕྲིན་ཅན་སིའི་འགོ་གཙོ་ཀྲོའུ་ཏ་ཝང་གིས་བཤད་རྒྱུར། ང་ཚོས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་རྩེ་གཅིག་ཏུ་དམིགས་ནས། གསར་སྐྲུན་གྱི་གྲུབ་འབྲས་གལ་ཆེན་དང་གསར་སྐྲུན་གྱི་ཤེས་ལྡན་མི་སྣ་རྩེ་གྲ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བའི་གནས་སྟངས་འཛུགས་པར་འདེགས་སྐྱོར་བྱ་དགོས། ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་འཁོར་ཡུན་རིང་པོ་དང་བརྟན་བརླིང་གི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་བྱེད་པར་འབྱུང་རྩའི་རྒྱུ་ཆ་གལ་ཆེན་མང་པོ་མཁོ་འདོན་བྱ་དགོས།
ཚོང་དོན་པུའུ་ཕྱི་ཕྱོགས་ཉོ་ཚོང་སིའི་འགོ་གཙོ་ཝང་ཀྲི་ཧྭ་ཡིས་བཤད་རྒྱུར། ཚོང་དོན་པུའུ་ཡིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ཚད་དང་ཕན་འབྲས་ཇེ་ལེགས་སུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། དངོས་ཟོག་ཉོ་ཚོང་ལེགས་སྒྱུར་དང་རིམ་སྤོར་བྱེད་པ། ཉོ་ཚོང་གྲངས་ཀ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཚོང་དོན་དངུལ་གཏོང་གཞི་གཅིག་ཅན་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས། ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་དེ་འཛམ་གླིང་དང་མཉམ་སྤྱོད་ཐུབ་པའི་ཁྲོམ་ར་ཆེན་པོ་ཞིག་ཏུ་བསྐྲུན་ནས། མུ་མཐུད་དུ་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་བས་མང་བོ་མཁོ་འདོན་བྱེད་དགོས།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ལས་ཞུགས་སྐུལ་འདེད་སིའི་འགོ་གཙོ་སུང་ཞིན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ལས་ཞུགས་འཆར་འགོད་བཟོ་རྒྱུ་སྣེ་ཁྲིད་དུ་འཛིན་པ་དང་། སྤུས་ལེགས་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དམིགས་འབེན་དུ་འཛིན་པ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་བརླིང་དང་རྒྱ་ཆེར་གཏོང་རྒྱུ་འགག་རྩར་འཛིན་པ་བཅས་བྱས་ཏེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་སྤུས་ལེགས་ལས་ཞུགས་གང་ལེགས་ཡོང་རྒྱུར་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་ཐུབ་པར་བྱ་དགོས།
རང་བྱུང་ཐོན་ཁུངས་པུའུ་ཕྱོགས་བསྡུས་སིའི་འགོ་གཙོ་ཀུའུ་ཝུའུ་ཡིས་བཤར་རྒྱུར། རང་བྱུང་ཐོན་ཁུངས་པུའུ་ཡིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱལ་ཁབ་ས་ཁོངས་ཀྱི་བར་སྟོང་འཆར་འགོད་གསར་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རང་བྱུང་ཐོན་ཁུངས་བགོ་སྒྲིག་གི་ལས་ཆོད་ཆེ་རུ་གཏོང་བ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་གི་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། ལས་དོན་དངོས་དང་གྲུབ་འབྲས་དངོས་ལ་བརྟེན་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས། །