ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ། ཀྲུང་གུང་པེ་ཅིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཚེས29ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཐོག་མ་བསྡུས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ནོར་སྲིད་གཞུང་ལས་ཁང་རྒྱུན་ལྡན་བྱ་བར་ལས་བགོས་དོ་དམ་བྱེད་པའི་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་ཞིང་སྡེའི་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རེན་ཧན་ཝུན་ཞུའུ་ཡིས་སྒྲོག་འགྲེལ་སྙན་ཞུ་ཕུལ།
ཧན་ཝུན་ཞུའུ་ཡི་སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་གཞི》ལ་དམ་པོར་དམིགས་ནས། 《གྲོས་གཞི》ཡི་འཆར་ཟིན་བཀོད་པའི་གནས་ཚུལ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་ཀྱི་འཕེལ་རྒྱས་གྲུབ་འབྲས། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”སྐབས་ཀྱི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་གསལ་བཤད་བྱས་ཤིང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་། གཞི་འཛིན་སའི་རྩ་དོན། དམིགས་འབེན་གཙོ་བོ་བཅས་རྒྱས་བཤད་བྱས་ཏེ། 《གྲོས་གཞིའི》ནང་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གཙོ་གནད་དུ་བཟུང་ནས་གསལ་འགྲེལ་བྱས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུའི་ཐད་ནས་ངོས་འཛིན་དང་མྱོང་ཚོར་གླེང་།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཞིང་སྡེའི་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རེན་ཧན་ཝུན་ཞུའུ་ཡིས་བཤད་རྒྱུར། མ་འོངས་པའི་ལོ་ལྔར་རྒྱང་ལྟ་ཞིག་བྱས་ན། ང་ཚོར་ཡིད་ཆེས་དང་རེ་སྒུག་ཆེན་པོ་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱས་ནས་བྱ་བ་སྒྲུབ་སྟེ། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་བསྟུད་མར་ཇེ་དྲག་ཏུ་འགྲོ་བ་དང་། རྒྱལ་སྤྱིའི་གོ་གནས་མུ་མཐུད་དུ་ཇེ་མཐོར་སོང་སྟེ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་དང་། དཔལ་འབྱོར་འཕེལ་རྒྱས་མྱུར་ཞིང་སྤྱི་ཚོགས་ཡུན་རིང་གཏན་འཇགས་ཀྱི་ངོ་མཚར་བའི་ལེའུ་གསར་པ་མུ་མཐུད་དུ་བརྩམས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་ཐུབ་ངེས།
སྙན་ཞུ་གཏིང་ཟབ་ཅིང་མཐར་ཕྱིན་པ་དང་། ནང་དོན་ཕུན་སུམ་ཚོགས་ལ་གཙོ་གནད་འབུར་དུ་ཐོན་པ་དང་མ་ལག་ཆ་ཚང་བ། དཔེ་མཚོན་གྱོད་དཔེ་དང་ཞིབ་ཅིང་ཕྲ་བའི་གཞི་གྲངས་གང་ལེགས་སྤྱད་དེ་འགྲེལ་བཤད་བྱས་པས། ཉན་མཁན་ཚོར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཤེས་རྟོགས་ཟབ་མོ་བྱུང་དུ་བཅུག
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་སུའེ་ཡུན་གྱིས་བཤད་རྒྱུར། ཐེངས་འདིའི་སྙན་ཞུའི་ཚོགས་འདུའི་ཐོག་ངས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དུས་རབས་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་ཤུགས་རྐྱེན་གཏིང་ཟབ་ལ་སྔར་ལས་ངོས་འཛིན་ཟབ་མོ་བྱུང་།“གཏན་འཁེལ་གཉིས”ནི་དུས་རབས་གསར་པའི་འཐབ་ལམ་གསར་པའི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ངོ་མཚར་བའི་ལེའུ་གསར་པ་གཉིས་མུ་མཐུད་དུ་རྩོམ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད། ང་ཚོས་སྣེ་ཁྲིད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་གོ་བ་ཟབ་མོ། དོན་འཁྱོལ་བཟང་བོ་བཅས་བྱས་ཏེ། རང་རྟོགས་སྒོས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོའི་ནང་དོན་འཁྱོལ་བྱས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ལག་ཏུ་བསྟར་སྟེ་མདུན་སྐྱོད་པ་བཟང་པོ་བྱེད་དགོས།
ཆིན་ཧྭ་སློབ་ཆེན་ཞིབ་ཚགས་དཔྱད་ཆས་ཚན་ཁག་གི2022ལོའི་འབུམ་རམས་པའི་སློབ་མ་ལུང་རུའེ་ལིན་གྱིས་བཤད་རྒྱུར། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ཇེ་མགྱོགས་སུ་བཏང་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱ་དགོས་ཞེས་བཏོན་ཡོད། ཞིབ་ཚགས་དཔྱད་ཆས་ཁྱབ་ཁོངས་ཀྱི་སློབ་མ་ཞིག་ཡིན་པའི་ཆ་ནས། ངས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དགོས་མཁོར་དམིགས་ནས། ལས་སྒོའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་བསྒྱུར་བ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་དམིགས་ནས། རྩེར་སོན་དཔྱད་ཆས་དང་བཟོ་ལས་མ་གྲུ་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་སུ། ན་གཞོན་སློབ་མའི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན།
པེ་ཅིན་དུ་ཡོད་པའི་ཏང་སྲིད་དམག་གསུམ་ལས་ཁུངས་ཀྱི་ལས་བྱེད་པ་དང་། ཀྲུང་དབྱང་གི་ཁེ་ལས་དང་མཐོ་རིམ་སློབ་གྲྭའི་འགན་ཁུར་པ། རིགས་གཞུང་ལས་སྒྲུབ་པ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་སོགས་མི700ཡས་མས་ཚོགས་འདུར་ཞུགས། །