ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད།
(2025ལོའི་ཟླ1པོའི་ཚེས21ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་གྲོས་འཆམ་བྱུང་།)
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ2025ལོའི་ཟླ1པོའི་ཚེས18ནས21ཉིན་བར་ཟི་ལིང་དུ་བསྡུས།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཧྲིན་ཀྲང་གི་ལས་ཚབ་པ་ལུའོ་ཏུང་ཁྲོན་སོགས་མགོ་ཁྲིད་རྣམས་ཚོགས་འདུར་ཞུགས་ཏེ། ཚོགས་ཆེན་སྟེང་གི་གཏམ་བཤད་ལ་ཉན་པ་དང་ལས་རིགས་ཁག་གི་མཉམ་འབྲེལ་ཚན་ཆུང་གི་བགྲོ་གླེང་ལ་ཞུགས་ནས། སྲིད་གྲོས་བྱ་བ་དང་ཨུ་ཡོན་རྣམས་ཀྱིས་ལས་སྒྲུབ་དོན་གཉེར་བྱས་པའི་ཐད་གདེང་འཇོག་མཐོན་པོ་གནང་བ་མ་ཟད་རེ་བ་གསར་པ་བཏོན་པ་དེས། མི་དམངས་སྲིད་གྲོས་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་གང་ལེགས་གནང་བ་མཚོན་ཡོད། ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་འདུ་ཤེས་མཐོན་པོ་དང་རྣམ་པ་ལེགས་པོའི་སྒོ་ནས་གྲོས་ཚོགས་ལ་ཞུགས་ཏེ་སྲིད་ཞུགས་སྲིད་གླེང་དང་ཐབས་འདོན་ཇུས་འབུལ་བྱས་པ་དང་། ཐུན་མོང་གི་བསམ་བློའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་དོན་དངོས་ལག་ལེན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་དོན་དངོས་ལས་དོན་སྒྲུབ་པ་དང་། མི་དམངས་ཀྱི་ཆེད་དུ་རང་འགན་ལེགས་པོར་ཁུར་བའི་བརྩེ་སེམས་རབ་ཏུ་མངོན། ཚོགས་འདུ་ལེགས་པོར་ཚོགས་ཏེ་བདེ་བླག་ངང་མཇུག་བསྒྲིལ། འདི་ནི་དར་ཆ་མཐོན་པོར་སྒྲེང་བ་དང་མཐུན་སྒྲིལ་དམངས་གཙོ། སྟོབས་ཤུགས་མཉམ་སྒྲིལ། འཕེལ་རྒྱས་ལ་མཉམ་དུ་ཡར་སྐུལ་གཏོང་བའི་ཚོགས་ཆེན་ཞིག་རེད།
གྲོས་ཚོགས་ལས་མགོན་པོ་བཀྲ་ཤིས་ཀྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ནས་མཆོག་མཆན་བཀོད། ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་ཕུལ་བའི་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་མཆོག་མཆན་བཀོད། ཨུ་ཡོན་རྣམས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་ཏེ། ཧྲིན་ཀྲང་གི་ལས་ཚབ་པ་ལུའོ་ཏུང་ཁྲོན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད་གྲོས་བསྡུས་བྱས་པ་དང་། ཞིང་ཆེན་རིམ་པའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ། དེ་མིན་འབྲེལ་ཡོད་ཀྱི་སྙན་ཞུ་གཞན་པ་སོགས་ལ་ཉན་པ་མ་ཟད་བགྲོ་གླེང་བྱས་ཏེ་མོས་མཐུན་བྱུང་པ་མ་ཟད་བསམ་འཆར་དང་གྲོས་གཞི་ཡང་བཏོན།
གྲོས་ཚོགས་ལས། འདས་ཟིན་གྱི་ལོ་ངོ་གཅིག་ནི་ཀྲུང་གོ་གསར་པ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཀྱང་ཡིན སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་མཚོ་སྔོན་ལ་ཐེངས་གསུམ་པར་གཟིགས་ཞིབ་ཏུ་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས། མཐོ་སྒང་གི་བུ་དང་བུ་མོའི་བློ་སེམས་ཏང་ལ་འཁོར་ཏེ་འབད་འབུངས་ཡར་བརྩོན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ཇེ་བརྟན་ཏུ་བཏང་ཡོད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་གོང་འོག་ཚང་མ་མཐུན་སྒྲིལ་གྱི་སྣེ་ཁྲིད་པ་དང་། མངག་བཅོལ་ཡིད་ལ་བརྟན་པོར་འཛིན་པ་དང་བཀའ་དྲིན་དྲན་བཞིན་མདུན་དུ་སྐྱོད་པ། འབད་འབུངས་ཡར་བརྩོན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་ཁ་ཕྱོགས་སུ་དཔའ་ངར་མདུན་སྐྱོད་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སོ་སོར་གྲུབ་འབྲས་གསར་པ་བླངས་ཤིང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུན་དང་གཏན་འཇགས་ངང་ཇེ་ལེགས་སུ་ཕྱིན་པ། དཔལ་འབྱོར་འཁོར་སྐྱོད་གཏན་འཇགས་དང་བདེ་ཐང་ཡིན་པ། བཅོས་སྒྱུར་སྒོ་འབྱེད་རྒྱུན་མཐུད་ངང་གཏིང་ཇེ་ཟབ་ཏུ་འགྲོ་བ། དམངས་འཚོ་འགན་སྲུང་ནན་ཏན་དང་ནུས་ལྡན་ཏུ་གྱུར་པ། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མིའི་སེམས་གཏིང་དུ་ཟུག་པ། ཉེན་ཁ་དོགས་སོན་གོ་རིམ་དང་ནུས་ལྡན་ཡིན་པ། གཟབ་ནན་ངང་ཏང་སྐྱོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཁྲོད་སྲ་ཞིང་བརྟན་པའི་གོམ་པ་གསར་པ་ཞིག་སྤས་ཡོད་པའི་བསམ་ཚུལ་བསྟན།
ཚོགས་འདུ་ལས། འདས་ཟིན་གྱི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་བྱ་བའི་ཐད་གནང་བའི་དགོངས་པ་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་དོན་ཆེན་དང་ཞིང་ཆེན་གྱི་དོན་ཆེན། མི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་ལས་དོན་ལ་དམ་དུ་དམིགས་ཏེ་སྲིད་གྲོས་ཀྱི་འགན་ནུས་སོ་སོ་ངེས་པ་དོན་གྱིས་ལེགས་པོར་བསྒྲུབས་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་སྔར་བས་ཆེ་བ་དང་ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་ཚད་སྔར་བས་ནུས་ལྡན་ཡིན་པ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་བྱེད་པའི་དགེ་མཚན་སྔར་བས་མངོན་གསལ་དོད་པ། རྒྱུན་ལྡན་རང་བཞིན་དང་རྨང་གཞི་རང་བཞིན་གྱི་ལས་དོན་སྔར་བས་ནན་ཏན་གྱིས་སྤེལ་བས། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་མཚོ་སྔོན་ལས་ལག་ལེན་བྱས་ཚུལ་རབ་ཏུ་མངོན་ཡོད་པའི་འདོད་ཚུལ་བསྟན།
ཚོགས་འདུའི་སྟེང་། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་ལེགས་འགྲུབ་འབྱུང་བའི་ལོ་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་པས། སྲིད་གཞུང་བྱ་བའི་སྙན་ཞུ་ལས2024ལོའི་བྱ་བར་སྤྱི་སྡོམ་དང2025ལོའི་བྱ་བ་བཀོད་སྒྲིག་བྱས་ཡོད་ལ། ལངས་གནས་མཐོ་ཞིང་རིག་ལམ་གསར་པ། བྱེད་ཐབས་དོན་དངོས་དང་མཐུན་པ། བླང་བྱ་ནན་མོ་ཡིན་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་དག་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོ་ཁག་གི་རེ་བ་དང་འདུན་མ་མཚོན་ཡོད་པ་དང་། སྲིད་གཞུང་སྡེ་ཁག་གིས་བློ་དཀར་སེམས་དཀར་གྱིས་འགན་ཁུར་གསར་པ་དང་སྤྱོད་ཚུལ་གསར་པ་ལག་བསྟར་བྱས་ཚུལ་མཚོན་ཡོད་པས། དེ་ནི་དར་ཆ་མཐོན་པོར་སྒྲེང་ཞིང་ཡིད་ཆེས་དང་སྤོབས་པ། སེམས་ཤུགས་སློང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་སྙན་ཞུ་ལེགས་པོ་ཞིག་རེད་ཅེས་བསྟན། ཨུ་ཡོན་རྣམས་ཀྱིས། གྲུབ་འབྲས་བཟང་པོ་ནི་ལག་ལེན་ཁྲོད་བྱུང་ཞིང་། བདེ་སྐྱིད་ནི་ཡར་བརྩོན་ལས་བྱུང་པ་རེད། ལས་འགན་ཇི་ལྟར་ལྗིད་ན་ཡིས་ཆེས་དང་ཆོད་སེམས་ཀྱང་དེ་ལྟར་བརྟན་པོ་ཡིན་དགོས་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཁྲོད་ཀྱི་འགུལ་སྐྱོད་མཁན་དང་དོན་སྒྲུབ་མཁན་ལེགས་པོ་བྱས་ནས་ལོ་འཁོར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཏན་ཏན་ཏིག་ཏིག་གིས་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་འདུན་རྒྱུན་ཆད་མེད་པར་བསྐོང་དགོས་ཞེས་བརྗོད།
ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཐོག་མཐར་བར་གསུམ་དུ་སྲིད་གྲོས་བྱ་བའི་སྤྱིའི་རྩ་འཛིན་དུ་སྤྱི་འདོམས་བྱེད་པ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དེ་མིན་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཏན་འབེབས་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་ཏུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབས་ནས་བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆེན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་དང་ངེས་པ་དོན་གྱིས་གཅིག་གྱུར་ཡོང་བར་བྱེད་དགོས་ལ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བློ་སེམས་གཅིག་ཏུ་སྒྲིལ་བ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱེད་སྒོ་སྤེལ་བ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོས་བློ་སེམས་གཅིག་ཏུ་བསྒྲིལ་ཏེ་ཏང་ཤོག་སོ་སོ་དང་རིགས་སོ་སོ། ལས་རིགས་སོ་སོའི་མི་རྣམས་ཆབ་སྲིད་སྟེང་སྔར་བས་མཐུན་སྒྲིལ་དང་མཉམ་ལས། བསམ་བློའི་སྟེང་ནས་མཉམ་དུ་གོང་འཕེལ་ཡོང་བ། འགུལ་སྐྱོད་སྟེང་ནས་གོམ་འགྲོས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། ལོ་ལྔའི་འཆར་གཞི་བཅུ་བཞི་པར་རྒྱལ་ཁ་ལེན་པ་དང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ལེགས་པོར་རྩོམ་པར་དམ་པ་དོན་གཉེར་བྱེད་དགོས། མཐོ་ས་གསར་སྐྲུན་དང་གནས་བཞི་འཛུགས་སྐྲུན། འཛད་སྤྱོད་ལ་སྐུལ་སློང་བྱེད་པར་དམིགས་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་བྱེད་པ་དང་། ལོ་འཁོར་གཅིག་གི་གྲོས་མཐུན་འཆར་གཞི་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། ཐུན་མོང་གི་བློ་སྟོབས་བསྡུས་ཏེ་ཐབས་ཇུས་བཟང་བོ་གཅིག་ཏུ་བསྒྲིལ་ཏེ། མཚོ་སྔོན་རྒྱལ་ཁབ་ཀྱི་དོན་ཆེན་ཁྲོད་སྔར་བས་ལེགས་པོར་ཞུགས་པར་སྐུལ་འདེད་གཏོང་དགོས། འཛེར་མ་རྡེབ་པའི་སྙིང་སྟོབས་ཀྱིས་སྲིད་གྲོས་མ་ལག་སྔར་བས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པའི་ལས་འགན་དམ་དུ་འཛིན་དགོས། ཆེད་དོན་གྲོས་མོལ་སྒྲིག་སྲོལ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་སོགས་ཀྱི་བྱེད་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་མཚོན་པ་དང་། མང་ཚོགས་དང་འབྲེལ་འདྲིས་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞི་རང་བཞིན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་གྲངས་འཛིན་སྲིད་གྲོས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། གྲངས་འཛིན་སྲིད་གྲོས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཨུ་ཡོན་རྣམས་ཀྱིས་རང་རྟོགས་ངང་སེམས་ཤུགས་གཅིག་སྒྲིལ་དང་། ཐབས་ཇུས་བློ་འདྲི། གྲོས་མོལ་དམངས་གཙོ། རྒྱལ་ཁབ་བཅོས་སྐྱོང་གི་འཐབ་ཕྱོགས་དང་པོ་བཅས་ཀྱི་ལག་ལེན་དངོས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། མི་རིགས་ཁག་དང་ལས་རིགས་ཁག་གོ་རིམ་ལྡན་པའི་ཆབ་སྲིད་ནང་ཞུགས་ཚད་རྒྱ་ཆེ་རུ་བཏང་ནས་མི་དམངས་སྲིད་གྲོས་དེ་ཨུ་ཡོན་གྱི་ཁྱིམ་དང་། དམངས་གཙོའི་ཁྱིམ་གཞི། མཐུན་སྒྲིལ་གྱི་ཁྱིམ་གཞི་བཅས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ནང་ཞུགས་པའི་སྡེ་ཁག་སོ་སོ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐར་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་མཐུན་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ནས་སྔར་བས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱ་ཆེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བར་སྔར་ལས་ལྷག་པའི་བྱས་རྗེས་ཆེན་པོ་འཇོག་དགོས་པར་འབོད་སྐུལ་བཏང་། །