རྒྱལ་ཁབ་ལ་དབང་བའི་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་མཐོར་འདེགས་གཏོང་བའི་བྱ་སྤྱོད་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་དང་། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲུང་སྐྱེལ་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་དང་ཞབས་འདེགས་ཞུ་བ། ནོར་སྲིད་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཕན་དངུལ་རྩ་དང་ལྗང་མདོག་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྤུས་ཚད་མཐོ་བའི་“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་བཅས་བྱས་ཡོད། འདི་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་མཚོན་རྟགས་རང་བཞིན་གྱི་བསྒྱུར་བཅོས་དོན་འཁྱོལ་བྱེད་པར་སྐུལ་འདེད་དང་ཕན་འབྲས་ཐོན་པར་བཀོད་སྒྲིག་གསར་པ་བྱས་ཡོད་པ་དང་། འཐུས་མི་ཨུ་ཡོན་གྱིས་ཇི་ལྟར་བྱས་ནས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་དམིགས་ནས་བསམ་ཚུལ་གྲོས་མོལ་དང་གྲོས་འགོ་བཏོན་ཡོད།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་དང་པོའི་ཡོན་ཀྲང་གཞོན་པ་རེན་དབྱིན་གྱིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཐོག་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཏིང་ཟབ་ཏུ་བཏང་བ་བརྒྱུད་ཞིང་ཆེན་རིམ་པའི་སྨན་ཁང་གི་རིགས་གཅིག་མཁས་ཅན་ང་ཚོའི་གཞི་རིམ་སྨན་ཁང་དུ་མངགས་ནས་ལག་པ་བརྒྱབ་སྟེ་གཞི་རིམ་ལ་ཁྲིད་མི་ཐུབ་པའི་སྨན་བཅོས་དཔུང་ཁག་ཅིག་བཞག་ཡོད། “དྲ་སྦྲེལ་+སྨན་བཅོས”ཀྱི་རྣམ་པ་བཏོན་ཏེ། མི་སེར་ལ་“བར་ཐག་མེད་པའི”སྨན་བཅོས་ཞབས་ཞུ་སྤུས་ལེགས་ལོངས་སུ་སྤྱོད་ཐུབ་པ་དང་། ནད་པ་ཁྱིམ་ནས་མ་བུད་པར་རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པས། མང་ཚོགས་ལ་སྟབས་བདེ་དང་ཕན་བདེ་མང་པོ་འཕྲད་ཡོད།
གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་རེན་དབྱིན་གྱིས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ཉན་རྗེས་བརྗེད་མི་རུང་བ་དང་སྤྱིར་བཏང་མིན་པའི་ལོ་གཅིག་ནང་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། འབད་བརྩོན་ཆེན་པོས་མདུན་སྐྱོད་བྱས་ཏེ། དམངས་སེམས་དྲོ་སྐྱིད་དང་དམངས་འཚོ་ཕན་པ་ཐོབ་པའི་དོན་དངོས་མང་པོ་བསྒྲུབས་ཡོད་པ་ཚོར་ཟབ་མོ་བྱུང་། ཁོང་གིས་སྙན་ཞུའི་ནང་བཀོད་སྒྲིག་བྱས་པའི་ལས་འགན་གཞིར་བཟུང་སྨན་ཁང་ཆེད་ལས་ཚན་ཁག་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཏེ་སྣ་མང་ཅན་གྱི་སྤུས་ལེགས་དམངས་སྟབས་བདེ་ཞབས་ཞུར་སྐུལ་འདེད་ཧུར་ཐག་བཏང་ནས་DRGགྲོན་དངུལ་སྤྲོད་པའི་སྒྱུར་བཅོས་ཞིབ་ཕྲ་དོན་འཁྱོལ་བྱས་ཏེ་མང་ཚོགས་ལ་སྨན་བཅོས་ལག་རྩལ་ཕུལ་དུ་བྱུང་བ་དང་སྨན་རྫས་ཀྱི་རིན་གོང་འོས་འཚམ་གྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། དེ་དང་ཆབས་ཅིག་མཚོ་བོད་ས་མཐོའི་དོན་དངོས་གཞིར་བཟུང་ས་མཐོའི་ནད་རིགས་ལ་དམིགས་ནས་བདེ་ཐང་ཚན་རིག་ཁྱབ་གདལ་དང་། བདེ་ཐང་གཟུགས་བལྟ། གནད་ལ་འཁེལ་བའི་སྨན་བཅོས་བཅས་ཡག་པོ་བྱས་ཏེ་ས་མཐོའི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཏེ་བདེ་ཐང་གི་མཚོ་སྔོན་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་ཏང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྲིས་པའི་བརྗིད་ཉམས་ལྡན་པའི་འཆར་གཞི་གཞིར་བཟུང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་མགྱོགས་མྱུར་འཛུགས་སྐྲུན་བྱས་ནས་ཐོན་སྐྱེད་ནས་བཀོལ་སྤྱོད་བར་གྱི་འབྲེལ་ཐག་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། མཚོ་སྔོན་ལི་ཧའོ་འདྲེན་གཟུགས་ཕུང་གསུམ་རྒྱུ་ཆ་ཚད་ཡོད་ཀུང་སིའི་ཏང་སྤྱི་ཁྱབ་ཀྲང་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཏོན་ཡུང་གིས་མཚོ་སྔོན་འོད་གློག་ཐོན་ལས་འབྲེལ་ཐག་གི་འགོ་ཁྲིད་ཁེ་ལས་ཤིག་ཡིན་པའི་མཚོ་སྔོན་ལི་ཧའོ་ཡིས་ཐོག་མཐའ་བར་གསུམ་དུ“བདེ་འཇགས་དང་། ལྗང་གཞོ། རིག་ནུས་བཅས་ཀྱི་གཉེར་སྐྱོང་འདུ་ཤེས་རྒྱུན་འཁྱོངས་དང་། སྒྱུར་བཅོས་ཀྱི་བསམ་གཞིགས་མཐའ་འཁྱོངས་བྱས་ནས་ཞིབ་འཇུག་གསར་སྤེལ་དང་བཟོ་རྩལ་གསར་གཏོད་ལ་མ་འཇོག་ཧུར་ཐག་བྱས་ཏེ། མཐོ་རིམ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ཡོད།
མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་དང་ནུས་ཁུངས་ཀྱི་ལེགས་ཆ་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་བསྒྱུར་རྒྱུར་དམིགས་ནས་ཏོན་ཡུང་གིས་ནུས་རྒྱུའི་ཐོན་ལས་གྲུབ་ཆ་ལེགས་སུ་གཏོང་བ་དང་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་གཙང་མའི་ཐོན་ལས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ནུས་ཁུངས་འཛད་སྤྱོད་ཁྲོད་ཀྱི་ནུས་ཁུངས་གཙང་མའི་བསྡུར་ཚད་མཐོ་རུ་གཏོང་བ། ནུས་ཁུངས་གཙང་མའི་ཐོན་ལས་འབྲེལ་ཐག་གོང་འོག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། “མཚོ་སྔོན་གྱིས་བཟོས་པ་དང་མཚོ་སྔོན་གྱིས་སྤྱོད་པའི”མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ནུས་ཁུངས་གཙང་མའི་ཐོན་ལས་འབྲེལ་ཐག་ཆ་ཚང་ཞིག་ཆགས་པ་དང་། ནུས་ཁུངས་གཙང་མའི་ལེགས་ཆར་བརྟེན་ནས་ནུས་གསོག་ཐོན་ལས་དང་ཆིང་ནུས་ཐོན་ལས་སོགས་ནུས་ཁུངས་གཙང་མ་དང་འབྲེལ་བ་ཡོད་པའི་གསར་དར་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་དགོས། ནུས་ཁུངས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་སྔར་བས་མགྱོགས་སུ་གཏོང་བ་དང་། གློག་དྲ་བའི་སྐྱེལ་འདྲེན་ནུས་པ་དང་གློག་ཤུགས་མ་ལག་སྙོམས་སྒྲིག་ནུས་པ་ཆེ་རུ་གཏོང་བ། མཚོ་སྔོན་གྱི་ནུས་ཁུངས་དང་ཐོན་ལས་དུས་མཉམ་སྐྱོན་བྲལ་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་རོགས་རམ་བྱས་ཏེ། རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་ཚད་ལ་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
དངོས་ཚན་དཔལ་འབྱོར་ནི་དམངས་གཉེར་དཔལ་འབྱོར་གྱི་འགག་རྩའི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས། དེའི་འཕེལ་རྒྱས་གནས་ཚུལ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། འོན་ཀྱང་ཉེ་བའི་ལོ་ཤས་རིང་གློག་རྡུལ་ཚོང་ལས་ཤུགས་ཆེན་ངང་དར་རྒྱས་བྱུང་བས། སྲོལ་རྒྱུན་གྱི་དངོས་ཚན་དཔལ་འབྱོར་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད། ཇི་ལྟར་བྱས་ནས་གློག་རྡུལ་ཚོང་དོན་གྱི་ཕོག་ཐུག་ལ་ཁ་གཏད་ཧུར་ཐག་བཏང་ནས་ཞིང་ཆེན་གྱི་དངོས་ཚན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་མཁའ་ཐང་གྲུ་ཁ་ཚོང་དོན་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཅ་ཧྲེང་པིན་གྱིས་མིག་མདངས་དེ་ལ་དམིགས་པ་རེད། ཁོང་གིས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་ཀྱི་ལུགས་མཐུན་རང་བཞིན་དང་། ཚན་རིག་རང་བཞིན། ཡུན་རིང་རང་བཞིན་བཅས་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད། དངོས་ཚན་དཔལ་འབྱོར་ལ་དམིགས་པའི་རོགས་སྐྱོར་སྲིད་ཇུས་དཔེར་ན། ཁྲལ་བསྡུའི་ཆག་ཡང་དང་ཆག་ཡང་དང་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་སོགས་གཏན་འབེབས་དང་འཐུས་ཚང་དུ་བཏང་ནས་དངོས་ཚན་དཔལ་འབྱོར་གྱི་གཉེར་སྐྱོང་མ་གནས་དམའ་རུ་གཏོང་དགོས། དངོས་ཚན་ཁེ་ལས་ཀྱིས་དྲ་སྦྲེལ་ལག་རྩལ་སྤྱད་དེ་རིགས་བསྒྱུར་རིམ་སྤོར་བྱེད་པ་དང་། དྲ་ཐོག་དང་དྲ་འོག་མཉམ་འདྲེས་གཉེར་སྐྱོང་བྱེད་པ། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་བསྔགས་སྐུལ་བྱ་དགོས། ཟོག་འགྲེམས་སྡེབ་སྐྱེལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཟོག་འགྲེམས་སྡེབ་སྐྱེལ་གྱི་མྱུར་ཚད་དང་ཡང་དག་རང་བཞིན་ཆེ་རུ་གཏོང་དགོས། གློག་རྡུལ་ཚོང་དོན་ལས་སྟེགས་དང་དངོས་ཚན་ཁེ་ལས་དབར་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་གྲངས་གཞི་མཉམ་སྤྱོད་དང་། ཐབས་ལམ་སྡེབ་སྒྲིགལེགས་ཆ་གསབ་རེས་བཅས་མངོན་འགྱུར་བྱ་དགོས། དུས་མཚུངས་སུ་དངོས་ཚན་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་ལྡན་མི་སྣར་སྐུལ་མ་གཏོང་བའི་ལམ་སྲོལ་འཐུས་ཚང་ཞིག་འཛུགས་དགོས། ལས་རིགས་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དངོས་ཚན་དཔལ་འབྱོར་གྱིས་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་དགོས་མཁོ་སྐོང་དགོས།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་མཚོ་སྔོན་དགེ་འོས་སློབ་ཆེན་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧན་ཆིང་ཡུས་ཀྱིས་དེང་སྐབས་ཆ་འཕྲིན་ཅན་དང་གྲངས་གཞི་ཅན་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྒྱབ་ལྗོངས་འོགམིས་བཟོས་རིག་ནུས་དང་གྲངས་གཞི་ཆེན་པོའི་ལག་རྩལ་མཉམ་འདྲེས་བཀོལ་སྤྱོད་བྱས་པ་དེས་རང་ཞིང་ཆེན་གྱི་ཐོན་ལས་ཀྱི“ས་གནས་བཞིའི”འཛུགས་སྐྲུན་ལ་གོ་སྐབས་དང་ཁ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད། མིས་བཟོས་རིག་ནུས་བཀོལ་སྤྱོད་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་འཛུགས་པ་དང་ཞིང་ཆེན་གྱི་ཐོན་ལས་ཀྱི་“ས་གནས་བཞི”འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པའི་གྲོས་འགོ་བཏོན་ཡོད། ཐོན་སློབ་ཞིབ་འཇུག་མཉམ་འབྲེལ་ལ་ཤུགས་སྣོན་བརྒྱབ་སྟེ་མཐོ་སློབ་དང་ཚན་རིག་ཞིབ་འཇུག་ཁང་གིས་རང་ཞིང་ཆེན་གྱི་ཐོན་ལས་ཀྱི་“ས་གནས་བཞིའི”དགོས་མཁོར་དམིགས་ནས་དམིགས་སའི་རང་བཞིན་ལྡན་པའི་ཞིབ་འཇུག་དང་ལག་རྩལ་འགག་སྒྲོལ་བྱ་རྒྱུར་སྐུལ་མ་གཏོང་བ་དང་དུས་མཚུངས་ཁེ་ལས་དང་མཐོ་སློབ་དབར་མཉམ་ལས་བྱེད་པར་ཁྲིད་སྟོན་བྱས་ནས་ལག་རྩལ་སྤོ་སྒྱུར་དང་གྲུབ་འབྲས་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཆེད་ལས་ཀྱི་མིས་བཟོས་རིག་ནུས་གསར་གཏོད་ལས་གཏོད་རྒྱབ་སྐྱོར་སྟེགས་བུ་བཙུགས་ནས་ཕུལ་བྱུང་ལས་གཏོད་ཚོགས་པ་དང་ཚན་རྩལ་ཤེས་ལྡན་མི་སྣ་ཞུགས་རྒྱུའི་ཡིད་དབང་འགུག་ནས་མ་དངུལ་དང་། སྲིད་ཇུས། ཁྲོམ་ར་སོགས་ཕྱོགས་མང་པོའི་ཐད་ནས་རྒྱབ་སྐྱོར་བྱས་ཏེ་གསར་དར་ཁེ་ལས་མགྱོགས་མྱུར་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་གཏོང་རྒྱུར་རོགས་རམ་བྱེད་དགོས། མིས་བཟོས་རིག་ནུས་ལག་རྩལ་བཀོལ་སྤྱོད་དང་ཁྱབ་སྤེལ་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གྱི་རོགས་སྐྱོར་མཁོ་འདོན་བྱས་ནས་འབྲེལ་ཡོད་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས། སྒོ་འབྱེད་དང་། མཉམ་སྤྱོད། མཉམ་ལས་བཅས་ཀྱི་གྲངས་འཛིན་དཔལ་འབྱོར་སྐྱེ་ཁམས་མ་ལག་ཅིག་བཙུགས་ནས་ཐོན་ལས་ཁག་དབར་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།