
མཚོ་སྔོན་གྱིས་མི་རིགས་མང་པོ་འདུས་སྡོད་དང་།ཆོས་ལུགས་མང་པོ་མཉམ་གནས།རིག་གནས་མང་པོ་མཉམ་འདྲེས་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་སྔོན་དུ་མི་རིགས་ལས་དོན་མ་བསྒྲུབས་ན་ཁྱོན་ཡོངས་དོན་གཉེར་བྱེད་མི་ཐུབ་པ”བཅས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་བྱས་ཏེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གཏོད་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཐབས་ལམ་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་སྔོན་གྱི་མ་དཔེ”བསྐྲུན་དགོས།
ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་འགྲམ་ངོགས་སུ་རྐང་ཚ་རྫོང་ཞག་སྡོད་ལམ་ལུགས་ཀྱི་མི་རིགས་དམའ་རིམ་སློབ་འབྲིང་ཡོད་པ་དང་སློབ་གྲྭར་སྐྱོད་སྐབས་ཚང་མས་མཐུན་སྒྲིལ་མཛའ་བརྩེ་ལྡན་པའི་རྣམ་པ་ཚོར་ཐུབ།
གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་ཆེད།སློབ་གྲྭས་ལོ་ལྟར་དུ“སེ་འབྲུ་མི་རིགས་མཐུན་སྒྲིལ”གྱི་རི་མོའི་འགྲན་བསྡུར་སྤེལ་གྱི་ཡོད་པ་དང་།གངས་རི་རྩྭ་ཐང་དང་གཟབ་མཆོར་སྤྲས་པའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ལག་པ་བརྐྱངས་ནས་ཞབས་བྲོ་འཁྲབ་པ་དང་།དམར་མདངས་བཀྲ་བའི་སེ་འབྲུ་སོགས་སློབ་མ་ཚོས་རི་མོའི་ཐོག་ནས་མེས་རྒྱལ་དང་ཕ་ཡུལ་ལ་དགའ་ཞེན་ཚད་མེད་བྱེད་པ་མཚོན་གྱི་ཡོད།
སེ་འབྲུའི་འབྲས་བུ་ཆུང་ཆུང་དེ་མི་རིགས་ཀྱི་བརྩེ་སེམས་མཉམ་དུ་འབྲི་བ།མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྡེ་ཁུལ་དང་སློབ་གྲྭར་སྐྱོད་པ་སོགས་ཀྱི“ལོ་བཅུའི་འཕེལ་སྐྱོད”བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་བ་དང་།“རྨ་ཆུའི་ཆུ་འགོར་བསྐྱོད་དེ་མཛེས་སྡུག་ལྡན་པའི་མཚོ་སྔོན་དུ་བསྐྱོད་པ”དང་།ཀྲེ་ཅང་—མཚོ་ནུབ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་སྤེལ་རེས་ལོ།པེ་ཅིང་ཡུལ་ཤུལ་མི་རིགས་མཐུན་སྒྲིལ་མཉམ་སྐྲུན་སྤེལ་རེས།མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི“ལག་གདང་སྦྲེལ་བའི”དབྱར་སྒར་།“སེ་འབྲུ་དམར་པོའི་ལས་ཞུགས”སོགས་གཙོ་གནད་ཀྱི“སྤེལ་རེས་གསུམ”བྱེད་སྒོ་གཏིང་ཟབ་སྤེལ་བ་རེད
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྐང་ཚ་རྫོང་བཅའ་སྡོད་མི་རིགས་དམའ་རིམ་སློབ་འབྲིང་གི་དགེ་རྒན་ཡའོ་ཅ་ནན་གྱིས། ཉེ་བའི་ལོ་ཤས་རིང་སློབ་གྲྭས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་རིན་ཐང་གི་ཁྲིད་ཕྱོགས་དང་།ལྟེ་བའི་དམིགས་ཚད།ནང་དོན་གཙོ་བོ་བཅས་སུ་བརྩིས་ནས་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་སྟེ་གཞོན་ནུ་ལོ་ཆུང་གི་མི་རིགས་ཀྱི་སྤོབས་སེམས་དང་རིག་གནས་ཀྱི་ཡིད་ཆེས་བརྟན་དུ་གཏོང་རྒྱུར་སྣེ་ཁྲིད་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་སློབ་གྲྭ་དང་སློབ་ཁང་དུ་བསྐྱོད་རྒྱུ་དེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པས་གཞོན་ནུ་ལོ་ཆུང་གི་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དང་།མི་རིགས་མཐུན་སྒྲིལ་གྱི་སློབ་གསོ།རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ།གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སོགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་གཞོན་ནུ་ལོ་ཆུང་ལ་ཚན་རིག་དང་མཐུན་ལ་ཡང་དག་པའི་ལྟ་བ་གསུམ་འཛུགས་རྒྱུར་སྐུལ་ལྕག་གཏོང་དགོས”ཞེས་ཡའོ་ཅ་ནན་གྱིས་བཤད།
ར་སྐྱོར་ཐོག་ཁང་གི་བཟོ་རྩལ་དང་།ས་ལར་རིགས་ཀྱི་འཚེམ་དྲུབ།ས་ལར་རིགས་ཀྱི་ཞིམ་ཟས་སོགས་རྨ་ཆུའི་འགྲམ་དུ་འཚོ་བ་སྐྱེལ་བའི་ཡའེ་རིགས་ཀྱི་དམངས་སྤྱོད་ངལ་རྩོལ་དང་བློ་གྲོས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་མང་པོ་བཏོད་ཡོད།ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོ་བརྒལ་ཡོད།མངོན་མིན་རིག་གནས་ཤུལ་བཞག་དེ་དག་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བསམ་པའི་སྒྲོག་ཐག་ཏུ་གྱུར་ཡོད།

སྐད་ཡིག་དང་ཡི་གེ་ནི་རིག་གནས་རྒྱུན་འཛིན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་དང་།རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་མི་འབོར་ཅུང་ཉུང་བའི་མི་རིགས་28ཀྱི་གྲས་ཤིག་ཡིན་པའི་ས་ལར་རིགས་ལ་ཡི་གེའི་ཐོ་འགོད་མེད་པའི་དབང་གིས་ལོ་རྒྱུས་དང་རིག་གནས་མང་པོ་ཞིག་ངག་རྒྱུན་ལ་བརྟེན་ནས་ཇི་ལྟར་བྱས་ན་ས་ལར་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཡག་པོ་བྱེད་ཐུབ་བམ།དེའི་ཐད་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡ་རྫི་རྫོང་ཁྲ་ཧན་ཏུའུ་སི་ཤང་ཡར་གཙང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧན་ཀྲུང་ཧུའེ་ཡིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
མི་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་ཁྲོད་ཀྲུང་ཧྭའི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་རྨང་གཞིར་བྱེད་པ་དང་ཀྲུང་ཧྭའི་རིག་གནས་གཙོ་བོར་བྱས་ཏེ་དེ་ཉིད་རང་རྟོགས་ངང་ཀྲུང་ཧྭའི་རིག་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་ལོ་རྒྱུས་ནང་འདྲེས་པར་བྱས་ཚེ་གཞི་ནས“མངོན་ཡོད་ཚོར་ནུས་ལྡན་”གྱི་བྱེད་ཐབས་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་ཐུབ།
ཧན་ཀྲུང་ཧུའེ་ཡིས་ཞིང་ཆེན་རིམ་པའི་ངོས་ནས་ལག་བསྟར་བྱེད་བཞིན་པའི་ས་ལར་རིགས་ཀྱི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་རྣམ་གྲངས་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོ་རིམ་པའི་ས་ལར་རིགས་ཀྱི་དམངས་སྲོལ་འགྲེམས་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ས་ལར་རིགས་ཀྱི་ཞབས་བྲོ་དང་།རོལ་དབྱངས།ཞིམ་ཟས།གྱོན་ཆས།བཟོ་སྐྲུན་སོགས་ཕྱོགས་མང་པོའི་ནང་དོན་འགྲེམས་སྟོན་བྱས་ཏེ་མི་རིགས་ཁག་དབར་ཕན་ཚུན་མྱོང་རོལ་དང་ཕན་ཚུན་བསམ་ཤེས་སྔར་བས་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་དུ་ཡོད་པའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས་པའི་གྲོས་འགོ་བཏོན་པ་རེད།
མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ།
ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་གནད་ཡིན་པ་དང་།ཧྭ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་དེ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་སྟེ།བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་མངོན་གསལ་དོད་པོ་བྱེད་པ་དང་།“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་དགོས”ཞེས་པའི་བརྗོད་བྱ་གཙོ་བོ་དེར་དམ་པོར་དམིགས་ནས་སྤེལ་དགོས།
——ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སློབ་གསོའི་རྟེན་གཞི་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བདེ་བླག་ངང་བསྐྲུན་པ་དང་།དྲིལ་བསྒྲགས་སློབ་གསོའི་གཡུལ་ས་གཙོ་བོ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ།
——འཐེན་ཐུག་དཔལ་འབྱོར་དེ་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི་“སྐུལ་འདེད་འཕྲུལ་ཆས་”སུ་བརྩིས་ཏེ།འཐེན་ཐུག་སྤུས་རྟགས་གྲགས་ཅན་དུ་གྲགས་པས་འཐེན་ཐུག་མཛེས་ཤོས་སྔར་ལས་མང་བ་གྲོང་ཁྱེར་ཆེ་གྲས་ཁག་ཏུ་བཞད་པ་དང་།
——སེ་འབྲུ་དམར་པོའི་ལས་ཞུགས་བྱ་སྤྱོད་ཀྱི་ཤིས་ཧྲན་—ཧྭ་ལུང་མཉམ་ལས་མནའ་འབྲེལ་ས་ཚིགས་བཙུགས་ནས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་གཞན་སྒྱུར་ལས་ཞུགས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་།དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ།གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
——མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གཉིས་མཉམ་འདྲེས་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐྱེ་ཁམས་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས།
——མི་རིགས་རིག་གནས་ཀྱི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བ།བ་ཡན་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་རྒྱ་ཁྱབ་ཏུ་ཁྱབ་སྤེལ་བཏང་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བ་ཡན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཨའེ་རུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་ལས་དོན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྒྱུན་ཆད་མེད་པར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་བཏང་ནས་ཕྱོགས་ཡོངས་དང་།རིམ་པ་མང་བ།ཁྱབ་རྒྱ་ཆེ་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་མཉམ་དུ་བཀོད་སྒྲིག་དང་སྐུལ་འདེད་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་མི་རིགས་མཐུན་སྒྲིལ་ལས་གྲུབ་པའི་སྟོབས་ཤུགས་ཆེན་པོས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་ཡིད་ཆེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བཞིན་ཡོད།
ཉིན་དེ་གཉིས་རིང་ཟི་ལིང་དུ་ཚོགས་འདུ་གཉིས་ལ་ཞུགས་ཀྱང་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།གཞོང་ཐང་རྫོང་ཤིང་སྨད་ཤང་ཧྲེང་ལི་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་ཚེ་རིང་མཚོས་རྟག་ཏུ་གྲོང་མིའི་སེམས་ལ་བཅངས་ནས་ཁོང་ཚོའི་འཚོ་བའི་ཐད་དཀའ་ངལ་གང་འདྲ་ཡོད་ཀྱང་ག་དུས་ཡིན་ཡང་བཙལ་ཆོག་ཅེས་སྐད་འཕྲིན་བཏང་ནས་ཚང་མར་བཤད།རྒྱལ་ཁའི་གྲོང་ཚོ་ནི་བོད་རིགས་གྲོང་ཚོ་ཞིག་ཡིན་པ་དང་གྲོང་ཚོའི་ནང་དུད་ཚང་27གྱི་ཁང་པར་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་ཅེས་བཤད།
“ས་ཡོམ་བརྒྱབ་པ་ནས་ད་བར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དེ་བཞིན་རྒྱལ་ཡོངས་མི་དམངས་ཀྱི་གཅེས་སེམས་ཆེན་པོས་གནོད་འཚེ་ཕོག་པའི་གྲོང་མིའི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་གྲོང་མི་ཚང་མ་རང་འགུལ་ངང་རང་འགུལ་ངང་གྱང་རོ་གཙང་སེལ་བྱེད་པའི་ལས་དོན་ནང་ཞུགས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ཚེ་རིང་མཚོས་བཤད།
ཐུན་མོང་ཐོག་འབད་བརྩོན་བྱེད་པར་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་དགོས།
དབྱར་དུས་སུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་སྐྱོད་སྐབས་སྔོ་ཞིང་སྤྲིན་དཀར་བ་དང་མེ་ཏོག་གང་སར་ཁྱབ་པ་དང་།རླུང་བུ་ལྡང་ནས་ནོར་ལུག་མཐོང་རྒྱུ་ཡོད།“རྩྭ་ཐང་ཐོག་གསེར་ཁྱུང་འཕུར་ནས་གུང་ཁྲན་ཏང་གིས་སྨན་པ་བཟང་པོ་ཞིག་ཁྲིད་ཡོད”ཅེས་དར་ལག་རྫོང་ནི་མགོ་ལོག་ཁུལ་གྱི་སྐར་ལྔའི་དར་དམར་དང་པོ་བསྒྲེངས་ས་ཞིག་ཡིན་པས།ཏང་གི་བཀའ་དྲིན་ཚོར་བ་དང་།ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ནས་དེ་གའི་མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཆེན་པོ་ཡོད།
“མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ངེས་ཡིན་པའི་རྩ་བའི་འགན་ལེན་ཞིག་རེད།ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་རིང་པོའི་ནང་ཀྲུང་ཧྭ་མི་རིགས་ཀྱིས་ཐུན་མོང་ཐོག་མེས་རྒྱལ་གྱི་རི་ཀླུང་བཟང་པོ་བཏོད་པ་དང་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་གསར་གཏོད་བྱས་པས་སུ་ཡང་སུ་དང་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་དམ་ཟབ་ཆགས་ཡོད།ད་ཆ་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་བརྩོན་དེ་བས་བྱེད་དགོས”ཞེས་ཞིང་ཆེན་མི་དམངས་འཐུས་ཚོགས་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་བསོད་ནམས་རྒྱ་མཚོས་བཤད།
བསོད་ནམས་རྒྱ་མཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“མི་རིགས་མཐུན་སྒྲིལ་+”མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་སྤྱོད་གཏིང་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་ལས་དོན་ཐད་མིང་བྱང་ལྔ་དང་འཆར་གཞི་གསར་པ་གཏོད་རྒྱུར་དམིགས་ནས་“གསར་བརྗེའི་དར་ལག”རང་གཤིས་སྔར་བས་མངོན་པར་བྱས་ཏེ“གཙང་པོ་དང་ཆུ་བོའི་དར་ལག་”རྨང་གཞི་དེ་བས་མཛེས་སྡུག་ལྡན་པ་དང“ཞི་མཐུན་དར་ལག”གི་ཁྱད་ཆོས་སྔར་ལས་མངོན་གསལ་རེད།
རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་ཕ་ཡུལ་གླིང་མཛེས་ལྗོངས་ཁུལ་གྱི་ན་དོན་གཞིས་ཀར་ལངས་ནས་རྨ་ཆུ་དང་ཙོང་ཆུའི་བུ་ཕྲུག་ཚོའི་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་འདུན་མཚོན་པར་བྱས་ཡོད།

ནཱ་ཏུན་གཞིས་ཀ་ནི་ན་ཏུན་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིས་བསྐྲུན་པ་ཞིག་ཡིན་ཞིང་།ཕ་ཡུལ་མཛེས་ལྗོངས་ཁུལ་གྱི་ལྟེ་བའི་མཛེས་ལྗོངས་ཁུལ་གྱི་གྲས་ཤིག་རེད།ཧོར་རིགས་ལ་དམིགས་བསལ་དུ་ཡོད་པའི་དུས་ཆེན་གྱི“ཟླ་བདུན་པའི་དུས་ཆེན”ནས་ཧོར་རིགས་ཀྱི་ཁྱད་ལྡན་དམངས་སྲོལ་རིག་གནས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱེད་པའི་བར་དང་།དེ་ནས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་གྱི་ཚད་ཤིང་དུ་གྱུར་པའི་བར།ན་ཏུན་གཞིས་ཀས་ས་གནས་དེ་གའི་མི་རིགས་མཐུན་སྒྲིལ་དང་།མང་ཚོགས་ལས་ཞུགས།ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བཅས་ལ་བསམ་པའི་རིག་གནས་ཀྱི་སྲུང་སྐྱོང་ཁུལ་ཞིག་བཏོད་ཡོད།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ན་ཏུན་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧྲི་ཏུང་ཧྭ་ཡིས་ས་གནས་དེ་གའི་ཁེ་ལས་ཡིན་པའི་ངོས་ནས་ཡུན་རིང་གཉེར་སྐྱོང་འཕེལ་རྒྱས་གཏོང་རིང་ན་ཏུན་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིས་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་འགན་དུ་བརྩིས་ནས་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱེད་པའི་དྲང་ནུས་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ནི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ་ཁེ་ལས་རང་ངོས་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་དགོས་མཁོ་ཞིག་ཀྱང་རེད།ཀུང་སིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཐད་ཀར་རམ་ཡང་ན་གཞན་བརྒྱུད་ཀྱིས་ལས་ཞུགས་ལས་གནས་2000ལྷག་ཙམ་མཁོ་འདོན་བྱས་ཡོད།མིག་སྔར་ཀུང་སིའི་ལས་ཐོག་ལས་བཟོའི་ཁྲོད་གྲངས་ཉུང་མི་རིགས་ཀྱིས་38%ཙམ་བཟུང་ཡོད།ང་ཚོས་ཧོར་རིགས་ཀྱི་ཁྱད་ལྡན་རིག་གནས་རྒྱུན་ཆད་མེད་པར་སྔོག་འདོན་དང་རྒྱུན་འཛིན་བྱས་ཏེ་རྨ་ཆུ་དང་ཙོང་ཆུའི་རྒྱུད་དུ་ཐོན་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བཤད་དགོས།
འདས་ཟིན་པའི་ལོ་གཅིག་ནང་མཚོ་སྔོན་དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས་11གསར་དུ་བསྣན་པ་དང་།“སེ་འབྲུའི་ཁྱིམ་གཞིས”སྡེ་ཁུལ་388བཏོད་པ།མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་མཐུད་ངང་བསྐྱོད་པ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ།འབྱུང་འགྱུར་ལ་གཞི་ཚུགས་པ།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ཚོས་ལག་པར་འཇུས་ནས་དཔུང་པ་མཉམ་གཤིབ་དང་། སེ་འབྲུ་བཞིན་དུ་དམ་པོར་འཐམས་ནས་ཐུན་མོང་ཐོག་འབད་བརྩོན་ཧུར་ཐག་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཡོད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།