ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ཚོགས་ཁང་དུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་ཡང་ཡང་གྲགས་བྱུང་། ཐལ་མོ་རྡེབ་པ་དེ་ནི་ཁས་ལེན་བྱས་པ་དང་། ཐུན་མོང་གི་ངོས་འཛིན་ཡིན་པ། མཐུན་སྒྲིལ་གཅིག་གྱུར་དང་འགག་སྒྲོལ་དཀའ་ངལ་ཁྱད་བསད་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བཅས་རེད། འཐུས་མི་ཨུ་ཡོན་རྣམས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ཡིག་ཕྲེང་གི་ནང་ནས་གྲུབ་འབྲས་ཐོབ་པའི་དགའ་སྤྲོ་དང་འབྱུང་འགྱུར་ལ་ཡིད་ཆེས་ཡོད་པ་ཚོར་ཐུབ།
གཟི་བརྗིད་ལྡན་པའི་དཔལ་འབྱོར་གྱི་གྲངས་གཞི་ལས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དབྱར་མཚོ་རྒྱས་པའི་རྗེས་ཤུལ་མཚོན་པ་དང་། དྲོ་སྐྱིད་ལྡན་པའི་དམངས་འཚོ་དྲིས་ལན་གྱིས་ས་མཐོའི་བུ་ཕྲུག་གི་སེམས་ལ་སེམས་གསོ་བྱེད་ཀྱི་ཡོད། དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ནས་མཚོ་སྔོན་གྱི་མདུན་སྐྱོད་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སྲིད་གཞུང་གི་ལས་དོན་སྙན་ཞུར་ས་གནས་ས་ཐོག་གི་འཐུས་མི་ཨུ་ཡོན་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་རེད།
འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་བལྟས་ཚེ། མཚོ་སྔོན་ལ་འཕྲད་པའི་འགྲན་སློང་ནི་སྔར་བྱུང་མྱོང་མེད་པ་དང་འབད་བརྩོན་བྱས་པ་ནི་རྒྱུན་ལྡན་ལས་བརྒལ་བ། ཐོབ་པའི་གྲུབ་འབྲས་ནི་མི་རྣམས་ལ་སྐུལ་མ་ཐེབས་པ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2.7%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་5.2%། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་5.4%འཕར་ཡོད…སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དྲིས་ལན་གསར་པ་དེར་རྒྱུན་ཆད་མེད་པར་ཐལ་མོ་རྡེབ་པ་ཐོབ་པ་དང་། ཐལ་མོ་རྡེབ་པ་དེ་ནི་འབད་བརྩོན་བྱེད་མཁན་ལ་བསྔགས་བརྗོད་བྱས་པ་ཞིག་དང་འབད་བརྩོན་སྙིང་སྟོབས་ལ་བསྔགས་བརྗོད་བྱས་པ་ཞིག་རེད།
སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང“གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས”ཞེས་གླེང་སྐབས། ཞིང་ཆེན་མི་དམངས་འཐུས་མི་འཐུས་མི་ཟི་ལིང་གྲོང་ཁྱེར་ཁྲེང་པེ་ཆུས་ཐའོ་པེ་གྲོང་ཚོའི་ཏང་སྤྱི་ཁྱབ་ཡན་ལག་ཧྲུའུ་ཅི་ཁྲེན་ཅུན་ལིའང་གི་སེམས་ལ་ཚོར་སྣང་ཟབ་མོ་བྱུང་། ཁོང་གིས“འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཞིབ་ཚགས་ངང་གསར་བཟོ་བྱས་ཏེ། ཐའོ་པེ་གྲོང་ཚོར་མུའུ་བརྒྱ་ཡི་མེ་ཏོག་གི་རྒྱ་མཚོ་བསྐྲུན་ནས་གྲོང་མིར་ཕྱུག་འགྱུར་གྱི་ཐབས་ལམ་དེ་བས་མང་བ་བཏོད་ཡོད། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་གྲོང་གསེབ་དར་རྒྱས་ལས་བྱུང་བའི་ཕན་བདེ་མང་པོ་ཞིག་ང་ཚོས་མིག་ནང་དུ་མཐོང་བ་དང་སེམས་སུ་དགའ་པོ་བྱེད་ཀྱི་ཡོད། གྲོང་མི་ཚོའི་གདོང་ཐོག་འོད་སྟོང་འཕྲོ་བའི་འཛུམ་མདངས་ལས་ང་ཚོས་ཁོང་ཚོའི་ཏང་གི་བཀའ་དྲིན་ལ་བཀའ་དྲིན་ཞུས་པ་དང་། ཏང་གི་སྐད་ཆ་ཉན་པ། ཏང་དང་མཉམ་དུ་བསྐྱོད་པའི་ཆོད་སེམས་བརྟན་པོ་དང་ཡིད་ཆེས་ཀྱིས་ཁེངས་པ་གསལ་པོར་མཐོང་ཐུབ། ཚོགས་འདུ་མཇུག་འགྲིལ་མ་ཐག་ཁོང་གིས་གྲོང་ཚོའི་ཡུལ་མི་རྣམས་དང་ཚོགས་འདུའི་དགའ་སྤྲོ་དང་གྲུབ་འབྲས་མཉམ་སྤྱོད་བྱས་ཤིང་། བྲེལ་འཚུབ་ཆེ་བའི་གྲིབ་གཟུགས་དེ་ནི་རེ་བའི་མེ་སོན་བརྒྱུད་སྤྲོད་བྱས་པ་ལྟ་བུ་རེད།
ཐལ་མོ་རྡེབ་པའི་རྒྱབ་ཏུ་འཕེལ་རྒྱས་ལས་བྱུང་བའི་དགའ་སྤྲོ་འདུས་པ་མ་ཟད། དམངས་འཚོ་གི་དྲོ་སྐྱིད་ཀྱང་བཞུར་བཞིན་ཡོད། དམངས་འཚོ་གནད་དོན་སྐོར་གླེང་སྐབས་ཐལ་མོ་རྡེབ་སྒྲ་རྣ་པར་ཐུག་པ་དང་ཡུན་རིང་ཞིང་གྲང་གྲགས། འདས་ཟིན་པའི་ལོ་གཅིག་ནང་དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེན་པོའི་འོག་མཚོ་སྔོན་གྱི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཅུང་ཙམ་ཡང་ཞན་མེད། ནོར་སྲིད་ཀྱིས་དམངས་འཚོ་གཏོང་སྒོའི་ཐད་སྤྱོད་པའི་བསྡུར་ཚད་76%ཟིན་ཞིང་། ལོ་འགོར་གཏན་འཁེལ་བྱས་པའི་དམངས་འཚོ་དོན་དག་ཁག་ཆེན་པོ་བཅུ་དང་ཁག་44ཚང་མ་ལེགས་འགྲུབ་བྱུང་ནས་མང་ཚོགས་ཁག་གཅིག་གི་ཛ་དྲག་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་ཡོད། ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལི་ཧུང་གིས་དེ་ཐོས་སྐབས་སེམས་འགུལ་ཐེབས་པའི་སེམས་ཁམས་ཀྱིས་སྐད་ཆ་ཤོད་མི་ཐུབ་པར་ཐལ་མོ་རྡེབ་པ་རེད། ཁོང་གིས་སེམས་ཁྲལ་ཆེན་པོས་“དམངས་ཕན་བྱེད་ཐབས་རབ་དང་རིམ་པ་དེ་དག་ནི་དུས་ཐོག་གི་ཆར་པ་རེ་རེ་བཞིན་དང་འདྲ་བས། མི་སེར་རྣམས་ཀྱི་སྡོད་གནས་བདེ་བླག་དང་། སེམས་བདེ་བ། ལས་ལ་སྤྲོ་བ་བཅས་ཏན་ཏིག་ཡོང་བར་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཞིབ་ཕྲ་ཞིག་ཚོར་ཐུབ་པ་བྱུང་ཡོད”ཅེས་བཤད།
རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་75%བཟུང་བ་དང་། ས་ཆ་སྔོ་འགྱུར་མུའུ་ཁྲི་624གསར་དུ་བསྣན་པ། ནགས་ཚལ་དང་རྩྭ་ཡི་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད་60%ཡན་ལ་སླེབས་ཡོད། ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཟི་ལིང་གྲོང་ཁྱེར་ནན་ཧྲན་སྔོ་འགྱུར་བཀོད་འདོམས་པུའུ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཐའོ་ཅིན་གྱིས་སེམས་ཀྱི་གཏིང་ནས་“འདི་ནི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཆེས་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད”ཅེས་བསྔགས་བརྗོད་བྱས། ཁོང་གིས“འབད་བརྩོན་ལྷད་མེད་བྱས་པ་བརྒྱུད། ཟི་ལིང་གི་ལྷོ་བྱང་རི་བོའི་སྔོ་ལྗང་རྒྱ་ཁྱོན་མུའུ་ཁྲི་51.6ཟིན་ཞིང་། ནགས་ཚལ་ཁེབས་ཚད་ཐོག་མའི་7.2%ནས་79%བར་འཕར་བ་དེ་ནི་མཚོ་སྔོན་གྱི་སྣོད་བཅུད་ཤེས་རིག་འཛུགས་སྐྲུན་གྱི་སྙན་ངག་གཟབ་རྒྱས་ཤིག་རེད། ནགས་ལས་མ་ལག་གི་འཐབ་ཕྱོགས་དང་པོ་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ང་ལ་འགན་འཁྲི་ཧ་ཅང་ཆེན་པོ་ཡོད་པ་དང་། ཆབ་སྲིད་ཀྱི་གནས་བབ་སྔར་ལས་མཐོ་བ་དང་། རིམ་པ་སྔར་ལས་ཕུན་སུམ་ཚོགས་པ། མཐོང་རྒྱ་སྔར་ལས་རྒྱ་ཆེ་བ་བཅས་ཀྱི་ཐོག་ནས་མཚོ་སྔོན་གྱི་སྣོད་བཅུད་འཛུགས་སྐྲུན་ལ་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད་བཅས་བྱས་ཏེ་རང་ཉིད་ཀྱི་མིག་སྲུང་སྐྱོབ་བྱེད་པ་དང་འདྲ་བར་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཆུ་ལྗང་དང་རི་སྔོ་ལྗང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན། ”
ཐལ་མོ་རྡེབ་པའི་རྒྱབ་ཏུ་སྲིད་གཞུང་གི་ལས་དོན་ལ་ཚད་མཐོའི་ཁས་ལེན་བྱས་པ་ཡིན་ལ། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ད་ལོར་ད་དུང་སྣོད་བཅུད་སྲུང་སྐྱོང་བཅོས་སྐྱོང་གི་རྣམ་པ་ཆེན་པོ་མུ་མཐུད་འཛུགས་རྒྱུ་ཡིན་ཞེས་བཏོན་པ་ཐོས་སྐབས། ཐའོ་ཅིན་གྱིས་མྱུར་དུ་ནན་ཏན་གྱིས་བྲིས་ཏེ། ཁོང་གི་ཟིན་བྲིས་ནང་འབད་འཐབ་ཀྱི་དམིགས་འབེན་ཆུང་ཆུང་རེ་རེ་བཞིན་སྔར་བས་གསལ་པོ་བྱུང་ཡོད། དེ་ནི་འབྱུང་འགྱུར་ལ་བཅངས་པའི་རེ་འདུན་ཡིན་ལ་ལས་འགན་ལ་འགན་འཁུར་བ་ཡང་ཡིན།
འདས་ཟིན་པའི་ལོ་གཅིག་ནང་གྲུབ་འབྲས་ཐོབ་པ་ནི་དངོས་གནས་ལས་སླ་མོ་ཞིག་མ་རེད། མཚོ་སྔོན་གྱིས་དཀའ་ངལ་མང་པོའི་ཁྲོད་སྔར་བཞིན་སྲ་བརྟན་དང་ནུས་ལྡན་གྱི་གོམ་སྟབས་སྤོས་ཡོད། ལོ་གསར་བར་རྒྱང་ལྟ་བྱས་ཚེ། བརྗིད་ཉམས་ལྡན་པའི་མཛེས་སྡུག་ལྡན་པའི་འཆར་གཞི་ཞིག་མིག་མདུན་དུ་དལ་གྱིས་འགྲེམས་སྤེལ་བྱས་ཏེ། ཡིད་ཆེས་བརྒྱུད་སྤྲོད་བྱེད་པ་དང་མི་སེམས་ལ་སྐུལ་མ་གཏོང་བཞིན་ཡོད། ལོ་ཧྲིལ་པོའི་ལས་ཀའི་“ཨར་ལས་རི་མོ”“ཡུལ་ལྗོངས་དངོས་ཀྱི་རི་མོར”ཇི་ལྟར་བྱས་ནས་བསྒྱུར་རྒྱུ་དེ་འཐུས་མི་ཨུ་ཡོན་ཚོས་སྔ་ས་ནས་རང་ཉིད་ཀྱི་ལས་ཀའི་ལག་དེབ་བྲིས་ཡོད་པ་དེ་ནི་འགན་འཁྲི་གཅིག་སྡུད་བྱས་པ་ཞིག་ཡིན་ལ། མཚོ་སྔོན་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཁས་ལེན་གཟབ་ནན་བྱས་པ་ཞིག་ཀྱང་རེད།