ཝུའུ་ཞའོ་ཅུན་ཡུའུ་ཧྲུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ1པོའི་ཚེས21ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཡུའུ་ཧྲུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱས་པའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་གྱི་གྲོས་ཚོགས་གཉིས་ཀྱི་བཀོད་སྒྲིག་ལྟར་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་དང་ཆབ་སྲིད་ཀྱི་འགན་འཁྲི་སྟོབས་ཆེར་བཏང་སྟེ། མངགས་བཅོལ་ཡིད་ལ་བཅངས་སྟེ་དྲིན་གཟོ་མདུན་སྐྱོད་དང་དངོས་སྒྲུབ་ཡར་བརྩོན་བྱས་ཏེ་འགན་འཁྲིའི་འདུ་ཤེས་དང་བྲེལ་འཚུབ་ཀྱི་འདུ་ཤེས་མཐོན་པོས་ངོས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་གྱི་ཡུའུ་ཧྲུའུ་ཡི་ལེའུ་གསར་པ་འབྲི་དགོས།

གྲོས་ཞིབ་བྱེད་སྐབས་འཐུས་མི་ཚའེ་ཁྲེང་ཡུང་དང་ལུང་ཚོ། ཐན་ཁྲེང་སོགས་ཀྱིས་སྔ་རྗེས་སུ་བདེ་ཐང་དང་དེང་རབས་བདེ་སྐྱིད་ལྡན་པའི་ཡུའུ་ཧྲུའུ་གསར་པ་འཛུགས་སྐྲུན་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། སྐྱེ་ཁམས་ཞིང་ཕྱུགས་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན། ཝུའུ་ཞའོ་ཅུན་ གྱིས་འཐུས་མི་ཚོ་དང་གྲོས་ཞིབ་བྱེད་སྐབས་འདས་ཟིན་པའི་ལོ་གཅིག་ནང་ཡུའུ་ཧྲུའུ་ཡིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་དྲིན་གཟོའི་སེམས་པ་དེ་དཀའ་སེལ་འགག་སྒྲོལ་བྱེད་པའི་ཡིད་ཆེས་དང་བློ་སྟོབས་ཆེན་པོ་དང་མདུན་སྐྱོད་བྱེད་པའི་ཆོད་སེམས་སུ་བསྒྱུར་ནས་ལས་དོན་ཁག་ལ་གྲུབ་འབྲས་ལེགས་པོ་ཐོབ་པར་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་གོང་འོག་ཀུན་གྱི་བསམ་བློའི་རྣམ་པ་གསར་པ་དང་ནུས་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོར་འདེགས། ཁ་ཕྱོགས་དང་ཐབས་ལམ་སྔར་བས་གསལ་པོ། འཕེལ་རྒྱས་ཀྱི་མདུན་ལམ་སྔར་བས་རྒྱ་ཆེན་པོ་ཡོད་དགོས་ཅེས་བཤད།

ཝུའུ་ཞའོ་ཅུན་གྱིས་ཡུའུ་ཧྲུའུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སེམས་ལ་ཐོགས་པའི་ས་ཆ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སེམས་ཁུར་དང་རེ་བཞག་གལ་ཆེན་ནི་ང་ཚོ་དཀའ་ངལ་དང་འགྲན་སློང་ཐམས་ཅད་ལས་རྒྱལ་བའི་ཡིད་ཆེས་དང་སྤོབས་པ་ཡིན་ལ། བཅོས་བསྒྱུར་འཕེལ་རྒྱས་དང་ལས་དོན་ཐམས་ཅད་བརྟན་ཐོག་འཕེལ་རྒྱས་སུ་གཏོང་བའི་བྱ་བ་ལེགས་འགྲུབ་ཀྱི་འགན་འཁྲི་དང་སྒུལ་ཤུགས་ཡིན། བློ་བརྟན་འགྱུར་མེད་ངང་ཏང་ལ་དྲིན་གཟོ་བ་དང་ཏང་གི་རྗེས་སུ་འབྲང་ནས། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་བཅས་ལ་དྲིན་གཟོ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞེངས་པའི་བརྗིད་ཉམས་ལྡན་པའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་ལྕོག་སྲུང་སྐྱོང་པ་ཡག་པོ་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱས་ཏེ།སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་འགན་ལེན། ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དཔེ་མཚོན་གཏོད་པའི་ཁྲོད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས། བློ་བརྟན་འགྱུར་མེད་ངང་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་དང་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུར་དམིགས་ནས། ཞིང་འབྲོག་ཐོན་རྫས་གཞི་ཁྱོན་ཅན་དང་ཚན་རྩལ་ཅན། སྤུས་རྟགས་ཅན། ཚོང་ར་ཅན་བཅས་ལ་སྐུལ་འདེད་གཏོང་བ་དང་། ཆིང་ནན་ས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཕར་ཚད་གསར་པ་སྐྱེད་སྲིང་བྱས་ཏེ་ཚོང་དོན་དང་ཟོག་འགྲེམས་སྟོབས་ཆེར་གཏོང་དགོས། བློ་བརྟན་འགྱུར་མེད་ངང་དམངས་འཚོ་བདེ་སྐྱིད་འགན་སྲུང་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་རྒྱབ་ལྗོངས་འོག གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ཡག་པོ་བྱས་ཏེ་ཕྱིར་གཏོང་རྣམ་པའི་རྩོལ་ནུས་སྤུས་རྟགས་བསྐྲུན་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཏེ། ས་གནས་གཞན་དུ་སློབ་གཉེར་བྱས་པ་བརྒྱུད་མཐོ་སྒང་འབྲོག་ཁུལ་གྱི་སློབ་མར་དེ་བས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་དུ་འཇུག་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་རིམ་སྤར་དོན་དང་མཐུན་པར་སྤེལ་བ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཏིང་ཟབ་ཏུ་འཕེལ་བར་རྒྱུན་འཁྱོངས་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་འཐབ་འཛིང་གི་བློ་སྟོབས་མཐོན་པོ་སྐུལ་སྤེལ་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། རྣམ་པ་གསར་པ་དང་འགན་འཁྲི་གསར་པ། གྲུབ་འབྲས་གསར་པ་བཅས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥེང་དང་ཝང་ཅིང་ཀྲེ་གྲོས་ཞིབ་ལ་ཞུགས།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།