
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལས་བསྟན་དོན།རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་རིགས་བསྐྱར་དར་ཡོང་བའི་རྨང་གཞི་ཡིན་པ་དང་།སྤྱི་ཚོགས་བརྟན་ལྷིང་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས།ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ཏེ།རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ།རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།
ནུས་ཁུངས་དང་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་བ།བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་ལ་དམ་འཛིན་ཡག་པོ་བྱེད་པ།སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་ཀྱི་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ནན་བཤད་བྱས་དོན།མཐའ་ཚད་ཀྱི་བསམ་བློ་དང་མཐར་ཐུག་གི་བསམ་བློ་མཐའ་འཁྱོངས་དང་།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་དོན་འཁྱོལ།“བཅུ་ཅན་གཅིག”གི་ལས་དོན་ཟབ་སྤེལ།ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་མཚོ་སྔོན་མུ་མཐུད་འཛུགས་སྐྲུན་བཅས་བྱེད་དགོས།
འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་ཇི་ལྟར་བྱས་ནས་ཉེན་ཁ་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ་བམ།ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།མཚོ་ཤར་གྲོང་ཁྱེར་ཧོར་རིགས་རང་སྐྱོང་རྫོང་ཞ་མོན་གྲོང་རྡལ་ཅ་ཙི་ཧྲན་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཧྲན་ཡུན།ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།མཚོ་ཤར་གྲོང་ཁྱེར་ཕིང་ཞ་ཁྲོམ་གཞུང་གི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱིན་ཧེང་ཅི།ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན།མཚོ་ཤར་གྲོང་ཁྱེར་ལུང་ཧྭ་ས་ལར་རིགས་རང་སྐྱོང་རྫོང་གི་ཏང་ཙུའི་ཨུ་ཡོན།ཞིང་ཆེན་སྲིད་གྲོས་ཀྱི་སྤྱི་ཁྱབ་ཅིང་ལིམཚོ་སྔོན་ཅིན་མུའུ་ཞིང་ནགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་སི་ཅིན་གྱིས་མ་འོངས་ལ་རྒྱང་ལྟ་བྱས་པའི་མྱོང་ཚོར་མཉམ་དུ་གླེང་།
གསར་འགོད་པ།དམངས་སེམས་འདུ་འགོད་ལ་དམིགས་པ་དང་དུས་བདེ་འཛུགས་སྐྲུན་ལ་དོ་ཁུར་བྱས་ཏེ་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་སྔར་བས་དམ་འཛིན་ཡག་པོ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གནོད་འཚེ་མི་ཡོང་བ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་སམ།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་།མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་ཧན་ཏ་ཆོན་གྱིས།འཕྲལ་སྡོམ་ཉེན་གཡོལ་བྱ་ཡུལ་ནི་སྤྱི་པའི་དོན་རྐྱེན་གློ་བུར་དུ་བྱུང་བའི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་།དེང་རབས་ཅན་གྱི་གྲོང་ཁྱེར་གྱིས་གྲོང་མིར་མེ་སྐྱོན་དང་།འབར་གས།ཆུ་ལོགས་ཡོམ།རིམས་ནད་སོགས་གློ་བུར་དུ་ཐོན་པའི་སྤྱི་པའི་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་གཅོག་པའི་ཉེན་གཡོལ་ས་ཚིགས་ཡིན། ཚོགས་འདུ་གཉིས་ཀྱི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་རང་བྱུང་གནོད་འཚེའི་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་ནས་འཕྲལ་སྡོམ་བཀོད་འདོམས་དང་། དངོས་ཟོག་འགན་ལེན། ཉེན་སེལ་རོགས་སྐྱོབ་བཅས་ཀྱི་མ་ལག་སྟོབས་ཆེར་གཏོང་བ་དང་། ས་ཡོམ་དང་། ཞོད་སྐྱོན། ཐན་སྐྱོན། ས་གཤིས་གནོད་འཚེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སོགས་ཀྱི་འགོག་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས།
དེར་བརྟེན།ངས་བལྟས་ན་མི་སྣ་འདུས་ཚད་ཆེ་བ་དང་མི་རེའི་ཆ་སྙོམས་ཉེན་གཡོལ་རྒྱ་ཁྱོན་མི་འདང་བའི་ས་ཁོངས་སུ་ཉེན་གཡོལ་གྱི་ལམ་བུ་དང་རིམ་པ་མང་བའི་ཉེན་གཡོལ་བྱེད་ས་(ཛ་དྲག་ཉེན་གཡོལ་བྱེད་ས་དང་།གཏན་འཇགས་ཉེན་གཡོལ་བྱེད་ས།ལྟེ་གནས་ཉེན་གཡོལ་བྱེད་ས་)འཆར་འགོད་ལུགས་མཐུན་བྱེད་དགོས་པ་དང་།དུས་མཚུངས་སུ་གྲོང་ཁུལ་གྱི་ལུས་རྩལ་ར་བ་ཆེ་གྲས་དང་།གྲོང་ཁྱེར་སྤྱི་གླིང་།ཐང་ཆེན་སོགས་སྤྱི་པའི་གནས་ཡུལ་སྒྱུར་བཀོད་བྱེད་པར་གཅིག་གྱུར་གྱིས་བསམ་གཞིགས་བྱས་ཏེ།ཐོ ན་ཁུངས་མཉམ་སྤྱོད་ཆེས་ཆེ་བར་བསྒྱུར་དགོས། གཞི་རྩའི་བྱེད་ནུས་ཀྱི་དགོས་མཁོ་སྐོང་ཐུབ་པའི་རྨང་གཞིའི་ཐོག་གློ་བུར་དུ་བྱུང་བའི་དོན་རྐྱེན་ཐོན་སྐབས་ཁ་གྲམ་པའི་མི་སྣ་བཀོད་སྒྲིག་འོས་འཚམ་བྱེད་ཐུབ་པའི་འགན་ལེན་བྱེད་དགོས་པ་མ་ཟད། དགོས་ངེས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ཡང་བྱེད་དགོས།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་།མཚོ་སྔོན་ཞིང་ཆེན་གློག་ཆས་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ།མཚོ་སྔོན་ཝུན་ཧོན་ཚོང་དོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིའུ་ཞང་གིས།གྲོང་ཁྱེར་གྱི་འཕེལ་རྒྱས་མྱུར་པོ་དང་འཛུགས་སྐྲུན་ལ་དུས་ཚོད་དང་བྱ་ཐབས་ནུས་ལྡན་དེ་བས་མང་བ་སྤྱད་དེ་འཐུས་ཚང་དུ་གཏོང་དགོས་ཀྱི་ཡོད།ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་གྲོང་ཁྱེར་ནང་གི་ཨར་ལས་གློག་སྐས་ཁག་གཅིག་སྤྱོད་ཡུན་རིང་ཙམ་ཡོད་པ་དང་རྙིང་པར་ཚབས་ཆེན་གྱུར་པ་སོགས་ཀྱི་གནད་དོན་ཐོན་ནས་འཁོར་སྐྱོད་བྱེད་རིང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ཡོད་པ་ང་ཚོས་མཐོང་བྱུང་།
སྲིད་གཞུང་གི་བྱ་བའི་སྙན་ཞུ་ཉན་རྗེས་ང་ཚོས་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་དང་བླང་བྱ་ཞིབ་ཕྲ་སྔར་བས་ཁ་གསལ་བཟོས་པ་མ་ཟད།རང་ཉིད་ཀྱི་འགན་འཁྲིར་ངོས་འཛིན་སྔར་བས་གསལ་པོ་བྱུང་ཡོད།དེ་རྗེས་ཀྱི་ལས་དོན་ཁྲོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་གནད་དོན་ཁག་གཅིག་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མ་བྱུང་གོང་ལ་རགས་རྒྱག་ཐུབ་པ་བྱེད་དགོས། གློག་སྐས་རྙིང་པར་རྒྱང་ཁྲིད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གློག་སྐས་རྙིང་པ་བེད་སྤྱོད་བྱེད་རིང་རྒྱུན་གཏན་སྲུང་སྐྱོང་ཡག་པོ་བྱེད་པ། གློག་སྐས་སྤྱོད་པའི་ཉེན་ཁར་དཔྱད་དཔོག་བྱེད་པ་སོགས་བརྒྱུད་གློག་སྐས་རྒས་འགྱུར་ལས་བྱུང་བའི་ཉེན་ཁ་རྩ་བའི་ཐོག་ནས་སེལ་དགོས་ཞེས་གསུངས་པ་རེད།

གསར་འགོད་པ།རྒྱལ་དར་དམངས་བདེ་ནི་མི་དམངས་མང་ཚོགས་ཀྱི་ཆེས་གཞི་རྩ་དང་ཆེས་ཡོངས་ཁྱབ་ཀྱི་རེ་འདུན་ཡིན་པ་དང་།བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན།འདས་ཟིན་པར་ཕྱོགས་བསྡོམས་དང་མ་འོངས་པར་རྒྱང་ལྟ་བྱེད་སྐབས་བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་ཇི་ལྟར་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་སམ།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ནུབ་ཁུལ་ཚྭ་འདམ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཨུ་ལྷན་གྱི་ཀྲུའུ་རེན་ཡོན་པིན་གྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་བཀོད་སྒྲིག་བྱས་པའི་2024ལོའི་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི་ལས་འགན་དེས་ཞིང་ཆེན་གྱི་དོན་དངོས་ལ་བསམ་གཞིག་གང་ལེགས་བྱས་པ་དང་ཞིང་ཆེན་ཡོངས་ཀྱི་དུས་བདེ་འཛུགས་སྐྲུན་གྱི་ཚན་རིག་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཡོད། སླད་ཕྱིན་ཞིང་ཆེན་དེ་ཡོངས་ཀྱི་རྡོ་སོལ་ཐོན་ལས་ཁུལ་འབའ་ཞིག་དང་ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་གྲུབ་ཆ་གལ་ཆེན་གྱི་ཁྱད་ཆོས་དངོས་སྔར་བས་འདོན་སྤེལ་ཡག་པོ་བྱས་ཏེ་རྡོ་སོལ་ཐོན་ཁུངས་རྩད་ཞིབ་དང་། མཁོ་སྤྲོད་འགན་ལེན། ནུས་རྒྱུ་གསར་པའི་གློག་ནུས་མཁོ་སྤྲོད་དང་དེ་བཞིན་སྙོམས་སྒྲིག་གློག་ཁུངས་འཛུགས་སྐྲུན་བཅས་ཀྱི་ཐད་ཞིང་ཆེན་དེ་ཡོངས་ཀྱི་ནུས་རྒྱུ་བདེ་འཇགས་མཁོ་སྤྲོད་ལ་མུ་མཐུད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
དེ་དང་ཆབས་ཅིག་ཡུས་ཁ་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་“གནོན་བརྟན་འཕྲུལ་ཆས་”དང“འཚག་དྲ་”གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཁྲིམས་འགལ་མི་སྣ་བུད་ཤིང་སྔོན་པོར་འཛུལ་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་།དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང་”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ།དོན་དངོས་དང་མཐུན་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་སྟངས་མགྱོགས་སུ་གཏོང་བ། ཚབས་ཆེའི་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་ལ་ཆེད་དོན་བཅོས་སྒྲིག་དང་ཉིས་བརྩེགས་སྔོན་འགོག་བྱེད་པའི་ལམ་སྲོལ་མུ་མཐུད་འཛུགས་རྒྱུ་དང་། བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”སྲ་བརྟན་དང་དོན་འཁྱོལ་བྱེད་རྒྱུ། ས་ཡོམ་གྱི་གནོད་འཚེ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད། འབྲུབ་འགོག་ཐན་འགོག་སོགས་རང་བྱུང་གནོད་འཚེར་དོགས་ཟོན་དང་ཁ་གཏད་གཅོག་རྒྱུའི་ལས་དོན་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་ཐོན་རྒྱུ་ནན་འགོག་བཅས་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུང་དགོས།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་ཅིན་མུའུ་ཞིང་ནགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་སི་ཅིན་གྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་སློབ་སྦྱོང་བྱས་པ་བརྒྱུད་ང་ཚོས་ངེས་པར་དུ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བླང་བྱ་ལྟར་ཆད་ལུས་ཞིབ་བཤེར་དང་།བདེ་འཇགས་ཞིབ་བཤེར་དང་།འགོག་ཟོན།དག་ཐེར་བཅས་ཀྱི་ལས་དོན་དམ་འཛིན་ནན་ཏན་བྱས་ཏེ་བདེ་འཇགས་ལས་འཛོལ་སྣ་ཚོགས་ཐེངས་མང་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་མི་སྣའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
མ་བྱུང་གོང་ལ་རགས་རྒྱག་ཆེད།ཐོག་མར་བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོ་བོར་འཛིན་པའི་བསམ་བློ་རྩ་བ་ནས་བརྟན་པོར་བཙུགས་ཏེ།ཉེ་དུས་ཅང་ཞི་དང་།ཧོ་ནན།ཡུན་ནན་སོགས་ས་ཁུལ་དུ་བདེ་འཇགས་ལས་འཛོལ་བྱུང་བའི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱས་ཏེ།མེ་དང་གློག་དང་སོལ་རླངས་བེད་སྤྱོད་བྱེད་པར་མེ་ཟོན་བདེ་འཇགས་ཞིབ་བཤེར་ནན་པོ་བྱེད་པ་དང་།གློག་ཆས་སྣ་ཚོགས་ཚད་ལྡན་དུ་བེད་སྤྱོད་བྱེད་པ།ཁང་པའི་ནང་ལ་མེ་མི་སྤྱོད་པ།བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ།བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ།འབྱུང་རྩ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།འཕྲལ་བསྟུན་ཞིབ་བཤེར་དང་།ལས་གནས་གཏན་འཁེལ་དང་བྱ་ཐབས་གཏན་འཁེལ་གྱིས་འཕྲལ་སྡོམ་བདེ་འཇགས་དོ་དམ་ལས་དོན་ལ་ཞིབ་བཤེར་དང་བཅོས་སྒྲིག་གི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

གསར་འགོད་པ།གཞི་རིམ་ནི་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་མཚོན་ཐུབ་ཤོས་ཡིན་ཞིང་།གཞི་རིམ་གྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་ལམ་ལུགས་ཁག་དོན་འཁྱོལ་ཇི་ལྟར་བྱེད་པ་དང་།མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱེད་པ།གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་མཛེས་ལྗོངས་གསར་པ་ཞིག་བཀོད་ཡོད་དམ།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ཤར་གྲོང་ཁྱེར་དང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཞ་མོན་གྲོང་རྡལ་ཅ་ཙི་ཧྲན་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཧྲན་ཡུན་གྱིས།སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི“བཅུ་ཅན་གཅིག”ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་།སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ།དུས་བདེའི་མཚོ་སྔོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པ།གཞི་རིམ་གྱི་གྲོང་ཚོའི་ལས་བྱེད་པའི་འཐུས་མི་ཞིག་ཡིན་པའི་ངོས་ནས་ལོ་གསར་པའི་ནང་ངས་ཞིང་ཆེན་གྱི་བཀོད་སྒྲིག་དང་ལས་དོན་གྱི་གཙོ་གནད་དང་འགན་འཁྲི་ནན་དུ་གཏོང་བ། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་ནན་ཏན་དང་། མི་སྣ་གཙོ་གནད་ལ་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་དུས་བདེ་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས།
དུས་མཚུངས་སུ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པ་སྟེ།རླུང་འཕྲིན་སྒྲ་དུང་དང་།འཕྲེད་འགེལ་སྦྱར་ཡིག་འགྲེམས་པང་།སྐད་འཕྲིན་ཚོགས་པ་སོགས་གཞི་རྟེན་སྤྱད་དེ་གཅིག་སྡུད་སློབ་སྦྱོང་དང་སྒོ་རྩར་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་།དུག་འགོགནག་སེལ་གཤེད་བཅོམ།ཞིང་འཕྲུལ་བདེ་འཇགས་སོགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་སྤྱི་པའི་བདེ་འཇགས་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་དུས་བདེ་འཛུགས་སྐྱོང་ལས་དོན་ཐད་ཀྱི་མང་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་དང་ཞུགས་ཚད་ཇེ་མཐོར་གཏང་དགོས།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཞའོ་ཞ་ཁྲོམ་གཞུང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་དབྱིན་ཧེང་ཅིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས་པ་དང་།དུས་རབས་གསར་པའི་“ཧྥེང་ཆའོ་ཡི་ཉམས་མྱོང་”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་།“གཞི་རིམ་དུ་སྐྱོད་པ་བཞིའི་”ལམ་ལུགས་དོན་འཁྱོལ་བྱེད་པ།ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་གཤམ་ལ་བཅར་འདྲིར་འགྲོ་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ།ཡིག་སྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་མཐུན་སྦྱོར་སྐུལ་འདེད་གཏོང་བ།མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་བྱེད་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། འདིས་ང་ཚོས་དུས་སྐབས་གསར་པའི་དུས་བདེ་འཛུགས་སྐྲུན་དམ་འཛིན་བྱེད་པར་རྩ་བའི་ཁ་ཕྱོགས་འདོན་སྤྲོད་བྱས་ཡོད།
དུས་བདེའི་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་“བཀོད་འདོམས་དབྱུག་པ”རྒྱུན་མཐུད་ངང་ཡག་པོ་སྤྱད་དེ་དུས་བདེ་འཛུགས་སྐྱོང་གི་ལས་འགན་ལ་ཞིབ་བསྡུར་ནན་པོ་བྱས་ཏེ་ནག་ཚོགས་དང་།གཏུམ་སྤྱོད།ངན་འབྲེལ་སོགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་རྒྱུ་དང་།“གྲོང་གསེབ་བཅོས་སྐྱོང”གི་བྱ་སྤྱོད་ལག་བསྟར་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་ཆེད་གྲོང་སྲོལ་དམངས་ཆིངས་དང་དམར་པོའི་ལས་འཛིན་ལྷན་ཚོགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ཅན་དང་།ཚད་ལྡན་ཅན།རྒྱུན་རྣམ་ཅན་བཅས་མངོན་འགྱུར་བྱ་རྒྱུ་མ་ཟད།དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་།“སྐར་ལྔའི་ཡ་རབས་དུད་ཁྱིམ་”གསར་འཛུགས་དང་ཟུང་འབྲེལ་བྱས་ཏེ།ཆེད་དམིགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།ལུགས་རྙིང་སྲོལ་ངན་བཀག་འགོག་ནུས་ལྡན་བྱས་ཏེ།གོམས་སྲོལ་བསྒྱུར་བ་དང་།ཡ་རབས་ཡུལ་སྲོལ་འཛུགས་སྐྲུན་བྱེད་པ་དེ་མང་ཚོགས་ཀྱི་བྱ་སྤྱོད་རང་རྟོགས་སུ་འགྱུར་བར་བྱེད་དགོས།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།