
ལོ་གསར་པའི་ཉིན་དང་པོར་ཡུལ་སྐོར་བ་300ཙམ་ལ་སྣེ་ལེན་ཞུས་པ།
“སང་ཉིན་རྟ་ནག་མར་ཉི་མ་ཤར་བར་ལྟ་རུ་འགྲོ་རྒྱུ་ཡིན”། ཟླ1པའི་ཟླ་སྟོད་དུ་དྲ་གྲོགས་མང་པོས་ཁྱབ་བསྒྲགས་བྱས་པའི་མཚོ་སྔོན་པོའི་རྟ་ནག་མར་ཉི་རྩེ་ཤར་བའི་བརྙན་ཐུང་མང་པོ་མཐོང་ཐུབ་ཅིང་། དྲ་རྒྱའི་སྤྱི་ཚོགས་ལས་སྟེགས་ཆེ་གྲས་ཅི་རིགས་ནས་ཚ་ཚ་འུར་འུར་དུ་གྱུར་ནས་རྒྱལ་ཡོངས་ས་གནས་ཁག་གི་དྲ་གྲོགས་ཟི་ལིང་དུ་འབྱོར་རྗེས། ཉིན་དེའི་མཚན་མོའི་ཆུ་ཚོད་གཅིག་སྟེང་ཕར་སྤྱི་ལེ་220ལྷག་ཙམ་ཡོད་པའི་རྟ་ནག་མར་ཉི་རྩེ་འཆར་སྐབས་ཀྱི་མཛེས་ལྗོངས་ལ་ལྟ་བར་ལམ་ལ་ཆས་པ་རེད།
རྟ་ནག་གཙང་བོ་ནི་མཚོ་སྔོན་པོའི་ནུབ་ངོགས་ཀྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་རྟ་ནག་མ་གྲོང་རྡལ་དུ་གནས་པ་དང་། ཡུལ་སྐོར་བས་ཉི་མ་འཆར་བར་ལྟ་བའི་གནས་ཡག་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།
“ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀར་ཡུལ་སྐོར་བ་སླེབས་བྱུང”། མཚོ་སྔོན་པོའི་རྟ་ནག་མའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱི་རླངས་འཁོར་གྱི་སྤ་སེ་འཚོང་མཁན་རྡོ་རྗེ་སྒྲོལ་མས་བཤད་རྒྱུར། རྟ་ནག་མའི་ཉི་མ་ཤར་བའི་དུས་ཚོད་ནི་ཡུལ་སྐོར་བས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཞིག་ཡིན་པ་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་རྟ་ནག་མར་མ་སླེབས་པའི་གོང་གི་ཉིན་ཞིག་ལ་ཁ་པར་ཐོག་ནས་བློ་འདྲི་དང་གནམ་གཤིས་Appསོགས་ཀྱི་ཐབས་ལམ་བརྒྱུད་ཉི་མ་ཤར་བའི་དུས་ཚོད་ཤེས་རྟོགས་བྱས་ཏེ་རང་ཉིད་ཀྱི་འགྲུལ་བཞུད་བཀོད་སྒྲིག་བྱེད་ཀྱི་ཡོད།
“ཉིན་ཤས་གོང་གི་ཉི་མ་འཆར་བའི་དུས་ཚོད་ནི་ཆུ་ཚོད་8དང་སྐར་མ་20ཡས་མས་ཡིན་པ་དང་།ད་ཆ་ཆུ་ཚོད་8དང་སྐར་མ་30ཡས་མས་ཡིན།དེ་ནས་ཉི་མ་ཤར་བའི་དུས་ཚོད་རིམ་བཞིན་ཇེ་འཕྱི་ལ་འགྲོ་ངེས”། དགུན་དུས་ཁངས་བབས་པའམ་ཡང་ན་མཚོ་སྔོན་པོའི་མཚོ་ངོས་སུ་འཁྱགས་པ་ཐེབས་པའི་སྐབས་སུ་ཡུལ་སྐོར་བ་ཧྲང་ཧའེ་དང་ཀོང་ཀྲོའུ་སོགས་ས་ཆ་ནས་རྟ་ནམ་མར་ཉི་རྩེ་འཆར་བའི་མཛེས་ལྗོངས་ལ་ལྟ་རུ་ཡོང་མཁན་ཡང་ཡོད།
ཉེ་ཆར་གྱི་གནམ་གཤིས་བཟང་པོར་ཆ་བཞག་ན།ཟླ་1ཚེས་16ཉིན་གྱི་ཞོགས་པ་ཆུ་ཚོད་7:20ལྷག་ཙམ་གྱི་མུན་པ་འཐིབས་ཤིང་།རྡོ་རྗེ་སྒྲོལ་མས་གློག་སྒུལ་རླངས་འཁོར་བཞོན་ནས་མཛེས་ལྗོངས་ཁུལ་གྱི་སྒོ་ཁར་སླེབས་སྐབས་ཡུལ་སྐོར་བ་བཅུ་ལྷག་ཙམ་གྱིས་སྒྲོལ་སྤ་སེ་ཉོས་ནས་མཛེས་ལྗོངས་ཁུལ་དུ་བསྐྱོད་རྩིས་ཡོད་པ་རེད།
ཆུ་ཚོད7:40ཙམ་ལ་མཚོ་སྔོན་པོའི་འགྲམ་གྱི་རྟ་ནག་མར་གྲང་རླུང་ལྡང་བ་དང་དྲོད་ཚད་ཀླད་ཀོར་འོག་གི18℃ལ་སླེབས་ཡོད།ཡུལ་སྐོར་བས་མཛེས་ལྗོངས་ཁུལ་དུ་བསྐྱོད་རྗེས་ལག་ཐོགས་ཁ་པར་དང་པར་ཆས་བཏོན་ནས་ཤར་ལྷོའི་ཕྱོགས་སུ་འདེམས་པའི་ཟུར་ཚད་ཐོག་ནས་ཉི་མ་ཤར་རྗེས་ཀྱི་དུས་ཚོད་ནར་འགྱངས་ཀྱི་བརྙན་ལམ་པར་ལེན་བྱས་པ་རེད།རྡོ་རྗེ་སྒྲོལ་མས་ལོ་གསར་གྱི་ཉིན་དང་པོར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་300ཙམ་ལ་སྣེ་ལེན་ཞུས་ཡོད།

ཉིན་གཅིག་ལ་གྲུ་གཟིངས་པ་སེ་7000ལྷག་བཙོངས།
རྟ་ནག་མའི་མཛེས་ལྗོངས་ཁུལ་ཀུན་ལ་གྲགས་སྙན་འབར་བ་དེ་ཞབས་ཞུ་བ་ཚང་མའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད།འདི་ལོ་ལོ་27ལ་སླེབས་པའི་རྡོ་རྗེ་སྒྲོལ་མ་ནི་དེའི་ཁྲོད་ཀྱི་གྲས་ཤིག་ཡིན་པ་དང་2020ལོར་ཁོང་ཧོ་པེ་ཕྱི་སྐད་སློབ་ཆེན་གྱི་ཡུལ་སྐོར་སྣེ་ཤན་པའི་ཆེད་ལས་ནས་ཐོན་རྗེས་ཧོ་པེ་རུ་བསྡད་དེ་ཡུལ་སྐོར་དོ་དམ་གྱི་འབྲེལ་ཡོད་ལས་དོན་སྒྲུབ་འདོད་ཡོད་མོད།འོན་ཀྱང་ཁོང་གིས་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་གཏོད་བཞིན་ཡོད་པ་ཤེས་རྗེས་ཕ་ཡུལ་དུ་ལོག་ནས་འཕེལ་རྒྱས་གཏོང་རྒྱུའི་ཐག་བཅད་པ་རེད།
དང་ཐོག་རྡོ་རྗེ་སྒྲོལ་མས་དབོ་བའི་ཚྭ་མཚོ་རུ་ལས་ཀ་བྱེད་ཀྱི་ཡོད་པ་དང་2023ལོའི་ཟླ་6པར་མཚོ་སྔོན་པོའི་རྟ་ནག་མའི་མཛེས་ལྗོངས་ཁུལ་དུ་ལས་དོན་མི་སྣ་བསྡུ་བཞིན་ཡོད་པ་ཤེས་རྗེས་ཁོང་གིས་འཕྲལ་མར་དྲ་ཐོག་ནས་མིང་ཐོ་བཀོད་པ་རེད།ངོ་འཕྲད་རྒྱུགས་ལེན་སོགས་ཀྱི་ལྷུ་ཚིགས་བརྒྱུད་རྡོ་རྗེ་སྒྲོལ་མ་རྟ་ནག་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱི་ཁོངས་མི་ཞིག་ཏུ་གྱུར་ཡོད།ཡུལ་སྐོར་དོ་དམ་གྱི་འབྲེལ་ཡོད་ཉམས་མྱོང་ཡོད་པའི་ཁོང་མྱུར་དུ་སྒྲོལ་འཁོར་གྱི་སྒོ་འཛིན་ཕྱིར་ཚོང་ལས་གནས་སུ་བཀོད་སྒྲིག་བྱས་པ་རེད།
“ཉིན་གཅིག་ལ་ང་དང་ལས་རོགས་ཚོས་མེ་འཁོར་སྤ་སེ་7000ལྷག་ཙམ་བཙོངས”རྡོ་རྗེ་སྒྲོལ་མས་ཡུལ་སྐོར་བ་རྟ་ནག་མའི་མཛེས་ལྗོངས་ཁུལ་དུ་འབྱོར་རྗེས་ཉི་མ་ཤར་བ་མཐོང་བ་ཕུད་ད་དུང་མཚོ་སྔོན་པོའི་འགྲམ་གྱི་ཆུ་དགའ་ལས་སྟེགས་སུ་བསྐྱོད་དེ་མཚོ་དང་ཐག་ཉེ་བའི་སྒོ་ནས་འགྲོ་འོང་བྱེད་ཆོག་པ་ཕུད།མཚོ་སྔོན་པོའི་འགྲམ་དུ་རྟ་བཞོན་པ་དང་འབྲི་གཡག་བཞོན་པ་དེའང་ཡུལ་སྐོར་བས་དགའ་པོ་བྱེད་པའི་རོལ་རྩེད་རྣམ་གྲངས་ཀྱི་གྲས་ཤིག་རེད་ཅེས་བཤད།
ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།རྟ་ནག་མའི་མཛེས་ལྗོངས་ཁུལ་ན་ནིང་ཟླ་7པར་ཚོད་ལྟའི་ལས་གཉེར་བྱས་ཚུན་སྔ་རྗེས་སུ་གསེར་ཆེན་རྫོང་ཧེ་མ་གྲོང་རྡལ་གྱི་གྲོང་ཚོ་4ཡི་གྲོང་མིར་ལས་གནས་58མཁོ་འདོན་བྱས་པ་དང་དུས་མཚུངས་གྲོང་མི་50ལྷག་ཙམ་ལ་གཉེར་སྐྱོང་རང་བཞིན་གྱི་ཁྲོམ་བཀྱག་མཁོ་འདོན་བྱས་ཡོད།རྟ་ནག་མ་གྲོང་རྡལ་རྒྱ་ལུང་གྲོང་ཚོའི་གྲོང་མི་དབྱང་ཤིའུ་རྡོ་རྗེས་སྒོ་འགྲམ་དུ་ལས་ཀ་བརྟན་པོ་ཞིག་རྙེད་པ་དེ་ནི་ས་གནས་དེ་གའི་མི་མང་པོ་ཞིག་གིས་དེ་སྔ་བསམ་བློ་གཏོང་མི་ཕོད་པའི་བྱ་བ་ཞིག་རེད།

སྲིད་འཛིན་གྲོང་ཚོ་4ལ་ཁེ་སྤོགས་སྒོར་ཁྲི་100བགོས་པ།
རྟ་ནག་མའི་མཛེས་ལྗོངས་ཁུལ་ནི་རྟ་ནག་མ་གྲོང་རྡལ་གྱི་བྱང་ངོས་སུ་གནས་པ་དང་།མཚོ་སྔོན་པོའི་འགྲམ་དུ་རྒྱབ་ལུང་གྲོང་ཚོ་དང་།བུམ་པ་གྲོང་ཚོ།བྲག་མཆོག་གྲོང་ཚོ་བཅས་འབྲོག་ལས་གྲོང་ཚོ་གསུམ་ཡོད་པ་མ་ཟད།ད་དུང་ཞིང་ལས་གྲོང་ཚོ་ར་ཆོས་གྲོང་ཚོ་ཡང་ཡོད།2023ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་པ་དང་དེ་བཞིན་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་པའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་།མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱི་རྒྱབ་སྐྱོར་འོག་རྟ་ནག་མ་གྲོང་རྡལ་གྱིས་རྟ་ནག་མའི་མཛེས་ལྗོངས་ཁུལ་བཏོད་དེ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་རེད།
“གྲོང་ཚོ་4ཡི་མཉམ་ལས་ཁང་སོ་སོས་མ་དངུལ་སྒོར་ཁྲི་60བཏང་བ་དང་གྲོང་རྡལ་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་800ལྷག་ཙམ་བཏང་བ་དང་དུས་མཚུངས་ཞིང་ཆེན་དང་ཁུལ་ཡི་འབྲེལ་ཡོད་མ་དངུལ་དང་རྣམ་གྲངས་ལ་བརྟེན་ནས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུའི་བརྩོན་ལེན་ཧུར་ཐག་བྱས་ཡོད”གསེར་ཆེན་རྫོང་རྟ་ནག་མ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཅིན་ཀོང་ཧུང་གིས་ངོ་སྤྲོད་བྱས་པར་གཞིགས་ན།དུས་འགོའི་མ་དངུལ་འབྱོར་རྗེས་མཚོ་སྔོན་ཀོན་རི་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་བཙུགས་པ་དང་།གྲོང་ཚོའི་ཏང་ཀྲི་པུའི་འགན་འཁུར་བས་ཀུང་སིའི་ལས་འཛིན་ལྷན་ཚོགས་བཙུགས་ནས་ཀུང་སིའི་ཞིབ་ཕྲའི་གཉེར་སྐྱོང་ལས་དོན་གྱི་འགན་འཁུར་བ་དང་ཆེད་ལས་རྩིས་གཉེར་ཀུང་སི་གདན་དྲངས་ནས་ནོར་དོན་ལས་དོན་གྱི་འགན་འཁུར་རྒྱུ་རེད།
དེ་དང་ཆབས་ཅིག་མཚོ་སྐོར་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ་གྱི་འགྲམ་དུ་མཚོ་སྔོན་པོའི་རྟ་ནག་མའི་མཚོན་རྟགས་བཙུགས་པ་དང་།མཚོ་འགྲམ་གྱི་སྤྱི་ལེ་2.5ཡོད་པའི་ལམ་འགྲམ་དུ“རླབས་སྔོན་པོ་གཡོ་བཞིན་འདུག”“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་གནས་གྱང་ཞིག་བསྐྲུན་ཡོད།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད།མཚོ་འགྲམ་གྱི་སྔར་ཡོད་ཀྱི་ཁང་པ་བདུན་བརྒྱད་རྨང་གཞིར་བྱས་ནས་སྨན་བཅོས་ཁང་དང་།གཞུང་ལས་ཁང་།གསང་སྤྱོད།ལྟ་སྐུལ་ཚོད་འཛིན་ཁང་སོགས་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་བྱས་ནས་བསྐྲུན་པ་དང་།གཞན་ཡང་དོས་སྒམ་བསྡུ་རུབ་བྱས་ཏེ་སྒྲོལ་སྐྱེལ་རླངས་འཁོར་གྱི་སྤ་སེ་འཚོང་ས་བསྐྲུན་ཡོད།
ཡུལ་སྐོར་གྱི་མྱོང་ཚོར་ཟབ་ཏུ་གཏོང་ཆེད།མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་ཀྱིས་གྲོང་ཚོ་4དང་མཉམ་ལས་བྱས་ཏེ་གྲོང་མི་རྣམས་ལ་རྟ་37དང་ནོར2མཁོ་འདོན་བྱས་ནས་ཡུལ་སྐོར་བར་དུས་ཚོད་ངེས་ཅན་མེད་པའི་རྟ་བཞོན་པ་དང་བ་གླང་བཞོན་པའི་དམངས་སྲོལ་གོམས་གཤིས་ལོངས་སུ་སྤྱོད་དུ་བཅུག་པ་མ་ཟད།ད་དུང་མཚོ་འགྲམ་གྱི་ཆུ་ལ་ཉེ་བའི་ལས་སྟེགས་སུ་སྒུལ་བདེའི་སྒྲིག་ཆས་བསྣན་ནས་ཡུལ་སྐོར་བར་པར་ལེན་རྒྱུ་མཁོ་འདོན་བྱས་ཡོད།རྒྱ་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་མ་ཚེ་རིང་གིས་རྟ་བཞོན་ནས་བ་གླང་བཞོན་པའི་དམངས་སྲོལ་གོམས་གཤིས་ཉམས་ལེན་རྣམ་གྲངས་ཁོ་ན་སྤེལ་ནས་ལོ་ཕྱེད་རིང་ཡོང་འབབ་སྒོར་ཁྲི་12ཟིན་ནས་ཡུལ་སྐོར་བས་རྟ་ནག་མར་དགའ་ཤོས་བྱེད་པའི་ཡུལ་སྐོར་རྣམ་གྲངས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་ཅེས་བཤད།
“2023ལོའི་ཟླ་7པ་ནས་2024ལོའི་ཟླ་དང་པོའི་ཟླ་དཀྱིལ་བར་རྟ་ནག་མའི་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་300ལ་སྣེ་ལེན་ཞུས་པ་དང་ལས་གཉེར་ཡོང་འབབ་སྒོར་ཁྲི་650ཟིན་ཡོད”། ཅིན་ཀོང་ཧུང་གིས་གྲོང་རྡལ་ཡོངས་ཀྱི་གྲོང་མིར་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་བཏང་བ་ལས་བྱུང་བའི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ་བྱ་ཆེད།གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དོ་དམ་བྱ་ཐབས་གཞིར་བཟུང་གྲོང་ཚོ་རེར་ཁེ་སྤོགས་སྒོར་ཁྲི་100བགོ་བཤའ་བརྒྱབ་ནས་གྲོང་རྡལ་དེ་ཡོངས་ཀྱི་དུད་ཚང་1504ཡི་མི་5269ལ་འདི་ལོའི་སྨན་བཅོས་འགན་བཅོལ་སྤྲོད་རྒྱུར་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།དེར་བརྟེན་རྟ་ནག་མ་གྲོང་རྡལ་གྱི་གྲོང་མི་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ནང་ཞུགས་པའི་ཧུར་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

མཛེས་ལྗོངས་ཁུལ་12ཀྱིས་ཡུལ་སྐོར་བའི་མིག་ལ་སྤྲོ་སྣང་ཆེན་པོ་བསྐྱེད་དུ་བཅུག །
“ཟི་ལིང་ནས་སྐུ་འབུམ་བྱམས་པ་གླིང་། ཉི་ཟླ་རི་བོ། རྟ་ནག་མ། དབོ་བའི་ཚྭ་མཚོ་ནས་ཟི་ལིང་བར”2023ལོར་ཡུལ་སྐོར་བ་མང་བའི་དུས་སུ་ཡུལ་སྐོར་ལས་དོན་ཁང་ཆེ་གྲས་ཁག་གིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བར་ཡུལ་སྐོར་ལམ་ཐིག་རྩེ་གྲ་དེ་བཏོན་པ་དང་།རྟ་ནག་མ་གྲོང་རྡལ་གྱིས་ཀྱང་ལམ་ཐིག་དེ་ཇི་ལྟར་སྤྱད་དེ་ཉི་མ་ཤར་བར་ལྟ་བར་ཡོང་མཁན་ཡུལ་སྐོར་བ་མཱ་གཙང་པོར་འཇོག་རྒྱུའི་བསམ་གཞིག་བྱེད་ཀྱི་ཡོད།
དེར་བརྟེན་རྟ་ནག་མ་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ལས་དོན་ཁང་གིས་མཉམ་ལས་བྱས་ཏེ་རྟ་ནག་མའི་གནམ་གཤིས་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་བྱེད་ཀྱི་ཡོད།ཡུལ་སྐོར་ལས་དོན་ཁང་གིས་ཟི་ལིང་མེ་འཁོར་བབས་ཚུགས་སོགས་སུ་འགན་འཁུར་ནས་གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ནས་ཡུལ་སྐོར་བའི་འགྲུལ་བཞུད་བཀོད་སྒྲིག་བྱས་ཏེ་ཡུལ་སྐོར་བ་རྟ་ནག་མར་བསྐྱོད་པའི་ཉིན་དེར་མི་འདྲ་བའི་ཉི་མ་ཤར་བ་མཐོང་ཐུབ་པ་བྱས་ཡོད།
རྟ་ནག་མ་ནི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་བཏོད་པའི་ས་ཚིགས་ཤིག་རེད།2023ལོར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་མཚོ་སྔོན་པོའི་རྣུ་ལྕེ་དང་ཁེ་རུམ་ཐང་སོགས་མཛེས་ལྗོངས་ཁུལ་རྒྱུན་གཏན་ལྟར་སྒོ་ཕྱེ་བ་དང་ཆབས་ཅིག་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ནས་མཚོ་སྔོན་པོའི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་།
མཚོ་ཁུག་མཛེས་ལྗོངས་ཁུལ་གཉེར་སྐྱོང་ཟླ་བ་གསུམ་བྱས་པ་དང་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་20ལྷག་ཙམ་ལ་སྣེ་ལེན་ཞུས་པར་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་384ཟིན་པ།དཔལ་དགེ་གཙོད་གྲོང་རྡལདགོ་དམར་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་།སྐར་ཚོགས་བཀྲ་བའི་ཁང་པ་24སྤྱད་དེ་ཡུལ་སྐོར་བ་མི་ཐེངས་7000ལྷག་ཙམ་ལ་སྣེ་ལེན་ཞུས་པ།མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་པའི་སྤྱིའི་བླང་བྱ་གཞིར་བཟུང་།སྤྱིར་བཏང་ཚོད་འཛིན་ཁུལ་དུ་མཚོ་སྔོན་པོའི་སྣོད་བཅུད་ལྟ་སྐོར་མཛེས་ལྗོངས་ཁུལ་12གཏན་འཁེལ་བྱས་ནས་ཞིང་འབྲེལ་དང་ཞིང་ལས་སྣེ་ཁྲིད་ཀྱི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་དེ་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ནུས་ལྡན་ཞིག་ཏུ་འགྱུར་བ་བྱས་ཡོད།
གསར་དུ་བསྐྲུན་པའི་དཔལ་དགེ་དགོ་དམར་ཕྱི་རོལ་གྱི་ལྟ་ཞིབ་ཚད་ལེན་རྟེན་གཞི་དང་།དགོ་དམར་ཚན་ཞིབ་སྐྱོབ་སྲུང་སྐྱོང་ལྟེ་གནས།གཉེར་ཉ་ཕྱིར་བསྐོར་ལྟ་སྐོར་རྟེན་གཞི་བཅས་སྣོད་བཅུད་སློབ་གསོའི་རྟེན་གཞི་གསུམ་ལ་བརྟེན་ནས་མཚེའུ་དང་མཚོ་ཁུག་སོགས་རང་བྱུང་སློབ་གསོའི་རྟེན་གཞི་7དང་མཚོ་སྔོན་ཞིང་ཆེན་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི་3ལ་རེ་ཞུ་བྱས་པ་དང་།ཁྱད་ལྡན་མངོན་གསལ་དོད་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་དང་རང་བྱུང་སློབ་གསོའི་བྱེད་སྒོ་སྤེལ་ནས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་དང་ཡུལ་སྐོར་གྱི་དཔེ་སྟོན་ཁུལ་གཏོད་རྒྱུར་སྐུལ་ཁྲིད་དང་ཁད་ཀྱི་མི་ཁྲི2ལྷག་སྐྱེ་ཁམས་ཡུལ་སྐོར་ཐད་ཞུགས་རྒྱུ་སྣེ་ཁྲིད་དེ་མཚོ་འགྲམ་གྱི་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་བཞིན་ཡོད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།