
མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས“གཙང་གསུམ་ཆུ་འགོ”རུ་ཡོད་པ་དང“ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་མཚན་བཟང་ཡང་སྤྲད་ཡོད།དྭངས་གཙང་གི་ས་གཞི་དེའི་ཐོག་གཙང་གསུམ་ཆུ་འགོའི་ཆུ་ཁུངས་གསོ་འཁྱོངས་བྱེད་ཚད་ལོ་རེར་ཆ་སྙོམས་འཕར་ཚད་6%ཡན་ཟིན་ནས། ལོ་ལྟར་སྨད་རྒྱུད་ལ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ནས་900བར་གྱི་ཆུ་འགོ་མཁོ་འདོན་བྱེད་ཀྱི་ཡོད་པ་དང་།རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་75.85%བཟུང་བ་དང་།རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཞིང་ཆེན་དེ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་39.08%བཟུང་བ།ནགས་ཚལ་ཁྱབ་ཚད་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་སོ་སོར་7.57%དང་57.9%ཡན་གྱི་གཙང་ཆུ་སྤུས་ལེགས་རྒྱུན་འཁྱོངས་ཐུབ་ཡོད།
རྩི་ཤིང་བཙུགས་ན་རྒྱལ་ཁབ་ཕྱུག་པོར་འགྱུར་སྲིད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལས་“ངེས་པར་དུ་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་འཆར་འགོད་བྱེད་དགོས་”ཞེས་ནན་བཤད་བྱས་ཡོད།མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་།མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་མགྱོགས་སུ་གཏོང་བ།རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་དང་།བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
རྒྱབ་ལྗོངས་ཆེན་པོ་འདིའི་འོག་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་ཇི་ལྟར་བཏང་ནས་དཔལ་འབྱོར་གྱི་ཕན་འབྲས་དང་།སྤྱི་ཚོགས་ཀྱི་ཕན་འབྲས།སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བ་བྱེད་དགོས་སམ།ཐོན་སྐྱེད་འཕེལ་རྒྱས་དང་།འཚོ་བ་ཕྱུག་འགྱུར།སྐྱེ་ཁམས་བཟང་བ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཇི་ལྟར་བསྐྱོད་དེ།མི་དམངས་མང་ཚོགས་ཀྱིས་སྔོ་ཞིང་དྭངས་པའི་རི་ཀླུང་ཁྲོད་རང་བྱུང་གི་མཛེས་སྡུག་དང་།ཚེ་སྲོག་གི་མཛེས་པ།འཚོ་བའི་མཛེས་སྡུག་བཅས་ལོངས་སུ་སྤྱོད་དུ་འཇུག་དགོས་སམ།
ཚོགས་འདུ་གཉིས་རིང་འདི་ག་ཚགས་པར་གྱི་གསར་འགོད་པས་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཐོ་རིམ་སློབ་འབྲིང་གསུམ་པའི་དགེ་རྒན་ཀྲེང་ལི་མིན།ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན།མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིའུ་ལུའུ་ཆིང་།ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཏ་ཚུན།ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན།མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཤེ་ཀྲན་ལིང་།ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གཞུང་ཐང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་གི་རྫོང་དཔོན་མཱ་ཞའོ་ཡུས་བཅས་གདན་དྲངས་ནས་ཐུན་མོང་ཐོག་བརྗོད་གཞི་དེ་ཚད་ཡོད་ཀུང་སིར་གྲོས་བསྡུར་བྱས་པ་རེད།
གསར་འགོད་པ། སྣོད་བཅུད་དཔལ་ཡོན་ནི་མི་དམངས་མང་ཚོགས་ཐུན་མོང་ཐོག་ཞུགས་པ་དང་།ཐུན་མོང་ཐོག་འཛུགས་སྐྲུན།ཐུན་མོང་ཐོག་ལོངས་སྤྱོད་བཅས་བྱེད་པའི་བྱ་གཞག་ཅིག་ཡིན་ཞིང་།ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་སྣོད་བཅུད་མཛའ་གྲོགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་མྱུར་བསྐྲུན་དགོས་ཞེས་བཏོན་ཡོད།ཁྱེད་ཚོའི་མིག་ནང་གི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ནི་ཅི་འདྲ་ཞིག་ཡིན།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཐོ་རིམ་སློབ་འབྲིང་གསུམ་པའི་དགེ་རྒན་ཀྲེང་ལི་མིན་གྱིས་གསུངས་དོན།མིས་རི་བོ་སྔོན་པོ་སྟོང་ཟད་དུ་མི་གཏོང་བ་དང་།རི་བོ་ཆིང་ཧྲན་གྱིས་མི་སྟོང་ཟད་དུ་གཏོང་མི་སྲིད།ངས་བལྟས་ན།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱིས་དཔལ་འབྱོར་གྱི་དཔེ་དབྱིབས་དང་འཚོ་བ་སྐྱེལ་སྟངས་ལྗང་མདོག་གི་ཕྱོགས་སྒྱུར་མཚོན་པ་དང་།དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ན་དེང་རབས་པའི་དགོས་མཁོ་ཁོ་ན་སྐོང་བ་ལས་བུ་རབས་ཚ་རྒྱུད་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་མི་རུང་།ལྷག་པར་དུ་རྒྱལ་ཡོངས་ས་གནས་ཁག་གིས་ཐཱན་གྱི་མཐོ་ཚད་དང་།ཐཱན་དང་“ལམ་ཐིག་རི་མོ”བསྟུད་མར་བཏོན་པ་དང་བསྟུན་ནས།“ལྗང་མདོག་ཅན་”དེ་འཕར་སྣོན་གྱི་སྒུལ་ནུས་གསར་པ་དང་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པར་བརྩིས་ནས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས།
དེ་དང་ཆབས་ཅིག་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་འདུ་ཤེས་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་དེའང་མཐོ་རིམ་སློབ་འབྲིང་ས་ཁམས་རིག་ཚན་ཁྲོད་ཀྱི་ལྟེ་བའི་རྒྱུ་རྐྱེན་གཙོ་བོ་མཚོན་པ་ཞིག་རེད།ངས་བལྟས་ན།ལྗང་མདོག་འཚོ་བ་ནི་ལྕེ་ཐོག་གི་གོ་རྟོགས་སད་པ་དང་འོད་སྡེར་གྱི་བྱ་སྤྱོད་ཅིག་ཡིན་པ་དང་།ཐུམ་སྒྲིལ་ཚད་ལས་བརྒལ་བ་དང་ལེན་མི་བྱེད་པར་ཐེངས་གཅིག་རང་བཞིན་གྱི་གསོལ་ཆས་དང་ཁ་བྲལ་བ་ཞིག་ཡིན།སྤྱི་པའི་ཕྱིར་སྐྱོད་དང་ལྗང་མདོག་ཕྱིར་སྐྱོད་བྱེད་པ།ཁྱིམ་སྡོད་གྲོན་ཆུང་བསྲི་ཚགས་ཀྱང་ཡིན་ལ་ཆུ་གྲོན་ཆུང་དང་གློག་གྲོན་ཆུང་དང་གད་སྙིགས་རིགས་དབྱེ་ཡག་པོ་བྱེད་དགོས།ང་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་དང་དགེ་རྒན་ཞིག་ཡིན་པས་ངས་ངའི་སྟོབས་ཤུགས་དང་བྱ་སྤྱོད་དངོས་ལ་བརྟེན་ནས་སློབ་མར་སློབ་གསོ་བཏང་སྟེ་ཉེ་འགྲམ་གྱི་མི་དེ་བས་མང་བས་ལྗང་མདོག་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ།བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་ཟེར།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིའུ་ལུའུ་ཆིང་གིས“རང་བྱུང་དགེ་རྒན་དུ་བྱེད་པ་དང་བྱ་དངོས་ཡོད་ཚད་དང་གྲོགས་པོར་བྱེད་པ”ནི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་ཡང་དག་པའི་སྒོ་འབྱེད་པའི་བྱེད་ཐབས་ཤིག་རེད།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བཙུགས་པ་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་བྱེད་འགོ་ཚུགས་པའི་བར་དང་།དེ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་བར་རང་བྱུང་སློབ་གསོ་སྔ་རྗེས་སུ་མཚོ་སྔོན་གྱི་སློབ་གྲྭ་དང་།སྡེ་ཁུལ།ཤང་གྲོང་།ཁེ་ལས་སོགས་སུ་སྤེལ་ནས་སྤྱི་དམངས་ཀྱིས་མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དེས་སྲུང་སྐྱོང་ལས་དོན་གྱི་རྒྱུན་མཐུད་རང་བཞིན་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
རང་བྱུང་སློབ་གསོའི་ལས་དོན་སྒྲུབ་མཁན་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་འབྱུང་འགྱུར་ངས་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོའི་ཕྱི་ནང་འབྲེལ་གཏུག་ཡག་པོ་བྱ་རྒྱུ་ཡིན།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་ཀྱི་སྤྱི་ཚོགས་སྟོབས་ཤུགས་དང་འབྲེལ་བ་དམ་ཟབ་བྱས་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཁ་གསབ་ནུས་ལྡན་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་ལ་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་གི་སྟོབས་ཤུགས་གསར་པ་ཞིག་གཅིག་ཏུ་བསྡུ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།ཕྱོགས་ཁག་དང་མཉམ་ཤུགས་ཆགས་པ་བྱས་ནས་མཚོ་བོད་ས་མཐོ་དང་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་དཔལ་ཡོན་སློབ་གསོའི་ལས་སྟེགས་གསར་པ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་།མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོའི་སྤུས་རྟགས་ཁྱུ་ཚོགས་གཙོ་གནད་ཐོག་བཏོད་དེ་རང་བྱུང་སློབ་གསོའི་མ་ལག་ཅན་འཛུགས་སྐྱོང་ལ་ཕན་འབྲས་དངོས་ཐོབ་རྒྱུར་རོགས་རམ་བྱས་ཏེ་རྒྱལ་ཡོངས་ཀྱི་རང་བྱུང་སློབ་གསོར་མཚོ་སྔོན་གྱི་ཉམས་མྱོང་མཁོ་འདོན་བྱས་ཡོད།

གསར་འགོད་པ། ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་འཕེལ་རྒྱས་གཏོང་མི་དགོས་པ་ཞིག་མིན”ཞེས་བསྟན་པ་དང་།སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་འཕེལ་རྒྱས་གཏོང་མི་དགོས་པ་ཞིག་མིན་པར་ལེགས་ཤིང་མྱུར་བའི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱེད་དགོས་པ་གསལ་བཤད་གཏིང་ཟབ་བྱས་ཡོད།དྲི་བ།མིག་སྔའི་དུས་བབ་འོག་སྐྱེ་ཁམས་ཁོར་ཡུག་གི་མཐའ་ཚད་ཇི་ལྟར་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་བྱེད་དགོས་སམ།མ་འོངས་པར་རྒྱང་ལྟ་ཇི་འདྲ་ཞིག་བྱེད་བཞིན་ཡོད།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཏ་ཚུན་གྱིས།ཉེ་བའི་ལོ་ཤས་རིང་ནང་ཆེན་རྫོང་གིས་སྣོད་བཅུད་དཔལ་ཡོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བས་2023ལོའི་མཁའ་རླུང་སྤུས་ཚད་ལོ་ཧྲིལ་པོར་ལེགས་པ་དང་།གཙང་པོ་གཙོ་བོའི་བཅད་ཁའི་ཆུའི་སྤུས་ཚད་ལོན་ཚདང་ཚོས་ནང་ཆེན་གྱི་སྣོད་བཅུད་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྣོད་བཅུད་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་དང་མཛེས་སྡུག་ལྡན་པའི་རྣམ་པ་དེ་དཔལ་འབྱོར་གྱི་རིན་ཐང་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ“བློ་གཅིག་སེམས་གཅིག་གིས་ཁུལ་གསུམ་དང་ལམ་གསུམ”གྱི་སྣོད་བཅུད་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ལམ་ཐིག་ཧྲིལ་པོ་214ཡི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་མཐོ་རུ་བཏང་བ་དང་།2023ལོར་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་12ལ་སྣེ་ལེན་ཞུས་ཡོད།ང་ཚོས་སྣོད་བཅུད་སྔོན་ལ་ལྗང་མདོག་འཕེལ་རྒྱས་གཏོང་བའི་མཐའ་ཚད་བརྟན་པོར་སྲུང་བ་དང་།གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ།ནང་ཆེན་གྱི“ནག་གསུམ་དམར་གཅིག”(ནས་ནག་པོ་དང་།སྦི་རག་ནག་པོ།རྫ་ནག་བཅས་དང་།ཚྭ་དམར་པོ)གཙོ་ཁྲིད་ཐོན་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་འབབ་འཕར་དང་སྣོད་བཅུད་བརྟན་པོ་གཉིས་ཕན་ཡོང་བ་བྱེད་དགོས།
འབྱུང་འགྱུར་ནང་ཆེན་རྫོང་གིས“སྔོ་ཞིང་དྭངས་བའི་རི་ཆུ་རིན་ཆེན་གསེར་རིའི་ལྷག་ཡིན་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་ས་ཁུལ་བཞིའི་འཛུགས་སྐྲུན་ལ་དམ་པོར་དམིགས་ནས་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས“གཟུགས་བརྙན་གསུམ་ཡག་པོ་འཛུགས་པ་དང་།ཁུལ་དྲུག་ཡག་པོ་གཏོད་པའི”བཀོད་སྒྲིག་བཀོད་སྒྲིག་ལ་དམ་པོར་དམིགས་ནས་སྲུང་སྐྱོང་དང་འཕེལ་རྒྱས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཤེ་ཀྲན་ལིང་གིས།ཆིང་ཧྲན་གྱིས་བལྟས་ན་སུན་སྣང་མེད་ན།ཆུ་རྒྱུན་གྱི་སྤྲོ་སྣང་ཆེན་པོ་ཡོད་ཅེས་གསུངས།ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས་སའི་གོ་ལའི་སྣེ་གསུམ་པའི་སྣོད་བཅུད་སྲུང་སྐྱོང་ཏན་ཏིག་བྱས་ཏེ་འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་ཁྲོད་འཕེལ་རྒྱས་བྱུང་ཡོད།འདི་ནི་ང་ཚོས་མི་དང་རང་བྱུང་ཁམས་བར་གྱི་ཕན་ཚུན་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་པར་གཞིགས་ནས་རང་བྱུང་ལ་བརྩི་འཇོག་དང་།རང་བྱུང་སྲུང་སྐྱོང་།རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་བཅས་བྱེད་པར་གཞིགས་ཡོད།
སློབ་གསོའི་ལས་དོན་པ་ཞིག་དང་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་བརྗོད་ན།སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་དང་།རང་བྱུང་ངོས་འཛིན་གྱི་རང་བྱུང་ཆོས་ཉིད་ལ་ཐོག་མཐའ་བར་གསུམ་དུ་བརྩི་མཐོང་བྱེད་པ།ལག་ལེན་དང་ཚན་རིག་དང་མཐུན་པའི་རྟོག་ཞིབ་ལ་མཐོང་ཆེན།དོན་དངོས་ལ་བརྩི་འཇོགཚན་རིག་ལ་བརྩི་འཇོགབདེན་དོན་ལ་བརྩི་འཇོགརིག་ཚན་ཁྱབ་ཁོངས་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད།
འབྱུང་འགྱུར་སློབ་མ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ནང་ངས་སློབ་མ་ཚོར་དུས་རབས་གསར་པའི་བྱེད་ཐབས་གསར་པ་དང་ལག་ལེན་གསར་པར་དོ་ཁུར་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་།བབ་ཆགས་ཀྱི་རང་བྱུང་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ།ཐོན་ཁུངས་གྲོན་ཆུང་དང་འཚོ་བ་གྲོན་ཆུང་བཅས་བྱ་རྒྱུ་ཡིན།སློབ་མ་དང་མཉམ་དུ་རང་བྱུང་ཁམས་དང་མིའི་རིགས་ཀྱི་འབྲེལ་བར་བསམ་གཞིགས་སྔར་བས་གཏིང་ཟབ་བྱས་ཏེ་རང་བྱུང་ཁམས་དང་མཉམ་འགུལ་དང་ནང་ཁུལ་གྱི་བསམ་གཞིགས་བྱས་པ་བརྒྱུད་མི་སྒེར་འཚར་ལོངས་དང་བསམ་པའི་གོ་རྟོགས་མཐོ་རུ་གཏོང་རྒྱུར་བརྩོན་ལེན་བྱས་ཏེ་ཚང་མས་ཐོག་མཐའ་བར་གསུམ་དུ་རང་བྱུང་ལ་བརྩི་འཇོག་དང་སྲུང་སྐྱོང་དང་མིའི་བསམ་པའི་རིན་ཐང་བརྩོན་ལེན་བྱ་རྒྱུ་དར་སྤེལ་གཏོང་དགོས།

གསར་འགོད་པ།སྣོད་བཅུད་དེ་ཉིད་དཔལ་འབྱོར་ཡིན་པ་དང་སྣོད་བཅུད་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཞིག་རེད།ཡུན་རིང་མ་སོང་གོང་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།ད་ཆའི་མཚོ་སྔོན་གྱིས་ཐོན་ལས“ས་ཁུལ་བཞིའི”འཛུགས་སྐྲུན་གོ་སྐབས་སུ་བྱས་ཏེ་འཕེལ་རྒྱས་དང་སྣོད་བཅུད་ཀྱི་མཐའ་ཚད་གཉིས་བརྟན་པོར་བསྲུངས་ནས་འཕེལ་རྒྱས་ཀྱི་བརྟན་ལྷིང་རང་བཞིན་དང་མཐུན་སྦྱོར་རང་བཞིན་རྒྱུན་མཐུད་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།ཇི་ལྟར་བྱས་ནས་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་།སྲོལ་རྒྱུན་གྱི་ལེགས་ཆ་ཟབ་ཏུ་གཏོང་བ།གསར་གཏོད་ཀྱི་ལེགས་ཆ་ཆེ་རུ་གཏོང་བ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་སྒུལ་ཤུགས་ཀྱི་འབྱུང་ཁུངས་དང་འཕར་སྣེ་གསར་པ་བཟོ་བ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དང་འདེགས་སྐྱོར་དེ་བས་ལེགས་པ་བྱེད་པ་བཅས་ཀྱི་ཐད་ལས་ཀའི་ཉམས་མྱོང་ཁག་གཅིག་མཉམ་སྤྱོད་བྱེད་ཐུབ་མིན་དང་གོམ་སྟབས་རྗེས་མའི་བསམ་ཕྱོགས་གླེང་ཐུབ་བམ།
ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་རྫོང་དཔོན་མཱ་ཞའོ་ཡུས་ཀྱིས།ཉེ་བའི་ལོ་ཤས་རིང་ང་ཚོས་འཕེལ་རྒྱས་དང་སྣོད་བཅུད་རྣམ་པ་གཉིས་མཐའ་གཅིག་ཏུ་བརྟན་པོར་བསྲུངས་ནས“དཔལ་འབྱོར་སྣོད་བཅུད་ཅན”དང“སྣོད་བཅུད་དཔལ་འབྱོར་ཅན”ལ་སྐུལ་འདེད་ཏན་ཏིག་བཏང་ནས་དམངས་དང་ཁྱད་ཆོས་ལྡན་པའི་དེང་རབས་སྣོད་བཅུད་དཔལ་འབྱོར་མ་ལག་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བསྟན་པ་རེད།
མིག་སྔར་དམིགས་ནས་རྫོང་ཡོངས་ཀྱིས་རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས“ཞིང་འབྲོག་མཉམ་འགུལ་དང་རྩྭ་ཕྱུགས་ཟུང་འབྲེལ་བྱེད་པའི”སྣོད་བཅུད་འཁོར་རྒྱུག་གི་དམངས་དང་བྱེད་སྟངས་སྲ་བརྟན་དང་ལེགས་སུ་བཏང་བས་སྣོད་བཅུད་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་བཏོད་ཡོད།“ཐཱན་གྱི་བྱ་སྤྱོད་ཆེན་པོ་བཅུ་”ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཚོང་འགུགས་མ་འདྲེན་གྱི་ལྗང་མདོག་གི་“མཐའ་ཚད་”བརྟན་སྲུང་བྱས་ཏེ“མཐོ་གསུམ”གྱི་ཁེ་ལས་ཕྱི་ཕྱོགས་སུ་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་སྲུང་ཡོལ་འབྱུང་རྩ་ནས་བསྐྲུན་ཡོད།རྫོང་ཁོངས་ནང་གི་སྲོལ་རྒྱུན་བཟོ་ལས་ཁེ་ལས་ཀྱིས་རང་འགུལ་ངང་“ཐཱན་གཉིས་”ཀྱི་བླང་བྱ་དང་འཚམ་པར་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ལག་རྩལ་རིམ་སྤོར་དང་།ནུས་རྒྱུ་གྲོན་ཆུང་སྒྱུར་བཀོད།ལྗང་མདོག་ཕྱོགས་སྒྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་།ཐོན་ལས་ཀྱི་འབྲེལ་ཐག་རྒྱ་སྐྱེད་གཏོང་བ།གཅིག་སྡུད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་།སྣོད་བཅུད་ཀྱི་ཕན་འབྲས།སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཟབ་བྱུང་ཡོད།
འབྱུང་འགྱུར་ལ་དམིགས་ནས་ང་ཚོས་སྣོད་བཅུད་ནགས་ལས་དཔལ་འབྱོར་མུ་མཐུད་ནུས་ཤུགས་ཡོད་རྒུས་བཏོད་དེ་སྟར་ཁ་དང་།ཀུ་ཤུ།ཤིང་འབྲས་མཉེན་མོ་བཅས་གཙོ་བོར་བྱེད་པའི་དཔལ་འབྱོར་ནགས་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འདྲེ་ཚེར་མ་དང་སྲད་དཀར་སོགས་ཀྲུང་ལུགས་དང་བོད་ལུགས་སྨན་རྒྱུ་གཙོ་བོར་བྱེད་པའི་ནགས་ཁྲོད་འདེབས་འཛུགས་ཐོན་ལས་དང་།ཡུལ་བྱ་དང་འདམ་བྱ་གཙོ་བོར་བྱེད་པའི་ནགས་ཁྲོད་ཁྱད་ལྡན་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྣོད་བཅུད་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་ནུའོ་ཏེ་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་བཟོ་བཀོད་པ་ལི་ཡུང་ཀྲེན་གྱིས་ད་ཆ་ཁོར་ཡུག་སྲུང་སྐྱོང་དང་།ཐོན་ཁུངས་བེད་སྤྱོད།ལྗང་མདོག་བཟོ་སྐྲུན་བཅས་ལ་སྔར་བས་མཐོང་ཆེན་བྱེད་ཀྱི་ཡོད་པས་བཟོ་སྐྲུན་ལས་རིགས་ཐཱན་འབུད་ཚད་དམའ་ཤོས་དང་།ཐོན་ཁུངས་བེད་སྤྱོད་ཆེ་ཤོས།ཁོར་ཡུག་སྦགས་བཙོག་ཆུང་ཤོས་སོགས་ལྗང་མདོག་ཕྱོགས་སུ་ཕྱོགས་སྒྱུར་འཕེལ་རྒྱས་གཏོང་དགོས་ཞེས་བཤད་པ་རེད།ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གི་ཁྲིད་སྟོན་འོག་ཁེ་ལས་མི་ཉུང་བ་ཞིག་གིས་ཀྱང་དངུལ་སྨར་བཏང་ནས་ལག་རྩལ་སྒྱུར་བཀོད་དང་རིམ་སྤོར་བྱས་ཡོད།མཚོ་སྔོན་ནུའོ་ཏེ་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སི་ཡང་དེ་ལས་མ་འདས།
ཐཱན་དར་རི་བོའི་ཐཱན་དང་རྒྱབ་ལྗོངས་འོག་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྡོག་མེད་ལམ་བུ་ཞིག་ཏུ་གྱུར་ཡོད་པ་ང་ཚོས་མཐོང་བྱུང་།མཚོ་སྔོན་གྱི་རྒྱུ་ཆ་གསར་པའི་ཐོན་ལས་ཀྱི་ཚབ་བྱེད་ཁེ་ལས་དང་རྒྱལ་ཡོངས་ཀྱི་ཟངས་ཤོག་བཟོ་བའི་སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་ངོས་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་མཚོ་སྔོན་གྱི་ཐོན་ལས་ངེས་གནས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་ནས་འགོ་བཙུགས་ཏེ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི“རྒྱུག་ལམ”གནད་ལ་འཁེལ་བར་འདེམས་དགོས།འབྱུང་འགྱུར་ཐོན་ལས་ཀྱི་རིམ་པ་སྔར་བས་མཐོ་རུ་གཏོང་བ་དང་རྣམ་གྲངས་བཀོད་སྒྲིག་བྱེད་མགྱོགས་སུ་བཏང་ནས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་ཟངས་ཤོག་ཐོན་རྫས་བཏོད་དེ་མཚོ་སྔོན་གྱི་ཟངས་ཤོག་བཟོ་སྐྲུན་ལས་རིགས་དེ་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་ཟངས་ཤོག་བཟོ་སྐྲུན་ཐོན་ལས་སུ་ཧུར་ཐག་བཏོད་དེ་ཁོར་ཡུག་དང་།སྤྱི་ཚོགས།དཔལ་འབྱོར་བཅས་དབར་དོ་སྙོམས་ཡོང་བ་བྱས་ནས་ཟངས་ཤོག་དང་ཟངས་ཤོག་བཟོ་སྐྲུན་ཐོན་ལས་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མིང་བྱང་གསར་པར་འགྱུར་བ་བྱེད་དགོས་ཞེས་བཤད་པ་རེད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།