
མི་དམངས་མང་ཚོགས་ཀྱིས་སྤུས་ལེགས་འཕེལ་རྒྱས་ཁྲོད་དུ་སྤུས་ལེགས་འཚོ་བ་མཉམ་སྤྱོད་བྱེད་དུ་འཇུག་དགོས་ན།དངོས་པོའི་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་དགོས་པ་མ་ཟད།བསམ་པའི་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་བའི་བླང་བྱ་ཡང་བཏོན་ཡོད།དངུལ་ཁུག་ཏུ“དངུལ་ཡོད་པ་”དང་བསམ་པའི་འཚོ་བ་“ཕུན་སུམ་ཚོགས་པོ་ཡོད་པར་”གྱུར་ན།བདེ་སྐྱིད་དེ་སྔར་ལས་ཞིབ་ཕྲ་དང་།སྔར་ལས་གཏིང་ཟབ།སྔར་ལས་རྒྱུན་སྐྱོང་ཐུབ།སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་དམངས་ཚིས་བྱེད་ཐབས་གསར་པ་ཞིག་དང་། དམངས་ཚིས་བདེ་སྐྱིད་གསར་པ་ཞིག་ཡིན་པས་མི་རིགས་ཁག་གི་མང་ཚོགས་ཀྱིས་ལོ་གསར་པའི་རེ་སྒུག་གསར་པ་བྱེད་བཞིན་ཡོད།
ཟླ་1པའི་ཚེས་25ཉིན། ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་སྔོ་རྒྱ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡེ་ཁྲེང་ཧུའུ་ཡིས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་དོན་ལ་དམིགས་ནས་ཁུལ་དང་།རྫོང་།གྲོང་རྡལ།གྲོང་ཚོ་བཅས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གནད་བསྡུས་ལེགས་སྒྲིག་ཞིབ་ཚགས་བྱས་ཏེ་སྤེལ་ཉེར་ཡོད་པའི་གྲོས་བསྡུར་ཚོགས་འདུ་ཐེངས་གཉིས་པར་གྲ་སྒྲིག་བྱས་པ་རེད།
ཐེངས་འདིའི་གྲོས་བསྡུར་ཚོགས་འདུའི་ཐོག་ཡེ་ཁྲེང་ཧུའུ་ཡིས་གཙོ་གནད་དུ་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་དང་སྤུས་ལེགས་འཚོ་བ་གསར་སྐྲུན་བྱེད་པར་ཐབས་འདོན་ཇུས་འབུལ་བྱ་རྒྱུ་ཡིན་པས།ཁོང་གིས་ཆེད་མངགས་གྲོང་ཚོའི་“ཨུ་ལྷན་གཉིས་”ཀྱི་ཁོངས་མིར་འབྲེལ་གཏུག་བྱས་ཏེ།ཚོགས་ཆེན་གྱི་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་བྱེད་པ་དང་དུས་མཚུངས་སུ་ཚང་མ་དང་མཉམ་དུ་“ཇུས་བཟང་”མཉམ་གྲོས་བྱས་པ་རེད།
གང་བསམ་ལྷུག་བཤད་བྱས་ནས་འཕེལ་རྒྱས་ཀྱི་དོན་དུ་ཐབས་ལམ་འཚོལ་དགོས།
སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་གྱིས་རྣམ་པ་གསར་པ་གཏོད་པ་དང་། སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་བསྐྲུན་པ་སོགས་ཡུལ་སྐོར་མི་ཐེངས་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སོ་སོར་ལྡབ་1.1དང་ལྡབ་2འཕར་ཡོད།
“ངག་རྒྱུན་དུ་རི་བོ་ཡོད་ན་རི་བོར་བརྟེན་ནས་འཚོ་བ་རོལ་བ་དང་ཆུ་བོ་ཡོད་ན་ཆུ་བོར་བརྟེན་ནས་འཚོ་བ་རོལ་དགོས་ཞེས་པ་ལྟར།མིག་སྔར་རྒྱལ་ཡོངས་ས་གནས་ཁག་གིས་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་དང་།ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐོན་ཡོད།དེས་སྐུལ་ཁྲིད་བྱས་པའི་དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་ཆེན་པོ་ཡོད”ཅེས་ཡེ་ཁྲེང་གིས་དོན་དངོས་བཏོན་ནས་ཐད་ཀར་བརྗོད་དོན་གཙོ་བོར་བྱས་ཏེ“ཁམས་རའི་མཛེས་ལྗོངས་ཁུལ་དང་ཐག་ཉེ་པོ་ཡོད།ང་ཚོས་སྔོ་རྒྱ་སྡེ་བའི་ལེགས་ཆ་གང་དུ་ཡོད་དམ། ཇི་ལྟར་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ནས་གྲོང་མིའི་འཚོ་བའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་དགོས་སམ”ཞེས་གསར་འགོད་པར་བཤད།
ཡེ་ཁྲེང་ཧུའུ་ཡིས་བཏོན་པའི་གནད་དོན་རབ་དང་རིམ་པ་ཉན་རྗེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་པའེ་ཀྲུང་དབྱིང་གིས“‘རྒྱལ་ཁབ་ཀྱི་རྟགས་ཅན’ནགས་ཚལ་སྤྱི་གླིང་དང་ས་གཤིས་སྤྱི་གླིང་ཡིན་པའི་ཁམ་པུའུ་ལ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ཚོད་དཔག་བྱེད་ཐབས་བྲལ་བ་ཞིག་རེད།ཉེ་བའི་ལོ་ཤས་རིང་།ཁན་པོ་ལ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད།ཚང་མས་ང་ཚོའི་གྲོང་ཚོར་ཡང་དེའི་དབང་གིས་སྔར་བས་གཙང་ལ་མཛེས་པ་ཞིག་ཏུ་གྱུར་ཡོད་ལ་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ཞིང་དུད་སྤྲོ་སྐྱིད་ཁང་ཁ་ཤས་ཀྱང་བསྣན་ཡོད་མོད། འོན་ཀྱང་ཁྱོན་ཡོངས་ནས་བརྗོད་ན་མཛེས་ལྗོངས་ཁུལ་གྱི་མི་མངོན་པའི་སྟོབས་ཤུགས་འཕེལ་ཐུབ་མེད”ཅེས་བཤད།
“དངོས་ནས་དེ་འདྲ་རེད།ཁམས་ར་མཛེས་ལྗོངས་ཁུལ་གྱིས་ད་དུང་དོ་དམ་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་དགོས་པ་དང་ཆབས་ཅིག་རང་ངོས་ཀྱི་ལེགས་ཆ་གནད་ལ་འཁེལ་བར་འཚོལ་བ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལས་དོན་ཆེན་པོ་དེ་ཡག་པོ་བསྒྲུབས་ནས་ཁེ་ལས་དང་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཐོན་ལས་འབྲེལ་ཐག་འཕེལ་རྒྱས་ཡག་པོ་གཏོང་དགོས།ངའི་རྩ་གནད་ནང་ཧ་ལམ་དེ་ལྟར་བྲིས་ཡོད”ཅེས་ཡེ་ཁྲེང་ཧུའུ་ཡི་སྐད་ཆ་བརྟན་པོ་ཡོད། ཞིང་ཆེན་ཡོངས་ཀྱིས་ཐོན་ལས་ཀྱི“ས་ཁུལ་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་གོ་སྐབས་གསར་པའི་འོག་མི་རིང་བར་རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྔར་བས་འཕེལ་རྒྱས་འགྲོ་རྒྱུ་དང་།ཁམས་ར་མཛེས་ལྗོངས་ཁུལ་གྱི་སྔོ་རྒྱ་གྲོང་ཚོ་ཡང་སྔར་བས་མཛེས་སྡུག་ལྡན་པའི་སྡོད་ཁང་དུ་འགྱུར་རྒྱུ། གྲོང་མིའི་འཚོ་བའི་སྤུས་ཚད་སྔར་བས་ཡག་ཏུ་འགྲོ་རྒྱུ་བཅས་ཡོང་བའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
སྔོ་རྒྱ་གྲོང་ཚོ་ནི་ཁམས་རའི་ལུས་རྩལ་སྤྲོ་གསེང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་དང་འབྲེལ་བ་ཡོད་པ་དང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་གྲོང་ཚོའི་ཕྱི་མིའི་སྡོད་གནས་ཁོར་ཡུག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་།གྲོང་མི་ཁག་གཅིག་གིས་རང་ཁྱིམ་གྱི་སྒོ་ར་དེ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་བསྒྱུར་ནས“དུད་ཚང་ནས་ཕྱིར་མི་ཐོན་པར”འབབ་འཕར་ཕྱུག་འགྱུར་བྱུང་ཡོད།
“གལ་ཏེ་མཛེས་ལྗོངས་ཁུལ་དུ་གསོན་ཤུགས་རྒྱས་ཚེ་ང་ཚོའི་ཚོང་བྲིན་པ་དང་གྲོང་མི་ཚོར་ལས་ཞུགས་ཀྱི་གོ་སྐབས་དང་ཡོང་འབབ་ཀྱི་ཡོང་ཁུངས་བརྟན་པོ་དེ་བས་མང་བ་ཡོང་ངེས་ཡིན་པས་ཧྲུའུ་ཅི་ཡེ་ཧྲུའུ་ཡིས་གྲོས་བསྡུར་ཚོགས་འདུར་ཞུགས་སྐབས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་གྲོས་འགོ་མང་ཙམ་འདོན་རྒྱུའི་རེ་བ་ཡོད”ཅེས་མཛེས་ལྗོངས་ཁུལ་གྱི་ཉེ་འགྲམ་དུ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་མཁན་གྲོང་མི་མཱ་མུའུ་ཧྲ་ཡིས་སེམས་ནང་བསམ་ཚུལ་བཤད།
སེམས་ཤུགས་གཅིག་སྒྲིལ་གྱིས་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པར་བྱ་དགོས།
“ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་རིམ་སྤོར་བྱ་སྤྱོད་གཅིག་གྱུར་འཆར་འགོད་བྱས་ནས་འཚོ་བའི་གད་སྙིགས་བསྡུ་འདྲེན་གཙང་སེལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་དོ་དམ་ཚོད་འཛིན་བྱེད་ཚད་20%ཡན་ཟིན་པ་དང་།ཡུལ་བབ་དང་བསྟུན་ནས་དུད་ཚང་གི་འཕྲོད་བསྟེན་གསང་སྤྱོད་ཁག་གཅིག་གསར་དུ་བསྐྲུན་པ།ཆུ་མཁོ་འདོན་གྱི་ཆུ་སྤུས་མཐོར་གཏོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ། ཞིང་འབྲོག་པའི་སྡོད་ཁང་ཁྲི་4ཇེ་ལེགས་སུ་བཏང་ནས་ས་མཐོ་དང་མཛེས་སྡུག་ལྡན་པའི་ཤང་གྲོང་300བསྐྲུན་དགོས”ཞེས་མི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གླེང་སྐབས་ཡེ་ཁྲེང་ཧུའུ་ཡིས“དེ་ནི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་འདི་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོའི་གྲས་ཤིག་ཡིན་པས། གྲོང་གསེབ་འཛུགས་སྐྲུན་ཐད་ང་ཚོའི་གྲོང་ཚོ་མདུན་གྲལ་དུ་སླེབས་པ་མཐོང་ཐུབ”ཅེས་བཤད།
འདས་མ་ཐག་པའི་2023ལོར་སྔོ་རྒྱ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་མིས་རེ་སྒུག་ཆེ་ཤོས་བྱེད་པའི་དོན་ཆེན་གཉིས་བསྒྲུབས་པ་སྟེ།གཅིག་ནི་གྲོང་ཚོར་སྣུམ་ནག་ལམ་བཏིང་བ་དང་།གཞན་ཞིག་ནི་རང་འབབ་ཆུ་སྦུག་དྲ་རིམ་སྤོར་སྒྱུར་བཀོད་བྱས་པ་དེ་སྔོ་རྒྱ་གྲོང་ཚོར་བསྐྱོད་སྐབས་བདེ་ཞིང་སྣུམ་ནག་ལམ་དུད་ཚང་ཚང་མའི་སྒོ་ཁར་ཐོན་ཡོད།
“རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ང་ཚོའི་གྲོང་ཚོ་དངོས་གནས་མདུན་དུ་བསྐྱོད་ཡོད།གཞན་གྱིས་མ་བཤད་པར་གྲོང་ཚོའི་ལམ་གཡས་གཡོན་གྱི་ལམ་སྒྲོན་ཐེངས་གཉིས་བརྗེས་པ་དང་།ཆར་ཆུ་དང་བཙོག་ཆུ་ཁག་བགོས་ཀྱི་བཙོག་ཆུའི་མདོང་ལམ་དྲ་བ་བསྐྲུན་པ།དུད་ཚང་རེ་རེས་ཆུ་བཤལ་གསང་སྤྱོད་བསྐྲུན་པ་ཚང་མ་ལོ་བཞིའི་གོང་གི་བྱ་བ་ཞིག་རེད”ཅེས་ཡེ་ཧུའུ་ཡི་སྐད་ཆ་བཤད།
སྔོ་རྒྱ་གྲོང་ཚོ་ནི་རི་འདབས་ཀྱི་རི་ལྡེབས་ཤིག་ཏུ་གནས་པ་དང་།དེ་སྔ་ཆུའི་གནོན་ཤུགས་མི་འདང་བའི་དབང་གིས་སྒོ་རའི་ས་བབ་ཅུང་མཐོ་བའི་གྲོང་མི་རྣམས་རྟག་ཏུ་ཆུ་མི་འདང་བའམ་ཆད་པའི་གནད་དོན་འཕྲད་ཀྱི་ཡོད་པས་དེའི་ཐད་སྐད་ཆ་མང་པོ་བཤད་ཀྱི་ཡོད།གྲོང་ཚོ་ཨུ་ལྷན་གྱིས་བཤད་པ་བརྒྱུད་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་བརྟག་ཞིབ་བྱས་ཏེ་སྔོ་རྒྱ་གྲོང་ཚོའི་ཆུ་ཁུངས་ལྷོ་མ་ཡུར་དུ་བསྒྱུར་རྒྱུའི་ཇུས་གཞི་བཟོས་པ་དང་རྣམ་གྲངས་ལས་འགོ་བཙུགས་ནས་ཟླ་བ་ཁ་ཤས་སོང་རྗེས་རིམ་སྤོར་སྒྱུར་བཀོད་བྱས་ཟིན་པ་རེད།
“ཉེ་བའི་ལོ་ཤས་རིང་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དེས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་གྲོང་ཚོའི་རྣམ་པར་སྔོན་ཆད་དང་བསྡུར་ན་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད།དེ་ནི་ཚང་མས་མཐོང་གསལ་རེད”ཅེས་ཡེ་ཁྲེང་ཧུའུ་ཡིས་སྐད་ཆ་ཤོད་རེས་བྱས་མ་ཐག་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་ནི་མི་ཚང་མས་དོ་ཁུར་བྱེད་པ་དང་།ང་ཚོའི་གྲོང་ཚོས་སྤུས་ལེགས་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འབྲེལ་ཡོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་གྲོང་ཚོའི་ཕྱི་རོལ་གྱི་ཁོར་ཡུག་གཙང་སྦྲ་རྒྱུན་འཁྱོངས་བྱས་ནས་ཚང་མའི་སྡོད་ཁང་གི་སྤུས་ཚད་ལེགས་སུ་གཏོང་དགོས།
ཡེ་ཁྲེང་ཧུའུ་ཡི་སྐད་ཆ་དེ་ཐོས་རྗེས་ཁམས་ར་གྲོང་རྡལ་གྱི་འགོ་འཛིན་གཞོན་པ་ལི་ཧྲོའུ་ལན་གྱིས་མོས་མཐུན་ཆེན་པོ་བྱས་པ་སྟེ།“ཧྲུའུ་ཅི་ཡེ་ལགས་ཀྱིས་བཤད་པ་བདེན།ལོ་འདི་དག་རིང་སྔོ་རྒྱ་གྲོང་ཚོའི་མི་སྡོད་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱུང་ཡོད།ང་ཚོས་གྲོང་རྡལ་ཡོངས་ཀྱི་བཀོད་སྒྲིག་ལྟར་མི་བཟང་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་།གཞུང་ལམ་གྱི་གཞོགས་གཉིས་དང་སྒོའི་མདུན་རྒྱབ་ཀྱི་ཁོར་ཡུག་འཕྲོད་བསྟེན་རྒྱུན་འཁྱོངས་བྱས་ཏེ།ཁྲོམ་ལམ་གྱི་ཚོང་དུད་སྒོ་འགྲམ་གྱི་‘འགན་ལེན་ལྔ་’ཡི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་དགོས།
ཐོན་ལས་ཡག་པོ་གཉེར་ནས་འཚོ་བ་སྔར་བས་ཡག་ཏུ་གཏོང་དགོས།
“སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང‘གྲོང་གསེབ་ཀྱི་ཐོན་ལས་དཔེ་སྟོན་གྲོང་ཚོ་200བསྐྲུན་ནས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྔར་བས་མང་དུ་འགྲོ་བ་དང་འཚོ་བ་ཉིན་རེ་ལས་ཉིན་རེ་མ་འདས་པར་ལེགས་སུ་འགྲོ་རྒྱུ་ཡིན་ཞེས་བཏོན་ཡོད’ང་ཚོའི་མཉམ་སྡེབ་ཐོན་ལས་འགོ་ཚུགས་མ་ཐག་ཡིན་པ་དེ་ནི་གྲོང་མིས་རེ་བ་ཆེན་པོ་བཅོལ་བའི་བྱ་གཞག་ཅིག་ཡིན་པས་ངེས་པར་དུ་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཐོན་ལས་ཡག་པོ་གཉེར་ནས་ཡུལ་མི་ཚོའི་དངུལ་ཁུག་མང་དུ་བཏང་སྟེ་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས”།
2023ལོའི་ལོ་མཇུག་ཏུ་མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་བའི་གྲོང་གསེབ་དར་རྒྱས་རྣམ་གྲངས་ཏེ།མཚོ་སྔོན་ཅ་ཤིན་ཤོག་བུ་ལས་རིགས་ཚད་ཡོད་ཀུང་སིས་གཅན་ཚ་རྫོང་ཐོན་ལས་གླིང་ཁུལ་དུ་ཐོན་སྐྱེད་བྱེད་འགོ་ཚུགས་པའི་ཉིན་དང་པོར་ཀུང་སིར་ཉེ་འགྲམ་གྱི་ཞིང་ཁྱིམ་ནས་ཡོང་བའི་མངགས་ཐོ་ཞིག་འབྱོར་ནས་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད།
གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་པའེ་ཀྲུང་དབྱིང་གིས“མིག་སྔར་ང་ཚོའི་ཕྲག་ཐོག་གི་འགན་འཁྲི་ཆེ་ཤོས་ནི་ཐབས་ཤེས་ཡོད་རྒུ་བཏོན་ནས་ཐོན་ལས་སྟོབས་ཆེར་བཏང་སྟེ་ཚང་མར་ཕན་བདེ་སྐྲུན་རྒྱུ་དེ་རེད”ཅེས་བཤད།
“ཅ་ཤིན་ཤོག་བུའི་ལས་རིགས”འཁོར་རྒྱུག་བྱས་པ་དེས་སྔོ་རྒྱ་གྲོང་ཚོའི་མཉམ་སྡེབ་ཐོན་ལས་འཕེལ་རྒྱས་ལ་རེ་བ་སྦྱིན་པ་དང་།གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོའི་ཨུ་ལྷན་གྱི་ངོས་ནས་བརྗོད་ན།སྲིད་ཇུས་ཀྱི་རོགས་སྐྱོར་དང་།སྲིད་གཞུང་གི་རྒྱབ་སྐྱོར།མང་ཚོགས་ཀྱི་མོས་མཐུན་བཅས་ཀྱི་བྱ་གཞག་ཅིག་རྙེད་པ་དེ་ནི་ང་རྒྱལ་སྐྱེ་འོས་པའི་བྱ་བ་ཞིག་ཡིན་པ་སྨོས་མེད་རེད།འཁོར་སྐྱོད་བྱས་རྗེས་གྲོང་མི་6ཐོན་སྐྱེད་བྱེད་རིམ་དུ་བསྐྱོད་དེ་ལས་གནས་མི་འདྲ་བར་གཞིགས་ནས་ཟླ་རེར་གླ་ཆ་སྒོར་3000ནས་4500བར་ལེན་རྒྱུ་ཡོད་པ་རེད།
“ཐོན་ལས་གཉེར་བ་ནི་ཚང་མ་ཐུན་མོང་ཐོག་ཕྱུག་པོར་འགྱུར་ཆེད་ཡིན་པས་ང་ཚོས་ཀུང་སིས་གྲོང་མིར་སྤྱི་ཚོགས་འགན་བཅོལ་འཇལ་རྒྱུའི་འཆར་གཞི་བཀོད་ཡོད”ཅེས་ཡེ་ཁྲེང་ཧུའུ་ཡིས་བཤད།
སྔོ་རྒྱ་གྲོང་ཚོར་ཁྱོན་བསྡོམས་དུད་ཚང་555དང་མི་1825ཡོད་པའི་ནང་དུད་ཚང་80དང་མི་200ཙམ་གྱིས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཐེན་ཐུག་དཔལ་འབྱོར་གཉེར་བཞིན་ཡོད་པ་དང་།འཐེན་ཐུག་དཔལ་འབྱོར་ནི་སྔོ་རྒྱ་གྲོང་ཚོའི་གྲོང་མི་ཁག་གཅིག་གི་དཔལ་འབྱོར་ཡོང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད།གྲོང་མི་ཁ་ཤས་ཀྱིས་འཐེན་ཐུག་ཁང་པེ་ཅིང་དང་།ཧྲང་ཧའེ།ཝུའུ་ཧན་སོགས་གྲོང་ཁྱེར་ཆེ་གྲས་སུ་གཉེར་ནས་འཚོ་བ་སྔར་ལས་ལེགས་སུ་ཕྱིན་ཡོད།
འཐེན་ཐུག་དཔལ་འབྱོར་སྐོར་གླེང་སྐབས།ཡེ་ཁྲེང་ཧུའུ་ཡིས“ང་ཚོའི་གྲོང་ཚོར་འཐེན་ཐུག་ཐོན་ལས་གཉེར་མཁན་མང་པོ་ཡོད།གྲོང་མི་ལ་ལས་ལམ་བུ་བདེ་བླག་ངང་བཏོད་ཡོད།ང་ཚོས་ཚང་མར་ཁྱིམ་མཚེས་ཕན་ཚུན་རོགས་རམ་བྱེད་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས་གྲོང་མི་དེ་བས་མང་བ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན”ཞེས་བཤད།
རྒྱབ་ལྗོངས་སྦྲེལ་མཐུད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་བསྟན་དོན།འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་དང་།ཐུན་མོང་ཐོག་འབད་འཐབ་བྱེད་པར་བསྔགས་སྐུལ་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱས་ཏེ་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་རྒྱུན་ཆད་མེད་པར་མངོན་འགྱུར་བྱ་དགོས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ།ཞིང་ཆེན་ཨུ་ལྷན་གྱིས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་།ཐད་ཀར་འབྲེལ་བ་ཡོད་པ།དོན་དངོས་དང་མཐུན་ཤོས་བཅས་ཀྱི་གནད་དོན་ཡག་པོ་སྒྲུབ་པའི་བླང་བྱ་གསལ་པོ་ཤེས་རྟོགས་གཏིང་ཟབ་བྱེད་པ།ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིགས་དང་།ཇུས་ཐག་གཅོད་པ།ལས་དོན་སྒྲུབ་པ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་སྙོམས་ངང་མི་དམངས་ཡོངས་ལ་ཕན་པ་ཐོབ་པ་བྱེད་དགོས།
2023ལོར་རྨ་ལྷོ་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མ་དངུལ་སྒོར་དུང་ཕྱུར་27.6བཏང་ནས་གྲོང་ཁྱེར་གྱི་ནུས་པ་ཆེ་རུ་གཏོང་བ་དང་།གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་སྒྱུར་བཀོད་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་177ལག་ལེན་བསྟར་བ་དང་།རླངས་འཁོར་འཇོག་ས་དང་།ཁྲོམ་གཞུང་བརྒལ་བའི་ཟམ་པ།ཚད་གཞི་མཐོ་བའི་སྤྱི་པའི་གསང་སྤྱོད་བཅས་ཁག་གཅིག་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་སྤྱི་ཡོངས་ནས་ལེགས་སུ་ཕྱིན་པ།རེབ་གོང་དང་གཅན་ཚའི་གྲོང་ཁུལ་གཙོ་བོར་རང་བྱུང་སོལ་རླངས་གཅིག་སྡུད་ཐོག་དྲོད་མཁོ་འདོན་ཐུབ་པ་བཅས་བྱས་ཡོད།
འདས་ཟིན་པའི་ལོ་གཅིག་ནང་རྨ་ལྷོ་ཁུལ་གྱི་གྲོང་ཚོ་ཧྲིལ་པོར་གྲོང་གསེབ་46འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་།ཞིང་འབྲོག་པའི་སྡོད་གནས་ཆ་རྐྱེན་དུད་ཚང་5745ལེགས་སུ་བཏང་བ།གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་493གསར་སྐྲུན་རྒྱས་སྐྲུན་བྱས་པ།མི་ཁྲི་3.4ཡི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དུ་བཏང་བ།གྲོང་ཚོ་24རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོའི་ནང་བདམས་པ།གྲོང་རྡལ་1དང་གྲོང་ཚོ་4ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་རྡལ་དང་གྲགས་ཅན་སྡེ་བའི་ནང་ཚུད། རྒྱལ་ཡོངས་ཀྱི་མཛེས་པའི་ཤང་གྲོང་དང་ཤང་སྡེའི་ཡུལ་སྐོར་སྡེ་བ2ཀྱི་ཇེ་མང་དུ་སོང་སྟེ། ཞིང་ཆེན་ཡོངས་ཀྱི་ཤང་སྡེའི་འཛུགས་སྐྲུན་ཡུལ་སྐོར་སྐུལ་སྤེལ་གྲོས་ཚོགས་རྒྱལ་ཁའི་ངང་བསྡུས་པ་རེད།
འདས་ཟིན་པའི་ལོ་གཅིག་ནང་རྨ་ལྷོ་ཁུལ་གྱིས་ལས་ཞུགས་ཀྱི་གཞི་རྩའི་འཆར་གཞི་བརྟན་པོ་བཟོས་པ་དང་།གྲོང་ཁྱེར་དང་གྲོང་རྡལ་དུ་མི་1459གསར་དུ་ལས་ཞུགས་ཐུབ་པ།ཞིང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་མི་ཐེངས་ཁྲི་2.19ཟིན་པ།ཤང་དང་གྲོང་རྡལ་གྱི་གྲོང་ཚོ(སྡེ་ཁུལ)སྨན་བཅོས་འགན་སྲུང་ཞབས་ཞུའི་ས་ཚིགས་150བསྐྲུན་པ།དམངས་ཕན་གྱི་རྒྱུགས་ཤོག་གསར་པ་སྤྲད་པ་བཅས་དང་དུས་མཚུངས་སྤྱི་འདོམས་འབྲེལ་མཐུད་ནུས་ལྡན་ཡག་པོ་བྱས་པ་དང་།ནོར་སྲིད་སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་7.23དོན་འཁྱོལ་བྱས་པ།ཐོན་ལས་འཕེལ་རྒྱས་དང་།རྨང་གཞི་འཛུགས་སྐྲུན།ལས་ཞུགས་རོགས་སྐྱོར་སོགས་ཀྱི་རྣམ་གྲངས་238ལག་ལེན་བསྟར་བྱས་པ་རེད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།