ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གཙོ་གནད་བཟོ་སྐྲུན་སྐོར་ཞིག་བརྟན་བརླིང་ངང་སྒྲུབ་བཞིན་ཡོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ད་ལྟ། ས་གནས་སོ་སོས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གཙོ་གནད་བཟོ་སྐྲུན་སྐོར་ཞིག་བརྟན་བརླིང་ངང་སྒྲུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས།

ཧྲའན་ཞིའི་ཧན་ཆུ་ཝེ་ཆུར་འདྲེན་པའི་དུས་རིམ་གཉིས་པའི་བཟོ་སྐྲུན་ཁོངས་གཏོགས་ཀྱི་བྱང་ཕྱོགས་གཞུང་ལམ་གྱི་ཕུག་ལམ་ཚེས10ཉིན་ཤར་གཏོང་བྱས་ཏེ། ལོ་མཇུག་ཏུ་ལམ་ཐིག་ཧྲིལ་བོར་ཆུ་མཁོ་འདོན་བྱེད་ཐུབ་པར་རྨང་གཞི་བཏིངས། ཧན་ཆུ་ཝེ་ཆུར་འདྲེན་པའི་བཟོ་སྐྲུན་ནི་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཆུ་བེད་བཟོ་སྐྲུན་གལ་ཆེན་ཞིག་ཡིན་ཞིང་། ལོ་རེར་ ཧན་ཆུ་ནས་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་གཅིག་དུང་ཕྱུར་ལྔའི་ཆུ་ཝེ་ཆུའི་འབབ་རྒྱུད་དུ་འདྲེན་ཐུབ། དུས་རིམ་གཉིས་པའི་བཟོ་སྐྲུན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ190ཡོད་པ་དང་འཛུགས་སྐྲུན་བྱས་རྗེས། ཞི་ཨན་དང་ཞན་དབྱང་། དབྱང་ལིང་། ཝེ་ནན་སོགས་ཀྱི་ས་ཁུལ་ལ་ཆུ་མཁོ་འདོན་འགན་སྲུང་བྱས་ནས་མི་འབོར་བྱེ་བ་གཅིག་ས་ཡ་བཞི་ལྷག་ལ་ཕན་འདོགས་རྒྱུ་རེད།

འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ཀྱང་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་དེ། ཀོང་ཞི་ཡི་སྐམ་ལམ་འགྲིམ་འགྲུལ་དང་ཆུ་ཐོག་སྐྱེལ་འདྲེན་གྲུ་ལམ་སོགས་ཀྱི་གཙོ་གནད་ལས་གཞི་སྐོར་ཞིག་ཀྱང་ཚེས10ཉིན་ལས་འགོ་བརྩམས་ཏེ། དེའི་ཁྲོད་དུ་ཧུའུ་ནན་ཧེང་དབྱང་ནས་ ཀོང་ཞི་ནན་ཉིང་བར་དང་། ཀོས་ཀྲིག་ཀུའེ་དབྱང་ནས་ཀོང་ཞི་པེ་ཧའེ་བར་སོགས་ཀྱི་མྱུར་བགྲོད་གཞུང་ལམ་ཚུད་ཡོད་པར་མ་ཟད། ད་རུང་བྱང་རྒྱུད་མཚོ་ཁུག་གྲུ་ཁ་ཡི་ཆིན་ཀྲིག་གྲུ་ཁའི་ས་ཁུལ་དང་། ཧྥང་ཁྲེང་གྲུ་ཁ་བཅས་ཏུན་སུམ་འབུམ་རིམ་པའི་གྲུ་ཁར་སྐྱོད་པའི་གྲུ་ལམ་བཟོ་སྐྲུན་སོགས་འདུས་ཏེ། ཀོང་ཞིའི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་སྔར་ལས་འཐུས་ཚང་བཏང་ནས་གྲུ་ཁའི་གྲུ་གཟིངས་ཤར་གཏོང་ནུས་པ་ཆེ་རུ་གཏོང་རྒྱུ་རེད།

ཚེས10ཉིན་གྱི་ཐོ་རེངས་སུ། སྐར་མ30རིང་བར་སྣང་དུ་འཁོར་སྐྱོད་བྱས་ཏེ། ཧྲེན་ཅང་མྱུར་བགྲོད་ལྕགས་ལམ་ཀོང་ཀྲུང་ཅང་ཟམ་ཆེན་ཀོང་ཀྲིག་ཀྲུའུ་ཧའེ་བརྒལ་བའི་ཟོང་འདྲེན་ལྕགས་ལམ་ཤར་གཏོང་ཐུབ་པས། འདིས་ཧྲེན་ཅང་མྱུར་བགྲོད་ལྕགས་ལམ་གྱི་གདུང་མའི་ཨར་ལས་ཀྱི་འགག་རྩ་ལེགས་འགྲུབ་བྱུང་བ་མཚོན། ཧྲེན་ཅང་མྱུར་བགྲོད་ལྕགས་ལམ་གྱིས་ཧྲེན་ཀྲེན་དང་ཏུང་ཀོན། ཀོང་ཀྲིག ཀྲུང་ཧྲན། ཅང་མོན་སོགས་སྦྲེལ་ཏེ། ཀོང་ཏུང་དང་ཞང་ཀང་ཨའོ་མོན་མཚོ་ཁུག་ཆེན་མོའི་ལྕགས་ལམ་འགྲིམ་འགྲུལ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་ཧྲེན་ཀྲེན་ཆན་ཧའེ་རང་མོས་ཉོ་ཚོང་ས་ཁུལ་དང་ཀོང་ཀྲིག་ནན་ཧྲ་རང་མོས་ཉོ་ཚོང་ས་ཁུལ་བར་དུ་དུས་ཚོད་ཕྱེད་ཀས་ཐད་ཀར་ཐོན་རྒྱུ་རེད། ཞ་མོན་ཞང་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་གི་འཛུགས་སྐྲུན་ཡུལ་དངོས་སུ། ད་ལྟ་རྒྱལ་ནང་གི་ གློག་འདོན་འཕྲུལ་འཁོར་གྱི་ཤོང་ཚད་ཆེས་ཆེ་བའི་མཁའ་འགྲུལ་ས་ཚིགས་ཐོག་ཁང་གི་གྱང་ངོས་འོད་བརྟེན་གློག་འདོན་མ་ལག་ཉེ་སྔོན་སྒྲིག་སྦྱོར་ལེགས་འགྲུབ་བྱུང་སྟེ། ལོ་རེའི་གློག་འདོན་ཚད་ཏུའུ་བྱེ་བ་གཅིག་ས་ཡ་གསུམ་ལ་སླེབས་ཐུབ་པ་དང་ལོ་ཧྲིལ་བོར་ཐཱན་ཏུན་ཆིག་ཁྲི་ཡན་ཇེ་ཉུང་དུ་གཏོང་ཐུབ། འཕུར་སྐྱོད་ས་ཁུལ་གྱིས་ཀྱང་ས་ཁོངས་ཡོངས་ཀྱི་ཨར་འདམ་ལམ་ངོས་ཀྱི་བཤམ་ཚོང་དང་གློག་འོད་སྒྲིག་སྦྱོར་དང་སྙོམ་སྒྲིག་ཚོད་ལྟ་སོགས་ཀྱི་བྱ་བ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་དེ། ལོ་མཇུག་ཏུ་གནམ་གྲུ་ཤར་གཏོང་བྱས་རྗེས་ལོ་རེར་འགྲུལ་པ་མི་ཐེངས་བྱེ་བ་བཞི་ས་ཡ་ལྔ་སྐྱེལ་འདྲེན་བྱེད་པ་དང་ལོ་རེར་གནམ་གྲུ་ཐེངས་སུམ་འབུམ་བརྒྱད་ཁྲི་འཕུར་འབབ་བྱེད་པའི་དགོས་མཁོ་སྐོང་ཐུབ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།