【ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་བསུ།】ཚད་གཞི་གསུམ་ནས་མཚོ་སྔོན་གྱི་བཅོས་སྒྱུར་གྱི་ལེའུ་གསར་པར་ལྟ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

དགུན་དུས་སུ་གྲང་ངར་ཆེ་བའི་སྐབས་སུ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་ས་ཚིགས་ནི་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་འདུག །རི་སྐྱེས་སྲོག་ཆགས་ལ་བསྐྲུན་པའི“རླུང་གཡོལ་ཁང”ཞིག་ཡིན་པའི་ངོས་ནས་2022ལོའི་ཟླ་8པ་ནས་སྤྱོད་འགོ་ཚུགས་པ་དང་དེ་གར་རི་སྐྱེས་སྲོག་ཆགས་མི་ཉུང་བ་ཞིག་སྲུང་སྐྱོབ་བྱས་ཡོད།ན་ནིང་སྲུང་སྐྱོབ་ས་ཚིགས་ཀྱིས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་སྲུང་སྐར་རྗེས་འདེད་ཐོག་མ་ལག་བསྟར་བྱས་པ་རེད།

དོན་དངོས་ཐོག་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་ཚུན་སྲུང་སྐྱོང་ནས་དོ་དམ་བར་དང་དེ་ནས་རང་བྱུང་སློབ་གསོའི་བར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་ཁྲོད་མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་མཚོན་ཡོད།དེ་ལས་ངེད་ཞིང་ཆེན་གྱི་བཅོས་སྒྱུར་ལག་ལེན་མཚོན་པའི་“སྐར་ཁུང”ད་དུང་མང་པོ་ཡོད་པ་མཐོང་ཐུབ།དེ་དག་ལས་མཚོ་སྔོན་གྱིས་བཅོས་སྒྱུར་གསར་གཏོད་མཐའ་འཁྱོངས་བྱེད་པའི་མྱུར་ཚད་དང་།དྲོད་ཚད།ཚ་རླབས་བཅས་ང་ཚོས་ཚོར་ཐུབ།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་ཐོན་ཏེ་རྒྱལ་ལམ་315བརྒྱུད་ནུབ་ཕྱོགས་སུ་བསྐྱོད་པ་དང་མཚོ་སྔོན་ཞིང་ཆེན་གྱི་འོད་ཚ་ཐོན་ལས་ལག་རྩལ་གསར་གཏོད་རྟེན་གཞི་སྟེ་གཏེར་ལེན་ཁའི་ནུས་རྒྱུ་གསར་པའི་ཐོན་ལས་གླིང་ཁུལ་དུ་ཉི་ཤེལ་ཁྲི་ཕྲག་མང་པོ་དགུང་སྔོན་དབྱིངས་ཀྱི་རྒྱན་སྤྲས་འོག་གསོན་ཤུགས་དང་རེ་བས་ཁེངས་པའི་རྒྱ་མཚོ་སྔོན་པོ་ཞིག་ཡོད།

ལུའུ་ནུས་ལེང་མཚེའུ་ཡི་གློག་ཤུགས་ཆན་ཝ་ཁྲི་50ཡི་རླུང་ཤུགས་གློག་ཁང་སོགས་གློག་གཏོང་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་དྲ་སྦྲེལ་བྱས་པ་དང་བསྟུན་ནས།2023ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གློག་ཁུངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི5497.08ཟིན་པའི་ནང་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་5107.94ཟིན་པ་དེས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་93%བཟུང་བ་དང་།ལོ་དེར་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཆན་ཝ་ཁྲི་980.88ཟིན་པ་དེ་2022ལོའི་ལོ་མཇུག་དང་བསྡུར་ན་23.77%འཕར་ཡོད་པ་རེད།

ནུས་ཁུངས་གཙང་མའི་ཐོན་ལས་ནི་ཡུལ་དུས་ལས་བརྒལ་བ་དང་།ས་ཁུལ་ལས་བརྒལ་བ།ལས་རིགས་ལས་བརྒལ་བ།ཁྱབ་ཁོངས་ལས་བརྒལ་བ་བཅས་ཀྱི་གསར་དར་ཐོན་ལས་ཤིག་ཡིན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རེ་བ་ཆེན་པོ་བཅོལ་ཡོད།ནུས་རྒྱུ་གཙང་མ་ནི་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས་མིག་སྔའི་དུས་བབ་ལ་ཚོད་དཔག་ཡང་དག་བྱས་ཏེ“མ་བསྐྱོད་ན་ཕྱིར་བཤོལ་བྱེད་པ་དང་།དལ་སྐྱོད་བྱེད་པ་དེའང་ཕྱིར་འཐེན་བྱེད་པའི”དགོས་གཏུག་གི་བསམ་པ་བརྟན་པོ་བཙུགས་ནས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་འགུལ་ངང་སྤྱི་ཡོངས་ནང་མཉམ་འདྲེས་བྱས་ཏེ་རྣམ་གྲངས་ལ་དམ་འཛིན་བྱེད་པ་མ་ཟད།སྤྱི་འདོམས་ལ་དམ་འཛིན་དེ་བས་བྱས་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

ཞིང་ཨུད་ཀྱི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་ནན་བཤད་བྱས་དོན།རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་འཆར་འགོད་དང་།རྟེན་གཞི།རྣམ་གྲངས།སྲིད་ཇུས།ཁེ་ལས་བཅས“ཕྱོགས་ལྔ་གཞི་གཅིག”གི་སྐུལ་འདེད་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ་དང་།གཙོ་གནད་ཐོག་ཞན་ཆ་གསབ་ནས་ཁུངས་དྲ་རྒྱའི་དངོས་གསོག་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ།ལས་ཀའི་གཅིག་གྱུར་འཆར་འགོད་ནུས་པ་ཆེ་རུ་བཏང་ནས“ནུས་ཁུངས་གཙང་མ་+”བརྒྱུད་མཐོ་ས་དང་“ས་ཁུལ་བཞི་”འཛུགས་སྐྲུན་མཉམ་འགུལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།འཆར་འགོད་དོན་འཁྱོལ་ཞིབ་ཚགས་དང་།གློག་ཁུངས་ཕན་ཚུན་གསབ་རེས།གློག་དྲ་ཕན་ཚུན་སྦྲེལ་མཐུད།ཐེག་ཚད་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ།ནུས་གསོག་སྣ་མང་གསར་གཏོད།སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ།ལྗང་མདོག་ཐཱན་ཉུང་མཉམ་སྤྱོད་བཅས་ཀྱི་ཐད་སླར་ཡང་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

“རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་རྒྱུའི”དམིགས་ཚད་ཁ་གསལ་དེར་དམིགས་ནས་མཚོ་སྔོན་གྱིས་རླུང་གློག་དང་འོད་ཤུགས་མཚོན་བྱེད་དུ་བྱས་པའི་ནུས་རྒྱུ་གསར་པ་མེད་པ་ནས་ཡོད་པའི་བར་དང་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ་སྲོལ་རྒྱུན་གྱི“ཆུ་མེ་རོགས་རེས”ནས“ཆུ་མེ་མཛེས་ལྗོངས”ཀྱི་ནུས་མང་གསབ་རེས་ཀྱི་གློག་ཁུངས་གྲུབ་ཆར་འགྱུར་ལྡོག་བཏང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།རང་རེའི་ཞིང་ཆེན་གྱི“མྱ་ངམ་བྱེ་ཐང”རྟེན་གཞི་ཆེན་པོ་གཞི་ཁྱོན་ཆེན་པོས་གསར་སྤེལ་དང་ཆེས་མཐོའི་མཐོ་གནོན་གྱི་སྐྱེལ་འདྲེན་མཐའ་སྣེ་མགྱོགས་མྱུར་ཆགས་པ་དང་བསྟུན་ནས་སྔོན་དཔག་བྱས་ན་2030ལོར་ནུས་རྒྱུ་གསར་པ་འཛུགས་སྐྲུན་གྱི་གཞི་ཁྱོན་ཆན་ཝ་དུང་ཕྱུར་1ལས་བརྒལ་རྒྱུ་རེད།

ན་ནིང་མཚོ་ཤར་གྲོང་ཁྱེར་གཞུང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཤང་ཞ་ཁོའུ་གྲོང་ཚོར་སྡོད་པའི་མ་ཧེང་ཉན་གྱི་ཁྱིམ་དུ་བུ་གཉེན་སྒྲིག་བྱས་པ་རེད།སྒྲོག་ཙེ་རེར་ཆང་སྟོན་སྒོར་700ལྷག་ཙམ་ཡོད་པ་དང་གཉེན་སྟོན་གྱི་སྔ་རྗེས་སུ་ཉིན་གསུམ་ལས་འགོར་གྱི་མེད།གོམས་སྲོལ་བསྒྱུར་བའི་ལས་དོན་ལ་སྐུལ་འདེད་མ་བཏང་གོང་གྲོང་ཚོའི་ཀྲང་ལུའོ་ལྟ་བུའི་བཀྲ་ཤིས་པའི་དོན་དག་དེ་གོང་གི་རྗེས་སུ་ཉིན་བཅུ་ཡས་མས་དགོས་པ་དང་འགྲོ་གྲོན་ཡང་དེ་ཙམ་གྱིས་མི་ཚད།

“སྔོན་ཆད་གཉེན་སྒྲིག་དུར་འཇུག་དང་གནས་སྤོ་རྒྱུགས་སྤྲོད་སློབ་གྲྭས་སྐུ་མགྲོན་གདན་དྲངས་ནས་གསོལ་སྟོན་བཤམས་ཏེ་ངོ་སོ་ཡོང་ཆེད་མི་འགའ་ཞིག་གིས་ཐ་ན་བུ་ལོན་གྱི་སྟེགས་བུ་མཐོན་པོར་བསྐྲུན་གྱི་ཡོད།དུས་ཚོད་ངེས་ཅན་ཞིག་གི་རིང་ལ་གསོལ་སྟོན་ཐོག་ཀྲུང་ཧྭའི་ཐ་མག་བསྒྲིགས་ཡོད”ཞ་ཁོའུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཱ་ཀྲན་ཁུའེ་ཡིས་ད་དུང་བསམ་ཡུལ་ལས་འདས་པའི་ཚོར་སྣང་ཞིག་སྐྱེས་བྱུང་།

གྲོང་སྲོལ་དམངས་ཆིངས་བཟོས་པ་དང་དམར་པོའི་ལས་འཛིན་ལྷན་ཚོགས་བཙུགས་པ་སོགས་དུས་ཐུང་ལོ་ཤས་རིང་ཞ་ཁོའུ་གྲོང་ཚོའི་གོམས་སྲོལ་སྒྱུར་བའི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།ཧྲུའུ་ཅི་མཱ་ལགས་ཀྱིས་གསར་འགོད་པར་ད་ཆ་གཉེན་སྒྲིག་གི་བྱ་བ་གསར་དུ་སྒྲུབ་པ་དང་འདས་མཆོད་སྟབས་བདེ་རུ་གཏོང་རྒྱུ་དེ་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད་ཅེས་བཤད་བྱུང་།

ཞ་ཁོའུ་གྲོང་ཚོའི་འགྱུར་ལྡོག་ནི་མཚོ་ཤར་གྲོང་ཁྱེར་གྱི་གོམས་སྲོལ་སྒྱུར་བའི་ལས་དོན་སྤེལ་བའི་བསྡུས་རིས་ཤིག་རེད།དར་ཚོན་མཐོ་པོ་དང་།དུར་འཇུག་གསོ་སྐྱོང་།རྒྱས་སྤྲོས་རྒྱས་གཤོམ་བྱེད་པ།རྨོངས་ཚོད་ཀྱིས་བསྡུར་རེས་བྱེད་པ་སོགས་ཀྱི་དར་སྲོལ་མགོ་འབུས་པ་མ་ཟད་ཇེ་སྡུག་ཏུ་འགྲོ་བའི་སྣང་ཚུལ་དང་གནད་དོན་ལ་དམིགས་ནས།2020ལོའི་ཟླ་7ཚེས་1ཉིན་མཚོ་ཤར་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཡུལ་སྲོལ་གོམས་གཤིས་སྒྱུར་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་སྟེ《མཚོ་ཤར་གྲོང་ཁྱེར་གྱི་ཡུལ་སྲོལ་གོམས་གཤིས་སྒྱུར་བའི་སྐུལ་འདེད་སྲོལ་ཡིག》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་རེད།ལོ་ཤས་རིང་ལམ་ལུགས་འཛུགས་པ་དང་།གོམས་སྲོལ་རྙིང་པ་སྒྱུར་བ།སྲོལ་ངན་སེལ་བ།ཚན་རིག་དང་མཐུན་པ།སྲོལ་གསར་དར་སྤེལ་གཏོང་བ་སོགས་ཀྱི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་དར་སྲོལ་ངན་པའི་རྐྱེན་གྱིས་དབུལ་པོར་གྱུར་པའི་སྣང་ཚུལ་བཀག་འགོག་ནུས་ལྡན་བྱས་པ་དང་སྤྱི་ཚོགས་ཀྱི་དར་སྲོལ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་གྲོང་གསེབ་ཀྱི་ཤེས་དཔལ་སྲོལ་བཟང་གསར་པའི་མཚོ་ཤར་དཔེ་མཚོན་བཏོད་ཡོད།

གོམས་སྲོལ་བསྒྱུར་བའི་ལས་དོན་སྤེལ་ཚུན་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཅི་ཧྲི་གྲོང་རྡལ་གྱིས་གོམས་སྲོལ་བསྒྱུར་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་འབྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཏུ་བརྩིས་ནས་བཀྲ་ཤིས་པའི་བྱ་བ་གསར་པ་སྒྲུབ་པ་དང་།འདས་མཆོད་སྟབས་བདེ་བྱེད་པ།དུར་འཇུག་ཡག་པོ་བྱེད་པ་བཅས་ཁྱབ་གདལ་ཤུགས་ཆེན་བཏང་ཞིང་།ན་ནིང་ཁོ་ནར་གྲོང་རྡལ་ཡོངས་ཀྱིས་གཉེན་སྒྲིག་དང་གཤིན་པོ་དུར་སྐྱེལ་སོགས་ཀྱི་བྱ་བ་80ལྷག་ཙམ་སྤེལ་ནས་དཔལ་འབྱོར་གྱི་གཏོང་སྒོ་སྒོར་ཁྲི་500ལྷག་ཙམ་ཐད་ཀར་གྲོན་ཆུང་བྱས་ནས་མང་ཚོགས་ཀྱི་གནོན་ཤུགས་ཆུང་དུ་ཏན་ཏིག་བཏང་ཡོད།གྲོང་སྲོལ་དམངས་ཆིངས་ཐོག་མཐའ་བར་གསུམ་དུ་སྣེ་ཁྲིད་དེ་ལག་བསྟར་བྱེད་མཁན་ཀ་པེ་ལེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཱ་ཨ་པུའུ་ཡིས་བཤད་པ་ལྟར།“གོམས་སྲོལ་བསྒྱུར་བ་ནི་སྤྱི་ཚོགས་དང་ཁྱིམ་ཚང་གཉིས་ཁེ་ཡོང་བ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་སྲིད་ཇུས་བཟང་པོ་ཞིག་རེད”།

སྲིད་ཇུས་ཀྱི་གསོན་ཤུགས་ནི་ལག་བསྟར་བྱ་རྒྱུར་ཐུག་ཡོད་པས།སྲིད་ཇུས་བཟང་པོས་ཕན་འབྲས་ཡག་པོ་འདོན་སྤེལ་བྱེད་དགོས་ན།ངེས་པར་དུ་སྲིད་ཇུས་དོན་འཁྱོལ་དོན་འཁྱོལ་བྱེད་པའི་“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།

“གོང་རིམ་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པའི་རྨང་གཞིའི་ཐོག་ང་ཚོས་གྲོང་རྡལ་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ‘12345ལས་དོན’གྱི་བྱེད་ཐབས་འཚོལ་ཞིབ་དང་ཁྱབ་གདལ་ཧུར་ཐག་བཏང་བར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད”ཅི་ཧྲི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧན་ཅིན་ཕུའུ་ཡིས་གོམ་སྟབས་རྗེས་མར་ཅི་ཧྲི་གྲོང་རྡལ་གྱིས་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་གོང་འོག་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་བཞི་ནས་འགོ་བཙུགས་ཏེ་གོམས་སྲོལ་སྒྱུར་བའི་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

དྲ་ཐོག་ཚོང་དོན་ཐོན་ལས་འཕེལ་རྒྱས་འགྲོ་བ།

ལི་ཙེང་ཀོང་མཐོང་སྐབས་ཁོང་གིས་ཐད་གཏོང་ཚོང་ཟོག་འཁྱེར་བའི་གནས་ཚུལ་ལ་བསམ་བློ་གཏོང་བཞིན་ཡོད།མཚོ་སྔོན་དབྱིན་ལན་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡིན་པའི་ངོས་ནས་ལོ་30ལ་སླེབས་པའི་ན་གཞོན་དེས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཕ་ཡུལ་གྱི་ཞིང་ལས་ཐོན་རྫས་སྒོར་ཁྲི་སྟོང་ཕྱིར་ཚོང་བྱས་པ་རེད།

ལི་ཙེང་ཀོང་ནི་མིང་ཧོ་རྫོང་མཱ་ཡོན་ཤང་ནས་ཡིན་པ་དང་།2015ལོར་མིང་ཧོ་ཡིས་ན་གཞོན་ལས་གཏོད་པ་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་བྱ་གཞག་ནང་ཞུགས་རྒྱུའི་འབོད་སྐུལ་ཤུགས་ཆེན་བྱས་པ་རེད།སློབ་ཆེན་རིང་ཐའོ་པའོ་ཚོང་ཁང་ཞིག་གཉེར་མྱོང་བའི་ལི་ཙེང་ཀོང་གིས་གནས་ཚུལ་དེ་ཤེས་རྗེས་འཕྲལ་མར་ཕ་ཡུལ་དུ་ལོག་ནས་སྲིད་གཞུང་གིས་རིན་མེད་ངང་མཁོ་འདོན་བྱས་པའི་གཞུང་ལས་བྱ་ཡུལ་དུ་ལས་གཏོད་ཀྱི་གོམ་སྟབས་དང་པོ་སྤོས་པ་རེད།

ད་ཆ་ལི་ཙེང་ཀོང་གི་ཀུང་སིར་ལས་མི་32ཡོད་པ་དང་ཕྱིར་ཚོང་ལས་སྟེགས་དེ་ཐོག་མའི་གཅིག་ནས་བཅུ་གྲངས་བར་མང་དུ་ཕྱིན་པ་དང་ཕྱིར་ཚོང་ཚོང་ཟོག་ཀྱང་དེ་སྔ་ཞོག་ཁོག་གཅིག་ལས་མེད་པ་ནས་200ལྷག་ཙམ་བར་མང་དུ་ཕྱིན་པ་དང་ཀུང་སིའི་ལོ་གཅིག་གི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་1200ཟིན་ཡོད།

2022ལོར་ལི་ཙེང་ཀོང་གིས་མ་དངུལ་སྒོར་ཁྲི་280བཏང་ནས་མིང་ཧོ་རྫོང་དུ“གྲོང་གསེབ་ཀྱི་གཙོ་གཏོང་གསོ་སྐྱོང་རྟེན་གཞི”བཙུགས་པ་དང་།གཙོ་བོ་ཁེ་ལས་ཀྱི་གཙོ་གཏོང་གསོ་སྐྱོང་དང་།གྲོང་གསེབ་ཀྱི་གཙོ་གཏོང་མི་སྣ་གསོ་སྐྱོང་།དྲ་ཐོག་ཚོང་དོན་གྱི་གླེང་སྟེགས་གཙོ་བོ།དྲ་ཐོག་ཚོང་དོན་གྱི་ཤེས་ལྡན་པ་གསོ་སྐྱོང་སོགས་ལ་ཞབས་འདེགས་ཞུས་ཏེ་མིང་དང་རྫོང་གི་དྲ་ཐོག་ཚོང་དོན་ཐོན་ལས་སྔར་བས་འཕེལ་རྒྱས་གཏོང་ཆེད་ཤེས་ལྡན་པ་གསོག་འཇོག་བྱས་པ་མ་ཟད།ཕུགས་འདུན་འཆང་མཁན་གཞོན་ནུ་དེ་བས་མང་བར་དྲ་ཐོག་ཚོང་དོན་ལས་གཏོད་ཀྱི་སྒོ་དམའ་རུ་བཏང་ཡོད།

དོན་དངོས་ཐོག་ལི་ཙེང་ཀོང་གི་ལས་གཏོད་ལོ་རྒྱུས་དེ་ས་གནས་དེ་གའི་དྲ་ཐོག་ཚོང་དོན་ཐོན་ལས་ལ་བརྟེན་ནས་རྫོང་ཁོངས་དཔལ་འབྱོར་གྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་པའི་བསྡུས་རིས་ཤིག་རེད།

དྲ་སྦྲེལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཐོན་ལས་དེ་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཕེལ་རྒྱས་གཏོང་སྟངས་གསར་པ་ཞིག་ཏུ་གྱུར་ཡོད།ཙོང་ཆུའི་རོང་སར་གནས་པའི་བཀའ་མ་ལོག་རྫོང་ལ“ས་མཐོའི་འབྲུ་མཛོད་དང་ཀྭ་རིགས་ཀྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད།འོན་ཀྱང་རི་བོ་དང་ལུང་ཤུར་ཟབ་པ་དང་།འགྲིམ་འགྲུལ་སྟབས་བདེ་མེད་པ།འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་སྐབས་ཤིག་རིང་དམངས་དང་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ཡོད།

ཉེ་བའི་ལོ་ཤས་རིང་།བགཞུང་ཐང་རྫོང་གིས་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ་འཚོལ་ཞིབ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་བ་དང་།དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས་ཐོན་རྫས་འགྲེམས་སྟོན་དང་།ཐོན་རྫས་ཐུམ་སྒྲིལ།སྤུས་རྟགས་སྐྱེད་སྲིང་།མཛོད་ཉར་ཟོག་འགྲེམས་ཞབས་ཞུའི་ས་ཚིགས་ཁག་22བསྐྲུན་པ་དང་།རྫོང་ལ་དྲ་ཐོག་ཚོང་དོན་ཞབས་ཞུ་ལྟེ་གནས་དང་། ཤང་གྲོང་ལ་ཟོག་འགྲེམས་བར་བརྒྱུད་ས་ཡོད་པ། གྲོང་ཚོར་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཡོད་པ་བཅས་རིམ་གསུམ་ཟོག་འགྲེམས་ཞབས་ཞུའི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་རེད།

“གླིང་ཁུལ་དུ་གཞུང་ལས་ཁང་པ་དང་།སྒྲིག་ཆས།གྲང་མཛོད།མཛོད་ཁང་།དེ་བཞིན་ཆུ་གློག་སོགས་སྡེ་ལས་ཀྱི་འགྲོ་གྲོན་རིན་མེད་ངང་མཁོ་འདོན་བྱས་པ་དང་།བཅའ་སྡོད་ཁེ་ལས་ཚང་མར‘ཁུག་མ་ཁྱེར་ནས་བཅའ་སྡོད་བྱེད་པའི’མངོན་འགྱུར་བྱུང་ཡོད།མིག་སྔར་ཞིང་ལས་ཐོན་ཟོག་གི་དྲ་ཐོག་ཚོང་དོན་ཁེ་ལས་28བཅའ་སྡོད་བྱས་ནས་ས་གནས་དེ་གའི་ནོར་ལུག་དང་ཞོག་ཁོག་སོགས་ཞིང་ཞོར་ཐོན་རྫས་ཀྱི་སྤུས་རྟགས་20ལྷག་ཙམ་སྐྱེད་སྲིང་དང་དྲ་རྒྱའི་ཚོང་གཉེར་སོགས་ཁྱོན་ཡོངས་ནས་དང་ལེན་བྱས་ཡོད”བཀའ་མ་ལོག་རྫོང་དྲ་ཐོག་ཚོང་དོན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཡེ་ཁྲེང་གིས།“བཅུ་བཞི་ལྔ”རིང་།བཀའ་མ་ལོག་དང་རྫོང་གིས“དྲ་ཐོག་ཚོང་དོན་གྱིས་ཞིང་ལས་དར་རྒྱས་ལ་རོགས་རམ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི”འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་2025ལོར་སླེབས་སྐབས་རྫོང་ཡོངས་ཀྱི་གློག་རྡུལ་ཚོང་དོན་ཉོ་ཚོང་བྱེད་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་20ཡན་ཟིན་པ་དང་།ཞིང་ལས་ཐོན་ཟོག་ཉོ་ཚོང་བྱེད་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་5ཡན་ཟིན་ནས་དྲ་ཐོག་ཚོང་དོན་གྱིས་ཞིང་པར་འབབ་འཕར་དང་།ཞིང་ལས་ཐོན་ཟོག་ཕྱོགས་སྒྱུར་དང་།གྲོང་གསེར་དར་སྤེལ་ཐད་ནུས་པ་གལ་ཆེན་ཐོན་པ་རེད།

[གསར་འགོད་པའི་མྱོང་ཚོར།]སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་རབ་ཏུ་འཕེལ་བར་བྱེད་དགོས།

བཅོས་སྒྱུར་མཚམས་མི་འཇོག་པ་དང་སྒོ་འབྱེད་གོམ་སྟབས་མཚམས་མི་འཇོག་པ།

2023ལོར་ཟི་ལིང་གྲོང་ཁྱེར་གྱིས“ཕྱིར་སྐྱོད་པ”དང“ནང་འདྲེན”བྱེད་རིང་ཚོང་འགུགས་མ་འདྲེན་གྱི་ཐབས་ལམ་གསར་པ་རྒྱ་ཆེར་བཏང་བ་དང་།རྣམ་གྲངས་ནང་འདྲེན་བྱ་རྒྱུ་ཚད་བརྒལ་བྱེད་སའི་འདེགས་སྐྱོར་ས་ཚིགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱིར་ཚོང་འགུགས་བྱེད་སྒོ་ཐེངས་247སྤེལ་བ་དང་།ཁེ་ལས་631དང་རྣམ་གྲངས་234འོས་སྦྱོར་ངོ་འཕྲད་གྲོས་མོལ་བྱས་པ།མཉམ་ལས་ཀྱི་འདོད་འདུན་ཁག་31རགས་ཙམ་བཞག་པ།སྒྲོམ་གཞིའི་མཉམ་ལས་གྲོས་མཐུན་12ལ་མིང་རྟགས་བཀོད་པ་བཅས་རེད།དེ་ནི་མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་ནས་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་དང་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བའི་བསྡུས་རིས་ཤིག་རེད།

མཚོ་སྔོན་ནི“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”ཐོག་ས་ཁམས་དང་ས་བབ་ཀྱི་ལེགས་ཆ་གལ་ཆེན་ལྡན་པའི་ཞིང་ཆེན་ཞིག་ཡིན་པ་དང་དུས་མཚུངས་མཚོ་སྔོན་འདི་ཉིད་སྐམ་སའི་དབུས་ཁུལ་དུ་གནས་པས་བཅོས་སྒྱུར་དང་།སྒོ་འབྱེད།གསར་གཏོད་བཅས་མ་བྱས་ན་མདུན་ལམ་ཡོད་ཁག་པོ་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས།“དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ཆགས་པ་དང་།‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་དང་།རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་།སྤུས་ཚད་མཐོ་བའི་འཕེལ་རྒམཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཆུ་ཚད་མཐོ་བའི་སྒོ་འབྱེད་བྱེད་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་མཚོན་རྟགས་གསལ་པོ་ཞིག་ཡིན་ལ་སྒོ་འབྱེད་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོ་ཞིག་ཀྱང་རེད།སྒོ་འབྱེད་བྱས་ན་ཡར་ཐོན་ཡོང་བ་དང་བཀག་སྡོམ་བྱས་ན་རྗེས་ལུས་ཐེབས་ངེས་ཡིན་པ་དང་།སྒོ་འབྱེད་འཕེལ་རྒྱས་ཀྱིས་དོ་སྣང་བྱེད་པ་ནི་འཕེལ་རྒྱས་ཀྱི་ཕྱི་ནང་མཉམ་འགུལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན།རང་རེའི་ཞིང་ཆེན་གྱི་འཕེལ་རྒྱས་ལ་དགེ་མཚན་ལྡན་པ་དང་།རང་འགུལ་ཐོབ་པ།འབྱུང་འགྱུར་ཐོབ་པ་བཅས་བྱེད་དགོས་ན།ངེས་པར་དུ་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག“གསར་གཏོད་སྒོ་འབྱེད་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་མྱུར་བསྐྲུན་རྒྱུ”ཐད“ཕྱི་ཕྱོགས་སྒོ་འབྱེད་ལས་སྟེགས་དང་བགྲོད་ལམ་རྒྱ་ཆེར་ནུས་ལྡན་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་དང་ཞབས་ཞུའི་ཁྲོད་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས”ཞེས་བཏོན་ཡོད།ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང་།འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མགྱོགས་མྱུར་ཞུགས་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པའི”བླང་བྱ་བཏོན་ཡོད།

ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་།ཁ་གཏད་རོགས་སྐྱོར།ཀྲུང་དབྱང་གི་གཙོ་གནད་རོགས་སྐྱོར་བཅས་ཟབ་ཏུ་གཏོང་བ་དང་།“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ།མཉམ་སྐྲུན་ཐོན་ལས་གླིང་དང་ཐོན་ལས་གཞན་སྒྱུར་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ།ཀྲུང་གོ(མཚོ་ཤར)རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་དང་མཚོ་སྔོན་ཚའོ་ཅ་པའོ་ཁྲལ་སྲུང་ཟོག་འགྲེམས་ལྟེ་གནས་སོགས་ཕྱི་ཕྱོགས་དཔལ་འབྱོར་ལས་སྟེགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་།རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་དང་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་སོགས་ཕྱི་ཕྱོགས་དཔལ་འབྱོར་གྱི་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་འཕེལ་རྒྱས་ཤུགས་ཆེན་བཏང་བ།སྔར་བྱུང་མྱོང་མེད་པའི་བཅོས་སྒྱུར་བྱེད་ཐབས་ཤིག་དང་ལས་སླ་པོར་ཐོབ་པ་ཞིག་མིན་པའི་སྒོ་འབྱེད་གྲུབ་འབྲས་རེ་རེ་བཞིན་དུས་རབས་གསར་པའི་མཚོ་སྔོན་གྱི་བཅོས་སྒྱུར་སྒོ་འབྱེད་བརྗིད་ཉམས་ལྡན་པའི་ལེ་ཚན་དཀྲོལ་བ་དང་མཚོ་སྔོན་གྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས“བཅོས་སྒྱུར་སྒོ་འབྱེད་མཐར་ཕྱིན་པ་བྱེད་པའི”བླང་བྱ་གལ་ཆེན་དེ་དོན་ཐོག་ཏུ་འཁྱོལ་བ་དང་ཞིབ་ཕྲའི་སྒོ་ནས་ལག་བསྟར་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ཡོད།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་སྐབས་ང་ཚོར་སྲིད་ཇུས་ཀྱི་ཕན་པ་མང་པོ་ཡོད་པ་དང་།དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་།རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས།འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས།ཁ་གཏད་མཚོ་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས།བོད་འབྲེལ་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པས།སྲིད་ཇུས་ཀྱི་རྩེག་མང་ཚོས་ཡིད་ཆེས་བརྟན་དུ་གཏོང་བ་དང་།དུས་དཔགས་བབ་བསྟུན་གྱིས་རང་ངོས་འཕེལ་རྒྱས་ཀྱི་ལེགས་ཆར་སྔར་བས་དབྱེ་ཞིབ་དང་སྟངས་འཛིན་གཏིང་ཟབ་བྱེད་པ།ཕན་ཡོད་ཆ་རྐྱེན་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་ཡག་པོ་བྱེད་པ།རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་མཚོ་སྔོན་ལ་བཏོན་པའི་ལས་འགན་གསར་པ་དང་གོ་སྐབས་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ།དགེ་སྤེལ་སྐྱོན་སྤོང་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། རྒྱལ་ནང་གི་མཁོ་སྤྲོད་སྦྲེལ་ཐག་གི་གསར་གཏོད་འབྲེལ་ཐག་ནང་གཏིང་ཟབ་ཞུགས་པ། འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་། ནུས་རྒྱུ་གཙང་མ། སྣོད་བཅུད་ཡུལ་སྐོར། ཁྱད་ལྡན་ཞིང་འབྲོག་ལས། ལེགས་ལྡན་གསར་དར་ཐོན་ལས་སོགས་ཁྱབ་ཁོངས་སུ་གཅིག་སྡུད་བྱ་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱེད་པ། མཁོ་སྤྲོད་མ་ལག་གི་འཚམ་མཐུན་རང་བཞིན་དང་། མྱུར་བཀོད་རང་བཞིན། གཞི་ཁྱོན་རང་བཞིན་བཅས་ཆེ་རུ་བཏང་ནས་རྒྱལ་ནང་གི་ཁྲོམ་རའི་དགོས་མཁོ་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་སྒུལ་ནུས་གསར་པ་དང་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་འཕེལ་བ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།