
ལས་ཞུགས་སྐུལ་སྤེལ་ལས་གཞི།
དམིགས་ཡུལ།
ལས་བསྡུའི་ཚོགས་འདུ་ཐེངས་200ཙམ་སྒྲིག་འཛུགས་བྱས་པ་དང་། ཁེ་ལས་ལ་ཞབས་འདེགས་ཞུ་ཐེངས་100ལ་ཞུས་ཤིང་། ལས་གནས་8500མཁོ་འདོན་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ལ་སྐུལ་འདེད་བཏང་ཡོད། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཁྲི་10བྱས་ཏེ་ངལ་རྩོལ་པའི་ལས་གནས་དང་འཕྲོད་ནུས་ཆེ་རུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་ཁྲི་6གསར་དུ་འཕར་བ་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཁྲི་106ལས་ཞུགས་གཞན་སྒྱུར་ཐུབ་པ་བྱས་ཡོད།
འཕེལ་རྒྱས།
སྤྱི་པའི་ལས་ཞུགས་ཀྱི་ཆེད་དོན་ཞབས་ཞུའི་བྱེད་སྒོ་གཅིག་གྱུར་འཆར་འགོད་བྱས་པ་དང་དྲ་ཐོག་དང་དྲ་ཕྱིའི་གདན་ཞུའི་ཚོགས་འདུ་ཐེངས་670སྒྲིག་འཛུགས་བྱས་ནས། མི་སྤྱོད་ཚན་པའི(ཁེ་ལས)ལ་སྤྱི་པའི་གདན་ཞུའི་ཞབས་ཞུ་ཐེངས་5700མཁོ་འདོན་བྱས་པ་དང་ལོ་འདིའི་ནང་ལས་ཞུགས་ལས་གནས་18000ལྷག་ཙམ་མཁོ་འདོན་བྱས་ཡོད།ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ།མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་།ཁེ་ལས་ཀྱི་ལས་བཟོ།དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི།ལས་ཞུགས་ཀྱི་གཙོ་གནད་ཚོགས་སྤྱི།དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་སོགས་ལ་དམིགས་ས་ཡོད་པའི་སྒོ་ནས་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཁྲི་10.9བྱས་ཡོད།ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་6.6གསར་འཕར་བྱུང་ཡོད།ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཁྲི་109.8ལས་ཞུགས་གཞན་སྒྱུར་བྱས་པ་རེད།
“ལས་ཞུགས”ཀྱིས་སློབ་གྲྭ་དང་ཁེ་ལས་ཕྱོགས་གཉིས་སུ་བསྐྱོད་རྒྱུར་རམ་འདེགས་བྱས་པ།
“‘ལས་བཞུགས་རླངས་འཁོར་ཆེ་གྲས’ཀྱིས་ང་ཚོར་ཁེ་ལས་སུ་ལྟ་སྐོར་བྱེད་པར་ཡོང་བའི་གོ་སྐབས་མཁོ་འདོན་བྱས་ཡོད་པས་ཁེ་ལས་ཀྱི་ཐོན་སྐྱེད་ཁོར་ཡུག་ཐད་ཀར་ཚོར་ཐུབ་ཀྱི་ཡོད།ཐེན་ཧོ་འོད་ནུས(མཚོ་སྔོན)བདར་སྭེལ་ཚད་ཡོད་ཀུང་སིའི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་དེ་ངའི་ཆེད་ལས་དང་ཏག་ཏག་མཐུན་ཡོད་པས་སློབ་གྲྭ་ཐོན་རྗེས་ལས་ཞུགས་ཐུབ་རྒྱུའི་རེ་བ་ཡོད”ཁྲེན་ཆིང་ཧའོ་ནི་ཟི་ལིང་གྲོང་ཁྱེར་དུས་རབས་ལས་རིགས་ལག་རྩལ་སློབ་གྲྭའི་སྒྲིག་ཆས་འཁོར་སྐྱོད་དང་ཉམས་བཟོའི་ཆེད་ལས་ཀྱི་སློབ་མ་ཞིག་ཡིན་པ་དང་།མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣའི་སྤེལ་རེས་ལྟེ་གནས་ཀྱིས་སྒྲིག་འཛུགས་བྱས་པའི“ལས་ཞུགས་རླངས་འཁོར་ཆེ་གྲས་ཐད་གཏོང”གི་བྱེད་སྒོ་བརྒྱུད་ལས་ཞུགས་ཀྱི“ཐོག་མའི་མྱོང་ཚོར”ལེགས་གྲུབ་བྱུང་ཡོད།
ཁྲེན་ཆིང་ཧའོ་ཡིས་བཤད་པའི“ལས་ཞུགས་རླངས་འཁོར་ཆེན་པོ”ནི་ཞིང་ཆེན་ཤེས་ལྡན་མི་སྣའི་སྤེལ་རེས་ལྟེ་གནས་དང་ཟི་ལིང་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ་དང་།མཚོ་སྔོན་ཆུ་གློག་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭཟི་ལིང་གྲོང་ཁྱེར་དུས་རབས་ལས་རིགས་ལག་རྩལ་སློབ་གྲྭས་མཉམ་དུ་གཉེར་བའི“ལས་ཞུགས་རླངས་འཁོར་ཆེ་གྲས་ཐད་གཏོང་རླངས་འཁོར་”སྟེ་མཐོ་སློབ་ཐོན་སློབ་མའི་ལས་ཞུགས་ཤེས་ཚོར་ཉམས་ལེན་བྱེད་སྒོ་ཞིག་རེད།2023ལོའི་ཟླ་12ཚེས་7ཉིན“ལས་ཞུགས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཐད་གཏོང་རླངས་འཁོར་”གསུམ་ཟི་ལིང་གྲོང་ཁྱེར་ནན་ཁྲོན་བཟོ་ལས་གླིང་དུ་བཏང་བ་དང་སློབ་ཐོན་སློབ་མ་བརྒྱ་ལྷག་ཙམ་གྱིས་ཁེ་ལས་ཀྱི་ལཱ་ཅིང་ཐོན་སྐྱེད་འཁོར་ཁང་དང་ལས་བཟོའི་འཚོ་བའི་ཁུལ་དུ་ལྟ་སྦྱོང་བྱས་པ་རེད།ཐེན་ཧོ་འོད་ནུས་ཚན་རྩལ་ཚད་ཡོད་ཀུང་སིའི་མི་དོན་གཙོ་གཉེར་མི་སྣ་དང་སློབ་མ་ཚོ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ཏེ་ཁེ་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་དང་།ཐོན་སྐྱེད་གནས་ཚུལ།ལས་གནས་ཐོབ་ཐང་།དེ་བཞིན་དོ་སྙོམས་དགོས་པའི་ལག་རྩལ་དང་ནུས་པ་བཅས་ངོ་སྤྲོད་བྱས་པ་རེད།
ཞིང་ཆེན་ཤེས་ལྡན་མི་སྣའི་སྤེལ་རེས་ལྟེ་གནས་ལས་ཞུགས་ཞབས་ཞུ་པུའི་པུའུ་ཀྲང་ཀྲང་ཀྲེང་གིས་2023ལོར་མཚོ་སྔོན་ཞིང་ཆེན་གྱིས་ལས་རིགས་མཛུབ་ཁྲིད་ཞབས་ཞུ་སྔོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སློབ་གྲྭ་དང་ཁེ་ལས་སྦྲེལ་མཐུད་ལས་སྟེགས་བཙུགས་ཏེ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་ཡོད།

སློབ་གསོའི་སྤུས་ཚད་མཐོར་གཏོང་ལས་གཞི།
དམིགས་ཡུལ།
རྨང་གཞིའི་སློབ་གསོའི་སློབ་གྲྭ་55གསར་སྐྲུན་དང་རྒྱས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད།ཞིང་ཆེན་དེ་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་བུ་བཅོལ་ཁང་ལ་སློབ་གསོ་འགན་ལེན་གྱི་འཕྲུལ་འཁོར་ཉོ་སྒྲུབ་ཁྱབ་གདལ་གཏོང་རྒྱུ།སྟོང་སྒྲིག་དགེ་རྒན་གྱི་ཁ་གསབ་བཀོད་སྒྲིག་མགྱོགས་སུ་གཏོང་བ་དང་།གཞུང་གྲོན་དགེ་འོས་སློབ་མ་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དུ་བགོ་བཤའ་རྒྱག་པར་སྐུལ་འདེད་གཏོང་དགོས།མཚོ་སྔོན་གྱི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྲབས་འཛུགས་དང་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་སྡེབ་སྒྲིག་སྒྲིག་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་དགོས།མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན་ལ་སློབ་མའི་ཉལ་ཁང་ཐོག་ཁང་རེ་རེ་བསྐྲུན་ནས་མཚོ་སྔོན་མི་རིགས་སློབ་ཆེན་ལ་སློབ་མའི་ཟ་ཁང་ཞིག་བསྐྲུན་པ་རེད།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་དང་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་སྔར་ལས་འཐུས་ཚང་དུ་བཏང་ནས་སྲིད་གཞུང་གི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།
འཕེལ་རྒྱས།
རྨང་གཞིའི་སློབ་གསོའི་སློབ་གྲྭ་55གསར་སྐྲུན་དང་རྒྱས་སྐྲུན་བྱ་དགོས།ཞིང་ཆེན་དེ་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་བུ་བཅོལ་ཁང་ལ་སློབ་གསོ་འགན་ལེན་དང་ཁྱབ་གདལ་གཏོང་བའི་འཕྲུལ་འཁོར་1144ཉོས་ཡོད།སྟོང་སྒྲིག་དགེ་རྒན་ཁ་གསབ་བཀོད་སྒྲིག་བྱེད་ཚད་མགྱོགས་སུ་བཏང་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་1844ཡོངས་བསྒྲགས་སུ་གདན་ཞུ་བྱས་པ་དང་།ལས་གནས་སྦྱོང་བརྡར་དང་ལས་སྒོའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ།སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་གསོ་སྦྱོང་རྣམ་གྲངས་124ལག་བསྟར་བྱས་པ་དང་མི་ཁྲི་15གསོ་སྦྱོང་བྱས་པ།རྒྱལ་ཁབ་ཀྱི་གཞུང་གྲོན་དགེ་འོས་སློབ་མ་195དང་ཞིང་ཆེན་རིམ་པའི་གཞུང་གྲོན་དགེ་འོས་སློབ་མ་3742023ལོའི་དཔྱིད་དུས་ནས་བཟུང་འོས་འགན་སློབ་གསོའི་སློབ་མའི་ཆ་སྙོམས་སྤྱི་སྤྱོད་འགྲོ་གྲོན་གྱི་ཚད་གཞིའི་བཅད་གྲངས་མཐོ་རུ་བཏང་ནས་དེའི་སློབ་གྲྭ་འབྲིང་ཆུང་གི་ལོ་རེའི་སློབ་མ་རེར་ཆ་སྙོམས་སྒོར་800ནས་སྒོར་870བར་མཐོ་རུ་བཏང་བ་དང་།སློབ་འབྲིང་གི་ལོ་རེའི་སློབ་མ་རེར་ཆ་སྙོམས་སྒོར་1000ནས་སྒོར་1090བར་མཐོ་རུ་བཏང་བ།འོས་འགན་སློབ་གསོའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སྤྱི་སྤྱོད་འགྲོ་གྲོན་དེ་གཞི་རྩའི་བཅད་གྲངས་ཀྱི་རྨང་གཞིའི་ཐོག་སླར་ཡང་སྒོར་400མང་དུ་བཏང་བ་བཅས་རེད།
སློབ་ཁྲིད་ལུས་རྩལ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་དང་།དཔེ་དེབ་ཁང་གསར་དུ་བསྐྲུན་པ།རིག་ནུས་ཅན་གྱི་གློག་རྡུལ་པང་ལེབ་ནང་འདྲེན་བྱེད་པ་སོགས་སློབ་གྲྭའི་ལོ་ལྟར་གྱི་འགྱུར་ལྡོག་གསར་པར་ལྟ་སྐབས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་མི་རིགས་གསུམ་པའི་སློབ་འབྲིང་གི་སློབ་སྤྱི་ཀྲང་ཞུའེ་ཆིང་གི་སྐད་ཆའི་ཁྲོད་དུ་གཡོ་འགེབས་བྱེད་མི་ཐུབ་པའི་སེམས་འགུལ་ཐེབས་བཞིན་ཡོད།“སློབ་གྲྭ་སྔར་བས་མཛེས་སྡུག་ལྡན་པ་དང་སློབ་ཁྲིད་སྒྲིག་བཀོད་སྔར་བས་ཡག་ཏུ་ཕྱིན་ཡོད།ངས་དགེ་སློབ་ཚོའི་མིག་ནང་དུ་གདེང་ཚོད་དང་རེ་སྨོན་སྔར་བས་མང་བ་མཐོང་བྱུང”།
2023ལོའི་ཟླ་5པར་ཡུལ་ཤུལ་གྲོང་ཁྱེར་མི་རིགས་སློབ་འབྲིང་གསུམ་པའི་སློབ་ཁྲིད་ལུས་རྩལ་ཐང་གསར་པ་སྤྱོད་འགོ་ཚུགས་པ་དེ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཀྱི་ངོས་ནས་བརྗོད་ན་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་རེད།“དེ་སྔ་སློབ་གྲྭར་དགེ་སློབ་ཚོར་བྱེད་སྒོ་ཆེ་གྲས་སྤེལ་ཡུལ་གཅིག་ཀྱང་མེད་པས་བྱེད་སྒོ་མང་པོ་ཞིག་འཛིན་གྲྭར་མི་འཇོག་ཀ་མེད་རེད”ཀྲང་ཞུའེ་ཆིང་སློབ་གྲྭར་སློབ་སྤྱིའི་འགན་འཁུར་སྐབས་རྟག་ཏུ་ལུས་རྩལ་ཐང་གི“བློ་ཐག་གཅོད་པའི”སེམས་ཁྲལ་བྱེད་ཀྱི་ཡོད།
“ད་ཆ་ལུས་རྩལ་ཐང་དེ་ནི་སློབ་གསེང་སྐབས་སློབ་གྲྭའི་ནང་འཁྲུག་ཆ་དོད་ཤོས་ཀྱི་ས་ཆ་ཞིག་རེད།ཕྲུ་གུ་ཚོར་རོལ་རྩེད་རྩེད་ས་ཡོད་པ་དང་དགེ་རྒན་ཚོར་གཟུགས་པོ་སྦྱོང་བརྡར་བྱེད་ས་ཡོད་པས་སློབ་གྲྭ་དེ་སྔོན་ལས་གསོན་ཤུགས་ཆེན་པོ་ལྡན་ཡོད”ཀྲང་ཞུའེ་ཆིང་གིས་ལུས་རྩལ་ཐང་དུ་སྤྱོད་རྒྱུ་མང་དུ་ཕྱིན་ནས“དགེ་རྒན་དང་ལས་བཟོའི་ལུས་རྩལ་འགྲན་ཚོགས་དང་།སློབ་གྲྭ་ཡོངས་ཀྱི་ཁྱིམ་བདག་ཚོགས་འདུ།ས་ཡོམ་ནང་སྦྱོང་སོགས་ཀྱི་བྱེད་སྒོ་ཚང་མ་སྤེལ་ཐུབ་ཀྱི་ཡོད”ཅེས་བཤད།

སྡོད་ཁང་འགན་སྲུང་ལས་གཞི།
དམིགས་ཡུལ།
ལོ་མཇུག་གོང་དུ་ཁུལ་ཆུང་92ཀྱི་གཏན་འཇགས་རྒྱུ་ནོར་གྱི་ལོ་རྒྱུས་ཤུལ་བཞག་གནད་དོན་ཐག་གཅོད་བྱས་པ་རེད།གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་3.4སྒྱུར་བཀོད་མུ་མཐུད་ལག་བསྟར་བྱས་ནས་ཁུལ་ཆུང་ནང་གི་སྒྲིག་བཀོད་ཀྱི་ཞན་ཆ་འཐུས་ཚང་དུ་གཏོང་དགོས།ཐོག་བརྩེགས་མང་བའི་སྡོད་ཁང་ལ་གློག་སྐས་100སྣོན་རྒྱུར་རྒྱབ་སྐྱོར་བྱས་ཡོད།ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་བའི་ལས་གྲྭ་དུད་ཚང་ཁྲི་4ལག་བསྟར་བྱས་ནས་མང་ཚོགས་ཀྱི་གཞི་རྩའི་སྡོད་ཁང་གི་དགོས་མཁོ་རིམ་བཞིན་སྐོང་ཐུབ་པ་བྱས་ཡོད།དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སྡོད་ཁང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་དཀའ་ངལ་ཡོད་པའི་ཁྱིམ་ཚང་5925ལ་བོགས་གཏོང་གཞུང་ཁང་བོགས་གཏོང་གི་ཁ་གསབ་སྤྲད་པ་རེད།
འཕེལ་རྒྱས།
གཏན་འཇགས་རྒྱུ་ནོར་གྱི་ལོ་རྒྱུས་ཤུལ་བཞག་གནད་དོན་ཐག་གཅོད་བྱས་པ།ཁུལ་ཆུང་133གྱི་དུད་ཚང་ཁྲི་6.71(ཆ་ཚང)གཏན་འཇགས་རྒྱུ་ནོར་གྱི་ལོ་རྒྱུས་ཤུལ་བཞག་གནད་དོན་ཐག་གཅོད་བྱས་ཡོད།གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པ།ཁང་པ་ཁྲི་3.41འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་།ཁུལ་ཆུང་ནང་གི་ཆུ་མཁོ་འདོན་དང་།སོལ་རླངས་མཁོ་འདོན།དྲོད་རླངས་མཁོ་འདོན།གློག་འདོན།འཕྲིན་གཏོང་སོགས་སྒྲིག་བཀོད་ཀྱི་ཞན་ཆ་གཅིག་གྱུར་འཆར་འགོད་དང་འཐུས་ཚང་དུ་གཏོང་དགོས།རིམ་པ་མང་བའི་སྡོད་ཁང་དུ་གློག་སྐས་བླུགས་ཡོད་པ་སྟེ།ཆ་རྐྱེན་འཛོམས་པའི་རིམ་པ་མང་བའི་སྡོད་ཁང་དུ་གློག་སྐས་102བསྣན་ཡོད།ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་བའི་ལས་གྲྭའི་ནང་དུད་ཚང་ཁྲི་4སྐྲུན་འགོ་འཛུགས་རྒྱུ་དང་།དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སྡོད་ཁང་འགན་ལེན།ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དང་ཡོང་འབབ་དམའ་བའི་སྡོད་ཁང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་བོགས་གཏོང་ཁང་པའི་འགན་ལེན་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་དཀའ་ངལ་ཡོད་པའི་ཁྱིམ་ཚང་6348ལ་བོགས་གཏོང་ཁང་པའི་བོགས་གཏོང་ཁ་གསབ་སྒོར་ཁྲི་1880.43སྤྲད་པ་རེད།
ཚུར་སྣང་།
གློག་སྐས་ཡོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་ནས་ཐོག་ཁང་དུ་བློ་བདེ་བག་ཕེབས་ངང་འཛེག་ཐུབ་པ་དེ་ནི་ཁུལ་ཆུང་རྙིང་པའི་གྲོང་མི་མང་པོ་ཞིག་གི“བདེ་སྐྱིད་ཀྱི་ཕུགས་འདུན”ཞིག་རེད།
“ང་ཚོའི་ཐོག་བརྩེགས་མང་བའི་སྡོད་ཁང་གི་ངོས་ནས་བརྗོད་ན།གློག་སྐས་ནི་དགོས་མཁོ་ཆེ་ཤོས་ཤིག་རེད”ཤིན་ཧྭ་ཅིན་ཤིའུ་གྲོང་ཁུལ་ཆུང་གི་ཐོག་ཁང་གསུམ་པའི་ཚན་པ་བདུན་པའི་དོ་བདག་གི་འཐུས་མི་སུའུ་ཁྲེང་གིས་གསར་འགོད་པར་སྲིད་གཞུང་གིས་ཁུལ་ཆུང་རྙིང་པར་གློག་སྐས་སྣོན་རྒྱུར་ཁ་གསབ་ཡོད་པ་ཤེས་རྟོགས་བྱུང་རྗེས་ཁོང་གིས་སྣེ་ཁྲིད་དེ་ཚན་པ་དེའི་ཁྱིམ་དུད་སྐུལ་སློང་བྱས་ནས་ཐོག་ཁང་རྙིང་པའི་གློག་སྐས་སྒྲིག་སྦྱོར་བྱ་རྒྱུའི་རེ་ཞུ་བྱས་ཡོད་ཅེས་བཤད།
ཐོག་ཁང་གི་སྐས་སྟེང་དུ་འཛེག་རྒྱུ་ནི་གྲོང་མི་ཕྱིར་སྐྱོད་བྱེད་པའི་གོམ་སྟབས་དང་པོ་ཡིན་ལ་ཁྱིམ་དུ་ལོག་པའི“གོམ་སྟབས་མཐའ་མ”ཞིག་ཀྱང་ཡིན་མོད།འོན་ཀྱང་ཁུལ་ཆུང་རྙིང་པ་ཐོག་ཁང་ནས་འབབ་དཀའ་བ་དང་ཐོག་ཁང་ལ་འཛེག་དཀའ་བའི་གནད་དོན་གྱིས་གྲོང་མིར་དཀའ་ངལ་བཟོ་བཞིན་ཡོད་པས་ཚང་མས་གློག་སྐས་སྣོན་རྒྱུའི་རེ་འདུན་ཧ་ཅང་ཆེན་པོ་ཡོད།
“སྲིད་གཞུང་གིས་ཁ་གསབ་སྒོར་ཁྲི་30སྤྲད་པ་དང་ལྷག་མ་རྣམས་ཐོག་བརྩེགས་གསུམ་པ་ནས་དྲུག་པའི་བར་གྱི་ཁྱིམ་དུད་ཀྱིས་ཐོག་བརྩེགས་མཐོ་དམན་གྱི་ཐོག་ནས་མ་དངུལ་གཏོང་བའི་བསྡུར་ཚད་ལྟར་བརྩིས་ན་མ་དངུལ་གཏོང་ཚད་ཇི་ཙམ་མཐོ་ན་དེ་ཙམ་གྱིས་མཐོ་བ་ཡོད”ཅེས་སུའུ་ཁྲེང་གིས་བཤད།
གསར་འགོད་པས་ས་གནས་ས་ཐོག་ནས་མཐོང་བར།ཤིན་ཧྭ་ཅིན་ཤིའུ་གྲོང་ཁུལ་ཆུང་དུ་སྤྱོད་འགོ་ཚུགས་པའི་གློག་སྐས་ཀྱི་ཁྲོན་ལམ་4ཚང་མར་ཕྱི་གསལ་ནང་གསལ་གྱི་ཤེལ་གྱི་གྲུབ་ཆ་སྤྱད་པས་མཐའ་འཁོར་གྱི་ཁང་པའི་འོད་ལེན་པར་ཤུགས་རྐྱེན་ཐེབས་མི་སྲིད།གློག་སྐས་ལ་སྡོད་སྐབས་སྡེ་ཁུལ་གྱི་ཁྱིམ་དུད་ཀྱི་སྒོ་མི་ཆོག་པའི་གཱ་སྤྱད་དེ་འཛུལ་དགོས།དེ་ལྟར་བྱས་ན་ཁུལ་ཆུང་གི་བདེ་འཇགས་དོ་དམ་ལ་ཕན་པ་མ་ཟད།ཁུལ་ཆུང་གི་དོ་བདག་གིས་གློག་སྐས་སྤྱོད་པའི་ཁེ་དབང་ཡང་འགན་ལེན་བྱེད་ཐུབ།
ཁུལ་ཆུང་རྙིང་པར་གློག་སྐས་སྣོན་པའི་ལས་གྲྭ་ལག་བསྟར་བྱས་པས་ཁུལ་ཆུང་མང་པོ་ཞིག་གི་གྲོང་མི“ཐོག་ཁང་ཐོག་འཛེག་པའི”དུས་རབས་ལས་རྦད་དེ་མཇུག་འགྲིལ་ནས་བདེ་སྐྱིད་ཚོར་སེམས་རྒྱུན་མཐུད་ངང་འཕར་ཡོད་པ་རེད།

བདེ་ཐང་མཚོ་སྔོན་ལས་གཞི།
དམིགས་ཡུལ།
སྨན་ཁང་གི་འཕྲལ་བཅོས་ཞབས་ཞུའི་རྣམ་པ་ལེགས་བཅོས་དང་འཐུས་ཚང་དུ་གཏོང་དགོས།ཞིང་ཆེན་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་300ཙམ་གྱིས་སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་ཐུབ་པ་བྱ་རྒྱུ་རེད།རྒྱུན་རྣམ་ཅན་གྱི་སྨན་བཅོས་སྙིགས་རོའི་དོ་དམ་མ་ལག་སྔར་བས་འཐུས་ཚང་དུ་གཏོང་དགོས།ཟས་རིགས་དང་སྨན་རྫས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་བསྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གཉེར་སྐྱོང་པས་རིན་གོང་གསལ་པོ་འགོད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས།ཞིང་ཆེན་ཡོངས་ཀྱི་བཟའ་བཅའ་ཐོན་སྐྱེད་དང་།གཉེར་སྐྱོང་།བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་འཐེན་བཤེར་ལྟ་ཞིབ་ཚད་ལེན་བཅས་རིགས་ཆེ་གྲས་31གི་ཁག་ཐེངས་5000ལེགས་སྒྲུབ་བྱས་ནས་འཛད་སྤྱོད་པ་དང་གཉེར་སྐྱོང་པའི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱས་པ་རེད།
འཕེལ་རྒྱས།
རིམ་གསུམ་སྨན་ཁང་གིས་སྒོ་བསྟེན་སྨན་བཅོས་ཀྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་ལྟེ་གནས་བཙུགས་པ་དང་རིམ་པ་གཉིས་པ་དང་དེ་ཡན་གྱི་སྨན་ཁང་གིས་སྔོན་མངགས་སྨན་བཅོས་ལམ་ལུགས་ཡོངས་ཁྱབ་ངང་བཙུགས་ནས་ནད་པ་སྨན་ཁང་དུ་བསྐྱོད་ནས་སྐར་མ་30ཡི་ནང་ཚུན་དུ་སྨན་བཅོས་བྱེད་ཚད་མཐོ་རུ་བཏང་ནས་ཞིབ་བཤེར་དང་ཞིབ་བཤེར་གཅིག་སྡུད་སྔོན་མངག་སོགས་ཀྱི་སྔོན་མངགས་བྱེད་སྟངས་སྣ་ཚོགས་ཁྱབ་གདལ་བཏང་བ།ཞིང་ཆེན་དེ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་སྨན་ཁང་60%ཡིས་ཉིན་གུང་དང་དེ་བཞིན་མཚན་མོའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་བཙུགས་ཡོད།“མཚོ་སྔོན་ལྷོ་རྒྱུད་དང་མཚོ་སྐོར་སྨན་བཅོས་ལ་རོགས་སྐྱོར་བྱེད་པའི”བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས་ཞིང་ཆེན་རིམ་པའི་སྨན་ཁང་གི་རྐང་འཛིན་པ1127ཁུལ་6དང་རྫོང་29ལ་བཏང་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཤམ་དུ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།ཞིང་ཆེན་དེ་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་3599ཚང་མར་ཞིང་ཆེན་སྒྲོལ་བའི་སྨན་བཅོས་འགྲོ་གྲོན་ཐད་ཀར་རྩིས་རྒྱག་པའི་ལས་སྒོ་བཙུགས་པ་དང་འབྲེལ་ཁྱོན་ཡོངས་ལ་ཁྱབ་པ་བྱས་པ་དང་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་བསྡད་ནས་ཐད་ཀར་རྩིས་རྒྱག་པའི་མི་སྒེར་གྱི་ཁུར་པོའི་བསྡུར་ཚད་10%དམའ་རུ་བཏང་ཡོད་པ་རེད།ཞིང་ཆེན་ཡོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སྨན་བཅོས་སྒྲིག་གཞི་ཚང་མར་སྨན་བཅོས་ཟོག་རོ་གནས་སྐབས་གསོག་ཉར་ས་ཚིགས་བཙུགས་ནས་སྨན་བཅོས་བེད་མེད་དངོས་པོ་ཐོན་པ་དང་།གནས་སྐབས་ཉར་ཚགས།བརྒྱུད་འདྲེན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ཚོད་འཛིན་དང་ཚད་ལྡན་ཅན་གྱི་སྒོ་རྒྱག་དོ་དམ་མངོན་འགྱུར་བྱུང་བ་དང་།རིམ་པ་གསུམ་པའི་སྨན་བཅོས་སྒྲིག་གཞི་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་བེད་མེད་དངོས་པོ་ཆ་འཕྲིན་ཅན་གྱི་དོ་དམ་མ་ལག་ནང་འཇུག་རྒྱུ་རེད།བཟའ་བཅའ་དང་སྨན་རྫས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གཉེར་སྐྱོང་པས་རིན་གོང་གསལ་པོ་འགོད་པའི་བྱེད་སྤྱོད་རྒྱུན་མཐུད་ཚད་ལྡན་དུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་བཟའ་བཅའ་ཐོན་སྐྱེད་དང་།གཉེར་སྐྱོང་།བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་ལ་འཐེན་བཤེར་ལྟ་ཞིབ་ཚད་ལེན་བྱས་ནས་རིགས་ཆེ་གྲས་31གི་ཁག་6315ལེགས་གྲུབ་བྱུང་ཡོད།
ཚུར་སྣང་།
མི་སེར་ཚོར་ཁྱིམ་གྱི་སྒོ་འགྲམ་དུ་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་བྱེད་པ།
“བཀའ་དྲིན་ཆེ། བཀའ་དྲིན་ཆེ།”བོད་རིགས་གཞོན་ནུ་པད་མས་མིག་ཆུ་བཞུར་བཞིན་ཡོན་ཧྲེ་ཏུང་ཅ་ཧུང་ཚོགས་པར་ཐུགས་རྗེ་ཆེ་ཞུས་པ་རེད།2023ལོའི་ཟླ་11ཚེས་22ནས་26ཉིན་བར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཆིང་ཧྭ་སློབ་ཆེན་ཞོར་གཏོགས་པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གི་ཡོན་ཀྲང་ཏུང་ཅ་ཧུང་གིས་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་རྙོག་འཛིང་ཆེ་བའི་ཐུམ་འབུའི་ནད་པ་50ལ་ནད་གཞིའི་དཔྱད་དཔོག་དང་།ཐུན་མོང་ཅན་གྱི་ནད་བརྟག་སྨན་བཅོས་སྔོན་ཇུས་བཟོ་བ།གཤགས་བཅོས་བཅས་བྱས་པ་རེད།
2023ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཕྱིའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས“མཚོ་སྔོན་ལྷོ་རྒྱུད་དང་མཚོ་སྐོར་སྨན་བཅོས་ལ་རོགས་སྐྱོར་བྱེད་པའི”བྱ་སྤྱོད་གཏིང་ཟབ་ཏུ་བཏང་བ་དང་།ཀྲུང་དབྱང་རྩ་འཛུགས་པུའི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་བྱས་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་ཐག་རིང་ས་ཁུལ་གྱི་སྨན་བཅོས་ཞབས་ཞུའི་གནས་ཚུལ་ལེགས་སུ་ནུས་ལྡན་བཏང་ནས་མང་ཚོགས་ཚོས་ཐག་ཉེ་ས་ནས་དྲང་སྙོམས་དང་མ་ལག་རྒྱུན་མཐུད་ཀྱི་བདེ་ཐང་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ཡོད།

གཅེས་སྐྱོང་རོགས་སྐྱོར་ལས་གཞི།
སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་སུ་རྒན་རྒོན་དང་ནད་གཡོག་པ་དང་མཉམ་དུ་ལག་ཤེས་བཟོ་གི་ཡོད།
དམིགས་ཡུལ།
ཉིན་མོའི་ལྟ་སྐྱོང་སོགས་ཕྱོགས་བསྡུས་ནུས་པ་ལྡན་པའི་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ས་ཚིགས་50བསྐྲུན་རྒྱུ།དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་རྒོན་དུད་ཚང་1500ཡི་ཁྱིམ་ཚང་རྙིང་པར་སྒྱུར་བཀོད་བྱས་པ་དང་འབྲེལ་ཁྱིམ་དུ་ལྟ་སྐྱོང་ཞབས་ཞུ་མཁོ་འདོན་བྱས་ཡོད།ལོ་65དང་དེ་ཡན་གྱི་རྒན་རྒོན་ཁྲི་40ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་པ་རེད།ཆ་རྐྱེན་དང་མཐུན་པའི་མིག་ཤེད་དང་།རྣ་ནུས།སྐད་ཆ་སོགས་དབང་པོ་སྐྱོན་ཅན་བྱིས་པ་དང་ཁེར་རྐྱང་ནད་ཕོག་པའི་བྱིས་པ་3200ལ་དྲག་སྐྱེད་སྦྱོང་བརྡར་གྱི་རོགས་སྐྱོབ་བྱ་རྒྱུ་དང་།དབང་པོ་སྐྱོན་ཅན་ཁྲི་1ལ་རམ་འདེགས་ཡོ་བྱད་སྒྲིག་སྦྱོར་བྱ་རྒྱུ།དབང་པོ་སྐྱོན་ཅན་2000ལ་བཅོལ་སྐྱོང་ཞབས་ཞུ་བྱ་རྒྱུ་བཅས་རེད།སློབ་ལོ་ལོན་པའི་བུད་མེད་ཁྲི་17(ལོ་35ནས་64བར)ལ“འབྲས་སྐྲན་གཉིས”བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད།ཞིང་ཆེན་དེ་ཡོངས་ཀྱི་བུ་བཅོལ་ཞབས་ཞུའི་སྒྲིག་གཞིའི་གྲངས་འབོར་2022ལོ་ལས་10%ཡན་མང་དུ་བཏང་ནས་ཕྲུ་གུ་དམར་འབྱར་ལ་ལྟ་སྐྱོང་བྱེད་མཁན་མེད་པའི་གནད་དོན་རིམ་བཞིན་ཐག་གཅོད་བྱ་རྒྱུ་རེད།ཞིང་ཆེན་ཡོངས་ཀྱི་ལས་བཟོའི་སྨན་བཅོས་དང་འཚོ་བའི་རོགས་རེས་འགན་སྲུང་བྱེད་སྒོའི་འཆར་གཞིའི་ནང་ཞུགས་མཁན་ཚན་པ་5000དང་ཕན་ཚུན་ལས་བཟོ་ཁྲི་33ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།
འཕེལ་རྒྱས།
ཉིན་མོའི་ལྟ་སྐྱོང་སོགས་ཕྱོགས་བསྡུས་ནུས་པ་ལྡན་པའི་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ས་ཚིགས་56བསྐྲུན་རྒྱུ་རེད།དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་རྒན་རྒོན་དུད་ཚང་1898ཡི་ཁྱིམ་ཚང་རྙིང་པར་འཚམ་པའི་སྒྱུར་བཀོད་བྱས་པ་དང་འབྲེལ་ཁྱིམ་དུ་ལྟ་སྐྱོང་ཞབས་ཞུ་མཁོ་འདོན་བྱས་ཡོད།ལོ་65དང་དེ་ཡན་གྱི་རྒན་རྒོན་ཁྲི་40ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་པའི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།ལོ་འདིའི་ནང་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་2.24སྤྲད་པ་རེད།ཆ་རྐྱེན་འཛོམས་པའི་དབང་པོ་སྐྱོན་ཅན་བྱིས་པ་དང་དྭ་ཕྲུག་ཏུ་ལུས་པའི་བྱིས་པ་3335ལ་དྲག་སྐྱེད་སྦྱོང་བརྡར་གྱི་རོགས་སྐྱོབ་བྱས་པ་དང་།དབང་པོ་སྐྱོན་ཅན་20238ལ་རམ་འདེགས་ཡོ་བྱད་སྒྲིག་སྦྱོར་བྱས་པ།དབང་པོ་སྐྱོན་ཅན་4240ལ་བཅོལ་གསོའི་ཞབས་འདེགས་ཞུས་པ་རེད།སློབ་ལོ་ལོན་པའི་བུད་མེད་ཁྲི་18.35ལ“འབྲས་སྐྲན་གཉིས”ལ་གྲལ་བཤེར་བྱས་ནས་ཆ་རྐྱེན་དང་མཐུན་པའི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་“འབྲས་སྐྲན་གཉིས”ཕོག་པའི་བུད་མེད་300ལ་རོགས་སྐྱོབ་བྱས་པ་རེད།ཞིང་ཆེན་ཡོངས་ཀྱི་ཐོ་འགོད་བྱས་པའི་བཅོལ་སྐྱོང་སྒྲིག་གཞི་267བར་མང་དུ་ཕྱིན་པ་དང་བཅོལ་གནས་གྲངས་ཁྲི་1.87ཟིན་ཡོད།ཕན་ཚུན་ལས་བཟོ་ཁྲི་35.88ཞུགས་ཡོད་པ་རེད།
ཚུར་སྣང་།
རེག་ཐུབ་པའི་བདེ་སྐྱིད་མང་ཚོགས་ཀྱི་ལག་ཏུ་བསྐྱལ་དགོས།
“དམངས་སྲིད་ལས་དོན་པས་སྒོ་རྩར་གནས་ཚུལ་ཤེས་རྟོགས་བྱེད་པ་ནས་མ་མཐའི་འཚོ་བའི་འགན་ལེན་གྱི་ཁོངས་སུ་བཅུག་པའི་བར་སྔ་རྗེས་སུ་ཉིན་ཉི་ཤུ་ཡང་མ་སོང་བར་རོགས་སྐྱོར་སྲིད་ཇུས་ཡག་པོ་བྱས་པར་བརྟེན་གངས་འབབ་དུས་ཟས་སྐྱེལ་བ་ལྟ་བུ་རེད”ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲུའོ་པེ་བོད་རིགས་ཤང་ལ་ལང་ཐའེ་གྲོང་ཚོར་སྡོད་མཁན་ཏུང་ཝུའེ་ཆོན་གྱིས“ང་ཚོས་མི་སྒེར་གྱི་ཆ་འཕྲིན་དང་།སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་འགྲོ་ལུགས།འགྲོ་གྲོན་བཅས་མཁོ་འདོན་བྱས་ཡོད།དུས་ཡུན་རིང་པོ་མ་སོང་བར་ཟི་ལིང་གྲོང་ཁྱེར་སེམས་དམངས་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་ཕྱི་ཕྱོགས་ནས་མངགས་པའི་མཐུན་སྦྱོར་པས་ང་ལ་མ་མཐའི་འཚོ་བའི་འགན་ལེན་བྱས་བྱུང”ཞེས་བཤད།
རང་རེའི་ཞིང་ཆེན་གྱི་ས་གནས་ཁག་ཏུ་ཏུང་ཝུའེ་ཆོན་དང་འདྲ་བར་རོགས་སྐྱོབ་མ་ལག་ནང་བཅུག་པའི་མང་ཚོགས་ཚང་མས་སྲིད་ཇུས་བཟང་པོའི་བདེ་སྐྱིད་ལོངས་སུ་སྤྱོད་ཐུབ་ཡོད།རང་རེའི་ཞིང་ཆེན་གྱིས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་།དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ།མ་མཐའི་འཚོ་བ་འགན་ལེན་གྱི་མཐའ་མཚམས་དུད་ཚང་སོགས་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་མི་འབོར་གཅིག་སྡུད་བྱེད་པའི་གནས་ཚུལ་ལྟ་ཞིབ་ཚད་ལེན་གྱི་“གྲངས་གཞིའི་རྫིང་བུ”བཙུགས་པ་དང་།གནོད་འཚེ་དང་།ནད་གཞི།སློབ་གྲྭར་ཞུགས་པ།དབང་པོ་སྐྱོན་ཅན་ཡིན་པ།ལས་ཤོར་བཅས་ཀྱི་སྔོན་བརྡ་གཏོང་བའི་ལྟ་ཞིབ་ཚད་ལེན་གྱི་དམིགས་ཚད་ཁག་5བཀོད་སྒྲིག་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་གནས་སའི་ཁོངས་གཏོགས་ཁུལ་གྱི་དམངས་སྲིད་སྡེ་ཚན་ལ་དུས་ཐོག་ཏུ་ཉེན་བརྡ་བཏང་ནས་དུས་བཀག་ནང་དུད་ཚང་དུ་ཞིབ་བཤེར་བྱས་ཡོད།

ཕྱོགས་བསྡུས་སྒྲིག་བཀོད་ལས་གྲྭ།
དམིགས་ཡུལ།
ཟི་ལིང་གྲོང་ཁུལ་གྱི་འགྲོ་ལམ་མཐོར་གཏོང་ལས་གྲྭ་3དང་ཆུ་འབུད་དང་ཞོད་སྐྱོན་སྔོན་འགོག་གི་སྒྱུར་བཀོད་ལས་གྲྭ་2ལེགས་གྲུབ་བྱུང་ཡོད།མཛེས་སྡུག་ལྡན་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས།ཞིང་ལས་ཁུལ་དུ་གཅིག་སྡུད་ཡུག་འབྲེལ་གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་ལས་གྲྭ་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱེད་དགོས།འབྲོག་ལས་ཁུལ་དུ་ཡུལ་བབ་དང་བསྟུན་ནས་འཕྲུལ་ཁྲོན་ཆུང་གྲས་འཛུགས་སྐྲུན་བྱེད་རྒྱུ་ཁྱབ་གདལ་བཏང་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་སྲུང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།
འཕེལ་རྒྱས།
ཟི་ལིང་གྲོང་ཁྱེར་གྲོང་ཁུལ་གྱི་འགྲོ་ལམ་མཐོར་གཏོང་ལས་གྲྭ་སྟེ།རྒྱལ་འཛུགས་ཁྲོམ་གཞུང་དང་།ལྷོ་བྱང་ཁྲོམ་གཞུང་།ནན་ཁྲོན་ཤར་ལམ་བཅས་འགྲོ་ལམ་གསུམ་མཐོར་གཏོང་ལས་གྲྭ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།ཟི་ལིང་གྲོང་ཁྱེར་གྲོང་ཁུལ་གྱི་ཆུ་འབུད་དང་ཞོད་སྐྱོན་འགོག་པའི་སྒྱུར་བཀོད་ལས་གྲྭ།ཁུ་ནུའི་ལམ་ཆེན་(ཕུའུ་ཧྥུང་ལམ—ཝུན་པོ་ལམ)གྱི་ས་འོག་སྦུག་དྲ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལེགས་གྲུབ་ཟིན་པ་དང་།ཁུ་ནུ་ཤར་ལམ(དབྱི་ཤིན་གླིང་དུམ་བུ)གྱི་ཆུ་གསོག་ས་ཚིགས་ཀྱི་འདམ་རྫབ་གཙང་སེལ་ལས་གྲྭ་ལེགས་གྲུབ་ཟིན་པ།རིམ་རྩིས་བྱས་ན་འདམ་རྫབ་ཏུན་35ཙམ་གཙང་སེལ་བྱས་པ།འབྲུབ་དུས་སུ་འཁྱིལ་ཆུའི་གནད་དོན་ཐོན་མེད།མཛེས་སྡུག་ལྡན་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་པ།མཛེས་སྡུག་ལྡན་པའི་ཁྱད་ལྡན་གྲོང་རྡལ་10སྐྲུན་འགོ་འཛུགས་རྒྱུ།མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན།མཛེས་སྡུག་ལྡན་པའི་གྲོང་གསེབ་300འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ།གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭ།གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན་ལས་གྲྭ་ཁག་100ལག་བསྟར་བྱས་པར་ཕན་པ་ཐོབ་མཁན་མི་ཁྲི་65.9ཟིན་ཡོད།
ཚུར་སྣང་།
ས་གནས་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ནས་ཆུ་འཁྱིལ་བའི་འབྲུབ་འགོག་དང་འཁྱིལ་ཆུ་ཕྱིར་འབུད་བྱས་ནས“དམངས་སེམས་ལམ་བུ”ཤར་གཏོང་ཐུབ་པ།
དམངས་ཚིས་འདུ་འགོད་གལ་ཆེན་ཞིག་ཡིན་པའི་ངོས་ནས་གྲོང་ཁུལ་གྱི་ཆུ་གསོག་ས་ཚིགས་སྒྱུར་བཀོད་བྱ་རྒྱུ་ནི་མང་ཚོགས་ཕྱིར་སྐྱོད་བདེ་འཇགས་འགན་ལེན་དང་།གྲོང་ཁྱེར་གྱི་ཆུ་འབུད་ནུས་པ་ཆེ་རུ་གཏོང་བ།གྲོང་ཁྱེར་གྱི་འཁྱིལ་ཆུའི་གནས་ཚུལ་ཞི་ལྷོད་དུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད།2023ལོར་ལིའུ་ཅ་གྲོང་སྡེའི་ཆུ་གསོག་ས་ཚིགས་སྒྱུར་བཀོད་བྱ་རྒྱུ་དེ་ཞིང་ཆེན་དེ་ཡོངས་ཀྱི་དམངས་ཚིས་བྱ་བ་དངོས་ནང་བཅུག་པ་ནས་བཟུང་མཐའ་འཁོར་གྱི་མང་ཚོགས་རྣམས་ཆར་པ་འབབ་དུས་ཕྱིར་སྐྱོད་དཀའ་བའི་རྣམ་པ་མཇུག་འགྲིལ་བ་རེད།
“ང་ཚོས་གནས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་དུས་འགོའི་བརྟག་ཞིབ་དང་འཆར་འགོད་བྱས་ཏེ་ས་འོག་གི་སྦུག་ལམ་ཆེ་མོའི་མདོང་ལམ་བརྗེས་པ་དང་ཆབས་ཅིག་ས་ངོས་ཀྱི་ཆར་ཆུ་དང་ཆར་ཆུ་སྒྲིག་སྦྱོར་བྱེད་ཚད་མཐོ་རུ་ཕྱིན་པ་མ་ཟད།ཆར་ཆུ་དང‘སྦྲེལ་མཐུད’བྱས་ནས་ས་ངོས་ཀྱི་ཆུ་འབུད་མྱུར་ཚད་མགྱོགས་སུ་ཕྱིན་ཡོད”ཅེས་ཟི་ལིང་གྲོང་ཁྱེར་འཛུགས་སྐྲུན་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་དོན་མི་སྣ་ཁུའེ་ཤིན་ཅན་གྱིས་ངོ་སྤྲོད་བྱས།
གྲོང་ཁྱེར་གྱི་འགྲོ་ལམ་དུ་འཁྱིལ་ཆུ་གསོག་ཚད་དེ་གྲོང་ཁྱེར་གྱི་འབྲུབ་འགོག་གི་ཞན་ཆར་འགྱུར་སླ་བ་དང་གྲོང་མིའི་འཚོ་བ་ཕྱིར་སྐྱོད་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།ཟི་ལིང་གྲོང་ཁྱེར་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་གྲོང་ཁྱེར་སྤྱི་སྤྱོད་ཁོའོ་ཡི་ལས་དོན་མི་སྣ་ཧན་ཞའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།2023ལོར་ཟི་ལིང་གྲོང་ཁྱེར་གྱིས་དུས་འགོའི་ཆུ་གསོག་ས་ཚིགས་15བཅོས་སྒྲིག་བྱས་པའི་རྨང་གཞིའི་ཐོག་ཚྭ་འདམ་གཤོང་སའི་ཆར་ཆུ་དང་སྦགས་བཙོག་ཁག་བགོས་སྒྱུར་བཀོད་རྣམ་གྲངས་དང་ཚྭ་གྲོང་གི་གནོད་འཚེ་བཅོས་སྒྲིག་ལས་གྲྭ་དང་ཟུང་འབྲེལ་བྱས་ནས་ཚྭ་འདམ་གཤོང་སའི་ཆུ་འབུད་སྒྲིག་བཀོད་ཀྱི་ནུས་པ་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་དེ་དང་ཆབས་ཅིག་ལིའུ་ཅ་གྲོང་སྡེའི་རླངས་སྣོན་ས་ཚིགས་དང་།དབྱི་ཤིན་གླིང་།ནུབ་ཚུགས་ནུབ་མའི་སྲང་ལམ་གཅིག་སོགས་ཆུ་གསོག་སླ་བའི་ས་ཚིགས་སྒྱུར་བཀོད་འཆར་གཞིའི་ནང་བཅུག་པ་དང་འབྲེལ་ལག་བསྟར་ལ་སྐུལ་འདེད་བཏང་བས་ད་ཆ་ཚང་མ་སྒྱུར་བཀོད་ལེགས་གྲུབ་ཟིན་ཡོད།

སྐྱེ་ཁམས་ནུས་ཁུངས་གྲོན་ཆུང་ལས་གྲྭ།
རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས་མི་སེར་ལ་ཕན་པ་ཐོབ་པ་བྱེད་དགོས།ཧོར་གྲོང་རྫོང་སྔོ་ཚལ་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱིས་ས་བཀྲ་མཁོ་འདོན་བྱས་པ།
དམིགས་ཡུལ།
ཞིང་ལས་སྐྱེ་དངོས་ཀྱི་སོག་མ“མ་བཅོས་རྒྱུ་ཆ་ཅན་དང་།འབར་རྫས་རྒྱུ་ཆ་ཅན།ལུད་རྒྱུ་ཅན།གཟན་རྩྭ་ཅན་དུ་འགྱུར་བ”བཅས་ལ་སྐུལ་འདེད་བཏང་ནས་ཞིང་ཆེན་གྱི་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་88%ཡན་ཟིན་པའི་འགན་ལེན་བྱེད་དགོས།རྫས་ལུད་དང་ཞིང་སྨན་ཉུང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་ནས་སྔོ་ཚལ་སོགས་དཔལ་འབྱོར་སྐྱེ་དངོས་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་དགོས།ཞིང་ཆུ་འདྲེན་ཁུལ་གྱི་ཞིང་ཆུ་འདྲེན་འབུད་ལས་གྲྭའི་མ་ལག་གི་ཞན་ཆ་གང་མགྱོགས་གསབ་པ་དང་།ཞིང་ཆུ་གཏོང་ཁུལ་འབྲིང་གྲས་ཀྱི་མཐུད་སྐྲུན་ཆ་འགྲིག་དང་ཆུ་གྲོན་ཆུང་སྒྱུར་བཀོད་རྣམ་གྲངས་4ལག་བསྟར་བྱ་དགོས།
འཕེལ་རྒྱས།
སྐྱེ་ཁམས་ནུས་ཁུངས་གྲོན་ཆུང་ལས་གྲྭ་དེ་གྲོང་གསེབ་དང་འབྲོག་ཁུལ་གྱི་ཚུལ་སྒྱུར་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་།གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་ས་གལ་ཆེན་དུ་བརྩིས་ཏེ།ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་བ་དང་ཞིང་ལས་ཀྱི་རིམ་པ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།ཞིང་ལས་སྐྱེ་དངོས་ཀྱི་སོག་མ་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་ལག་བསྟར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་90%ཟིན་པ་དང་།ཕན་འབྲས་ཆེར་གཏོང་བྱ་སྤྱོད་སྤེལ་ཁྱོན་མུའུ་ཁྲི་300ཟིན་པ།སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་ལྗང་མདོག་སྔོན་འགོག་ཚོད་འཛིན་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྫས་ལུད་དང་རྫས་འགྱུར་ཞིང་སྨན་སྤྱོད་ཚད་དེ་བྱ་སྤྱོད་མ་སྤེལ་གོང་ལས་25%དང་20%སོ་སོར་ཉུང་དུ་ཕྱིན་ཡོད་པ་རེད།
ཚུར་སྣང་།
རྫས་ལུད་དང་ཞིང་སྨན་ཉུང་དུ་གཏོང་བའི་ཁྲོད“ཤ་ཚལ་སྒོང་གསུམ”གྱི་འཕར་ཚད་ཡག་པོ་ཡོང་བ་བྱེད་པ།
“ཤ་ཚལ་སྒོང་གསུམ”ཡག་པོ་བསྒྲུབས་ནས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཞིང་ལས་ཐོན་འཕར་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་བའི་བརྒྱུད་རིམ་ནང་བྱ་སྤྱོད་ནུས་ལྡན་གྱི་གྲས་ཤིག་ནི་རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ་དང་ཁ་འབྲལ་ཐབས་མེད་པར་སྔོ་ཚལ་སོགས་དཔལ་འབྱོར་སྐྱེ་དངོས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས།
ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་སྔོ་ཚལ་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲུའུ་ཨན་ཤང་གིས་བཤད་པ་ལྟར།“རྫས་ལུད་དང་ཞིང་སྨན་གཉིས་ཉུང་དུ་གཏོང་བའི་བྱ་སྤྱོད་ཀྱིས་ཚོང་སྤྱོད་སྐྱེ་ལྡན་ལུད་དང་ཁྱིམ་ལུད་སོགས་སྤྱོད་ཚད་མང་དུ་གཏོང་བའི་བརྒྱུད་རིམ་ནང་ས་རྒྱུའི་ཁོར་ཡུག་ལེགས་སུ་ནུས་ལྡན་བཏང་བ་དང་།སྔོ་ཚལ་སོགས་དཔལ་འབྱོར་སྐྱེ་དངོས་ཀྱི་ཐོན་ཚད་མཐོ་རུ་ཕྱིན་པ་མ་ཟད།སྤུས་ཚད་ལེགས་པའི་དབང་གིས་ཞིང་ཆེན་ཕྱི་ནང་གི་ཁྲོམ་རར་དགའ་པོ་བྱེད་ཀྱི་ཡོད”།
2023ལོར་ཧོར་གྲོང་རྫོང་གིས་ཤང་གྲོང་15ལ་སྔོ་ཚལ་དང་རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་སྤྱི་ཆིང་3400སྤེལ་བ་དང་འབྲེལ་དཔེ་སྟོན་རྟེན་གཞི་48དང་སྤྱི་ཆིང་1066.67བཙུགས་པ་དང་རྣམ་གྲངས་ཁུལ་གྱི་རྫས་ལུད་དང་རྫས་འགྱུར་ཞིང་སྨན་སྤྱོད་ཚད་བྱ་སྤྱོད་མ་སྤེལ་གོང་ལས་25%དང་20%ཡན་སོ་སོར་ཉུང་དུ་ཕྱིན་ཡོད་པ་རེད།
སྔོ་ཚལ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཕྱིན་པ་དེས་ཞིང་དུད་ཀྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད།ཉེ་འཁོར་གྱི་གྲོང་ཚོ་མང་པོའི་ལས་མིའི་ཡོང་འབབ་ཀྱང་སྐུལ་ཁྲིད་ཐུབ་ཀྱི་ཡོད།“སྔོ་ཚལ་འདེབས་འཛུགས་གཞི་ཁྱོན་ཅན་དང་།ལེགས་བསྡུས་ཞིབ་གཉེར་ཅན།ཚད་ལྡན་ཅན་བཅས་ཀྱི་ཐོན་སྐྱེད་མངོན་འགྱུར་བྱུང་བ་དང་བསྟུན་ནས་མི་ཁྲི་54དུས་ཚིགས་རང་བཞིན་གྱི་ལས་མི་བྱེད་པར་ཁྲིད་སྟོན་བྱས་པས་ཞིང་པར་འབབ་འཕར་སྒོར་ཁྲི་5730བྱུང་ནས་ཞིང་དུད་ཁྲི་0.3མང་དུ་ཕྱིན་ནས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད”ཅེས་ཀྲུའུ་ཨན་ཤང་གིས་བཤད།

རིག་གནས་དམངས་ཕན་ལས་གཞི།
ཟི་ལིང་གྲོང་ཁྱེར་ཧེ་ཧུའུ་ལུས་རྩལ་ལྟེ་གནས་ཀྱི་བྱིས་པའི་ལག་རྩལ་སྤོ་ལོའི་རྣམ་གྲངས་དེ་དགུན་གནང་སྐབས་ཀྱི་ལུས་རྩལ་ཚ་ཤོས་སུ་གྱུར་ཡོད།
དམིགས་ཡུལ།
རྫོང་དང་གྲོང་རྡལ་གྱི་ནུས་པའི་ལུས་རྩལ་ཐང་40གསར་སྐྲུན་དང་རྒྱས་སྐྲུན་བྱས་ནས་ལུས་རྩལ་ཐང་དང་ཁང་70རིན་མེད་དམ་ཡང་ན་རིན་དམའ་བའི་སྒོ་ནས་སྒོ་འབྱེད་ཐུབ་པ་བྱ་རྒྱུ་རེད།རིག་རྩལ་སྐྱ་དམག་རུ་ཁག་50སྒྲིག་འཛུགས་བྱས་ནས་དམངས་ཕན་འཁྲབ་སྟོན་ཐེངས་600བྱས་པ་རེད།ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྣོད་བཅུད་ལྟ་སྐོར་གླིང་དང་སྣོད་བཅུད་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་དགོས།ཞིང་ཆེན་ཡོངས་ཀྱི་དུད་ཚང་ཁྲི་108ཀྱི་ཐད་གཏོང་སྲུང་སྐར་བསྡུ་ལེན་སྒྲིག་བཀོད་ལ་སྲུང་སྐྱོང་ཞབས་ཞུ་མཁོ་འདོན་བྱས་ནས་ཞིང་འབྲོག་ཁུལ་གྱི་སྲུང་སྐར་ས་ངོས་བསྡུ་ལེན་སྒྲིག་བཀོད་སྤྱོད་མཁན་གྱིས་རྒྱུན་གཏན་ལྟར་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་ཉན་རྒྱུའི་འགན་ལེན་བྱས་པ་རེད།
འཕེལ་རྒྱས།
ནུས་མང་ལུས་རྩལ་ཐང་15དང་།ཤང་གྲོང་(ཁྲོམ་གཞུང)གི་ལུས་སྦྱོང་ཐང་ཆེན་26གསར་སྐྲུན་དང་རྒྱས་སྐྲུན་བྱས་ནས་ལུས་སྦྱོང་སྒྲིག་བཀོད་སྔར་བས་ལུགས་མཐུན་ཡོང་བར་རིམ་བཞིན་སྐུལ་འདེད་གཏོང་དགོས།ཞིང་ཆེན་དེ་ཡོངས་ཀྱི་ལུས་རྩལ་ཐང་དང་ཁང་76རིན་མེད་དམ་ཡང་ན་རིན་དམའ་བའི་སྒོ་ནས་སྤྱི་དམངས་ལ་སྒོ་ཕྱེ་བ་དེ་གྲོང་ཁྱེར་དང་ཁུལ་8ཀྱི་རྫོང(ཆུས)38ལ་ཁྱབ་ཡོད་པ་རེད།མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་རིག་རྩལ་རྟ་དམག་ཚོགས་པ་50སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་དམངས་ཕན་འཁྲབ་སྟོན་ཐེངས་728བྱས་པ་རེད།གྲོང་གསེབ་ཀྱི་ཡུལ་སྐོར་ཚོད་ལྟའི་གྲོང་ཚོ་དང་།གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་།ཕྱི་རོལ་གྱི་སྣོད་བཅུད་སྒར་སྡོད་བྱ་ཡུལ་སོགས་འཛུགས་སྐྲུན་རྣམ་གྲངས་ཁག་65ལག་བསྟར་བྱས་ཡོད།གྲོང་གསེབ་ཀྱི་ཡུལ་སྐོར་ལམ་ཐིག་11“ཏ་མེ་དཔྱིད་ཀྱི་འོད་སྣང་ལམ་དུ་ཡོད་པའི”རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲའི་མིང་ཐོའི་ནང་ཚུད་ཡོད་པ་རེད།ཟི་ལིང་གྲོང་ཁྱེར་ཙོང་ཆུ་དབུས་ཁུལ་གསེར་ཆེན་གྲོང་རྡལ་ཙོང་དབན་གྲོང་ཚོ་སོགས་གྲོང་ཚོ་5ནི་2023ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་ཡིན་པའི་གཏན་འཁེལ་བྱས་པ་རེད།ཏ་ཐུང་དང་ཐུང་རེན་སོགས་རྫོང་6གི་གྲོང་ཚོ་10ལ་རིན་མེད་ངང་གསལ་གཏོང་སྲུང་སྐར་རབས་བཞི་པར་དུད་ཚང་ཚང་མར་སྒྲིག་ཆས་ཆ་ཚང་2000བརྗེ་རེས་བྱས་ཡོད།
ཚུར་སྣང་།
ལུས་རྩལ་ཐང་དང་ཁང་དུ་དམངས་ཡོངས་ཀྱིས་ལོངས་སུ་སྤྱོད་པའི་ལུས་རྩལ་གྱི་སྤྲོ་སྣང་།
ཟླ་1ཚེས་22ཉིན་གྱི་སྔ་དྲོ་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ལུས་རྩལ་སྤྱི་གླིང་དུ་བྱ་སྒྲོའི་སྤོ་ལོ་ཁང་དང་།ཕིང་ཕང་སྤོ་ལོ་ཁང་།ལན་ཆིའུ་སྤོ་ལོ་ཁང་།དེ་བཞིན་ལུས་སྦྱོང་ཁང་བཅས་སུ་སྔ་ས་ནས་སྦྱོང་བརྡར་བྱེད་པར་ཡོང་མཁན་རྣམས་འཛོམས་ཤིང་།“འགྲན་རའི་ནང་གི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་བ་དང་ལུས་རྩལ་གྱི་རྣམ་པ་ཟབ་མོ་ཡོད།གཟའ་ཟླ་བ་ནས་གཟའ་པ་སངས་བར་ཉིན་ལྟར་ཆུ་ཚོད་16གི་གོང་དུ་གྲོན་དངུལ་དམའ་པོ་བསྡུ་གི་ཡོད་པས་ང་གཟའ་འཁོར་རེར་ཐེངས་གཉིས་གསུམ་ཙམ་ཡོང་གི་ཡོད”ཅེས་ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་ཝང་ཕུང་གིས་བཤད།
ཁང་པའི་ཕྱི་རོལ་གྱི་རྐང་རྩེད་སྤོ་ལོའི་ཁང་དུའང་གཞོན་ནུ་ལོ་ཆུང་མི་ཉུང་བ་ཞིག་འདུས་ཡོད་པ་དང་།ལ་ལ་སྤོ་ལོ་ཐང་དུ་རྒྱུག་བཞིན་ཡོད་པ་དང་།ལ་ལས་དེ་གར་ཤུགས་རྒྱག་པ་སོགས་བྱེད་ཀྱི་ཡོད།“དེ་གའི་ཆུ་ཚོད་16གོང་རིན་མེད་ངང་སྒོ་ཕྱེ་བ་དང་།དགུན་གནང་བཏང་རྗེས་ཕྲུ་གུ་མང་པོ་རྐང་རྩེད་སྤོ་ལོ་རྒྱག་པར་ཡོང་གི་ཡོད”ཅེས་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ལུས་རྩལ་སྤྱི་གླིང་གི་ལས་དོན་མི་སྣས་བཤད།
རང་རེའི་ཞིང་ཆེན་གྱི་ལུས་རྩལ་ཐང་དང་ཁང་གིས་རིན་མེད་དམ་ཡང་ན་རིན་དམའ་བའི་སྒོ་ནས་སྤྱི་དམངས་ལ་སྒོ་ཕྱེ་རྗེས་མི་དེ་བས་མང་བ་ལུས་རྩལ་དང་ལུས་སྦྱོང་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་གཞུང་ཁོངས་ལུས་རྩལ་ཐང་གི་སྤྱི་ཕན་ངོ་བོ་གང་ལེགས་མངོན་པ་དང“དམངས་ཡོངས་ཀྱི་ལུས་སྦྱོང་ཁྱབ་གདལ་བཏང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི”དམངས་ཡོངས་ཀྱི་ལུས་སྦྱོང་རྣམ་པ་ཞིག་བཏོད་ཡོད།

དམངས་ཕན་ལས་གཞི།
ཧའེ་ཏེ་པའོ་ཁུལ་ཆུང་གི་སྡེ་ལས་ལས་དོན་མི་སྣས་མང་ཚོགས་ཀྱི་རེ་འདུན་ཤེས་རྟོགས་བྱས་པ་རེད།
དམིགས་ཡུལ།
2023ལོར“གསར་བརྗེའི་སྡེ་ལས”དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྡེ་ལས་དང་དྲོད་རླངས་མཁོ་འདོན་སོགས་ཐད་ཀྱི་དོ་དམ་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་བ།དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བཅའ་ཁྲིམས་གྱོད་གཞིའི་རེ་ཞུར་དམིགས་ནས་རིན་མེད་ངང་བཅའ་ཁྲིམས་རོགས་སྐྱོར་བྱེད་པ།ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་བྱེད་པའི་མཉམ་ལས་མཉམ་འགུལ་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱེད་པའི་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་དགོས་པ།སྡེ་ཁུལ་ས་ཁོངས་ཀྱི་འཛེར་སྒྲ་འགོག་བཅོས་ལམ་སྲོལ་བཙུགས་ནས་གྲོང་མིའི་འཛེར་སྒྲའི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།“དུད་ཚང་རེར་རེའུ་མིག་རེ”སྒྱུར་བཀོད་ལས་གྲྭར་སྐུལ་འདེད་བཏང་ནས་གློག་སྒྱུར་གློག་འདོན་སྲིད་ཇུས་དོན་འཁྱོལ་གནད་ལ་འཁེལ་མེད་པ་དང་སྲིད་ཇུས་ཀྱི་ཁེ་བཟང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ།གཞི་རིམ་ཁྲིམས་ཁང་གི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
འཕེལ་རྒྱས།
ཁག་དང་པོའི་ཞིང་ཆེན་རིམ་པ་37དང་གྲོང་ཁྱེར་རིམ་པའི“གསར་བརྗེའི་སྡེ་ལས”ཀྱི་དཔེ་སྟོན་ས་ཚིགས་27གྱི་མིང་འདོགས་པའི་ལས་དོན་ལེགས་སྒྲུབ་བྱས་པ།གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་ཁེ་ལས་40གྲལ་བཤེར་བྱས་ནས་དྲོད་རླངས་མཁོ་འདོན་གྱི་གནད་དོན་9167ཐག་གཅོད་བྱས་པ།ཞིང་ཆེན་ཡོངས་སུ་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ས་ཚིགས་1079བཙུགས་པ་དང་བཅའ་ཁྲིམས་རོགས་སྐྱོར་གྱི་འབྲེལ་གཏུག་ས་ཚིགས་4378བཙུགས་ནས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སྤྱི་དམངས་དང་ཁྲིམས་གཏན་འཁེལ་བའི་ཆ་རྐྱེན་དང་མཐུན་པའི་དོ་བདག་གཞན་དག་ལ་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་7500ལྷག་ཙམ་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་།ཞིང་ཆེན་དེ་ཡོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་ཐེར་འདོན་ཞུ་གཏུག་གྱོད་གཞི་ཐག་གཅོད་ཐུབ་ཚད་100%ཟིན་པ།《མཚོ་སྔོན་ཞིང་ཆེན་གྱི་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི(2023ལོ་ནས་2025ལོ་བར)》བཟོས་ནས་སྒྲའི་ཁོར་ཡུག་གི་རང་འགུལ་ལྟ་ཞིབ་ཚད་ལེན་གནས་87བསྐྲུན་པ།དོ་དམ་དོར་ཁུལ་ཆུང་གི“དུད་ཚང་རེར་རེའུ་མིག་རེ”30སྒྱུར་བཀོད་བྱས་པ་དང་དུད་ཚང་1279ལ་ཕན་པ་ཐོབ་པ།གཞི་རིམ་དུ་ཁྲིམས་རར་བརྙན་ལམ་གྲོས་མོལ་མ་ལག་ཁག་64བཀོད་སྒྲིག་བྱས་ནས་རིག་ནུས་ཅན་གྱི་སྣ་མང་འདུམ་འགྲིག་ལས་དོན་གཞི་རིམ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།
ཚུར་སྣང་།
“གསར་བརྗེའི་སྡེ་ལས”ཀྱིས་སྡེ་ཁུལ་བཅོས་སྐྱོང་བྱེད་པ།
“ཁུལ་ཆུང་གི་ཁོར་ཡུག་གཙང་སྦྲ་དོད་པ་དང་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་སོགས་སྡེ་ལས་དོ་དམ་གོ་རིམ་ལྡན་པ་ཞིག་ཡོད་པས་ངས‘གསར་བརྗེའི་སྡེ་ལས’ལ་བསྔགས་བརྗོད་བྱེད་ཀྱི་ཡོད”ཅེས་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཆུས་ཧའེ་ཏེ་པའོ་ཁུལ་ཆུང་གི་གྲོང་མི་ཝང་དབྱིང་གིས་བཤད།
2023ལོར་ཧའེ་ཏེ་པའོ་ཁུལ་ཆུང་སྡེ་ལས་ཞབས་ཞུ་ཀུང་སིས་ཧའེ་ཏེ་པའོ་ཁུལ་ཆུང་གི་ཏང་ཀྲི་པུའུ་དང་དེ་བཞིན“གསར་བརྗེའི་སྡེ་ལས”མཉམ་འབྲེལ་ཞབས་ཞུ་རུ་ཁག་བཙུགས་ནས་སྡེ་ལས་ཞབས་ཞུའི་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྡེ་ལས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས“གསར་བརྗེ་དང་།མི་སྣ”“མཉམ་འདྲེས་བཞི”ཡི་སྤུས་རྟགས་བཏོད་དེ་ཐོན་ཁུངས་རྒྱུན་འཁོར་དང་།
“ང་ཚོས་སྡེ་ཁུལ་ཏང་ཨུད་ཀྱི་སྣེ་ཁྲིད་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ནས་དྲོ་སྐྱིད་ལྡན་པའི་སྡེ་ཁུལ་གྱི་རྣམ་པ་ཧུར་ཐག་གཏོད་པ་དང་ཁྱིམ་མཚེས་དབར་གྱི་འབྲེལ་བ་ཡག་པོ་བཏོད་དེ་གྲོང་མིའི་ཐོབ་ཚོར་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན”ཅེས་ཧྲང་པིན་གཙང་པོའི་ལམ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུང་ཅོན་གྱིས་བཤད།

འགྲིམ་འགྲུལ་ཟོག་འདྲེན་ལས་གྲྭ།
ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་འགྲུལ་སྐྱེལ་བབས་ཚུགས་ཀྱི་ལས་དོན་པ་ལི་ཡན་ཉིང་གིས་གྲོང་ཚོ་ཁག་ལ་བཏང་བའི་མྱུར་སྐྱེལ་དེ་བདེ་འཇགས་ཞིབ་བཤེར་བརྒྱུད་སྐྱེལ་གྱི་ཐོག་རེ་རེ་བཞིན་འཇོག་རྒྱུ་རེད།
དམིགས་ཡུལ།
2023ལོར་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་ཁྱབ་ཁོངས་ནང་གི་མི་འགྲོ་སའི་ཟམ་པ་དང་ས་འོག་བགྲོད་ལམ་གཉིས་ལེགས་གྲུབ་བྱུང་ཡོད།མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་30(ས་ཚིགས)ཀྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་85འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་།སྣུམ་སྣོན་ས་ཚིགས་4རུ་སྣུམ་གློག་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ནུས་རྒྱུའི་ས་ཚིགས་བསྐྲུན་ཡོད།གྲོང་གསེབ་ཀྱི་གཞུང་ལམ་གྱི་ཉེན་ཡོད་ཟམ་པ་རྙིང་པ་10སྒྱུར་བཀོད་བྱས་པ་དང་བདེ་འཇགས་ཚེ་སྲོག་འགོག་སྲུང་ལས་གྲྭ་སྤྱི་ལེ་100ལག་བསྟར་བྱས་ནས་ཞིང་ཆེན་གྱི་གྲོང་གསེབ་གཞུང་ལམ་བདག་སྐྱོང་བྱེད་ཚད་100%འགན་ལེན་ཏན་ཏིག་བྱས་པ་དང་།ཤང་གྲོང་དང་ཆ་རྐྱེན་འཛོམས་པའི་སྒྲིག་གཞི་ཚང་བའི་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%རྒྱུན་འཁྱོངས་ཐུབ་ཡོད་པ་རེད།ཚན་རིག་དང་མཐུན་པའི་སྒོ་ནས་མཚན་མོ་དང་།གཟའ་མཇུགཁྲིམས་གཏན་འཁེལ་བའི་གུང་གསེང་རིང་རླངས་འཁོར་འཇོག་སའི་ལམ་མཚམས་དབྱེ་འབྱེད་གཏན་འབེབས་དང་ཁ་སྣོན་བྱེད་དགོས།“མྱུར་མྱུར་མཉམ་ལས”དང“སྦྲག་ཐོག་མྱུར་མཉམ་ལས”“སྦྲག་ཐོག་མཉམ་ལས་བྱེད་པ”སོགས་ཀྱི་བྱེད་ཐབས་བརྒྱུད་ལོ་ཧྲིལ་པོར་མྱུར་སྐྱེལ་གྲོང་ཚོར་ཁྱབ་ཚད་80%ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད།
འཕེལ་རྒྱས།
ཟི་ལིང་གྲོང་ཁྱེར་ཉིང་ཏ་ལམ་གྱི་དུས་རབས་གསར་པར་མི་འགྲོ་སའི་ལམ་གྱི་གནམ་ཟམ་དང་།ཧྲེང་ལི་ལམ།ཐུང་རེན་ལམ་བཅས་ཀྱི་ས་འོག་བགྲོད་ལམ་སྤྱོད་འགོ་ཚུགས་ཡོད།མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་30(ས་ཚིགས)ཀྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་85འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད།སྣུམ་སྣོན་ས་ཚིགས་4རུ་སྣུམ་གློག་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ནུས་ཁུངས་ས་ཚིགས་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།གྲོང་གསེབ་ཀྱི་གཞུང་ལམ་གྱི་ཉེན་ཡོད་ཟམ་པ་རྙིང་པ་16བསྒྱུར་བཀོད་བྱས་པ་དང་།བདེ་འཇགས་ཚེ་སྲོག་འགོག་སྲུང་ལས་གྲྭ་སྤྱི་ལེ་150.57ལག་བསྟར་བྱས་པ།ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མ་དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་3600གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ།ཤང་གྲོང་8ལ་རིམ་པ་གསུམ་པ་དང་དེ་ཡན་གྱི་གཞུང་ལམ་གསར་དུ་ཤར་གཏོང་ཐུབ་པ།རང་བྱུང་གྲོང་ཚོ་200ལ་ཨར་འདམ་གཞུང་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ཡོད།ཁུལ་ཆུང་མཐའ་འཁོར་དུ་གྲོང་མི་མཚན་མོ་དང་།གཟའ་མཇུགཁྲིམས་གཏན་འཁེལ་བའི་གུང་གསེང་རིང་རླངས་འཁོར་འཇོག་ཆོག་པའི་ལམ་དུམ་48བཏོན་པ་དང་།རླངས་འཁོར་འཇོག་གནས་5700ལྷག་ཙམ་མཁོ་འདོན་བྱས་ཡོད།འགྲུལ་ཟོག་དང་སྦྲག་ཐོག་མཉམ་འདྲེས་ཀྱི་ལམ་ཐིག་22བཏོད་དེ་ཡུལ་བབ་དང་བསྟུན་ནས་མྱུར་སྐྱེལ་གྲོང་ཚོར་སྐུལ་འདེད་བཏང་བས་ཞིང་ཆེན་དེ་ཡོངས་སུ“མྱུར་སྐྱེལ་གྲོང་ཚོར”ཁྱབ་ཚད་85%ཟིན་ཡོད།
ཚུར་སྣང་།
སྤྱི་སྤྱོད་རླངས་འཁོར་བསྡད་ནས་གྲོང་རྡལ་དུ་མྱུར་སྐྱེལ་མྱུར་སྐྱེལ་བྱས་པ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་འགྲུལ་སྐྱེལ་བབས་ཚུགས་ནས་ཐོན་རྗེས་སྐར་མ་20ལྷག་ཙམ་རིང་ཏུང་ཀོའུ་ཤང་ཏ་ཀྲོང་གྲོང་ཚོར་འབྱོར་བ་དང་འབྲེལ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་བརྡ་གཏོང་ས་ཚིགས་སུ་བསྡད་ཡོད།རླངས་འཁོར་དེའི་ཐོག་དམིགས་བསལ་གྱི་འགྲུལ་པ་སྟེ།གྲོང་མི་ཚོའི་མྱུར་སྐྱེལ་ཐུམ་སྒྲིལ་ཡོད་པ་རེད།
“སྐུ་ཁམས་བཟང་།མྱུར་སྐྱེལ་ཐུབ་སོང་།སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སུ་ལེན་པར་ཕེབས་རོགས་གནང”“སྐུ་ཁམས་བཟང་།ཐུམ་སྒྲིལ་ལྕི་ཙམ་ཡོད་པས་འདྲུད་འཁོར་ཞིག་འཁྲིད་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན”ཁ་ལོ་བ་ཁྲེན་ལགས་ཀྱིས་རེ་རེ་བཞིན་ཁ་པར་བརྒྱབ་ནས་གྲོང་མིར་མྱུར་སྐྱེལ་ལེན་དགོས་པའི་བརྡ་ཐོ་བཏང་།
ཡུན་རིང་མ་སོང་བར་གྲོང་མི་ཆོན་ཁྲའོ་ཞའོ་ཞའོ་ཡིས“དེ་སྔ་མྱུར་སྐྱེལ་ལེན་སྐབས་རྫོང་གྲོང་ངམ་ཡང་ན་ཤང་དུ་འགྲོ་དགོས་ཀྱི་ཡོད།སྤུས་འབོར་གཉིས་ལྡན་གྱི་དངོས་པོ་ཚང་མ་ཉོ་མི་ཕོད་པ་དང་ད་ཆ་མྱུར་སྐྱེལ་གྲོང་ཚོར་འབྱོར་གྱི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད།
དེ་ནི་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་བཏོན་པའི་འགྲུལ་ཟོག་སྦྲག་ཐོག་མཉམ་འདྲེས་ཞབས་ཞུ་ཡིན་པ་དང་།གྲོང་མིས་མྱུར་སྐྱེལ་སྦྲག་ཐོག་གཏོང་ལེན་བྱེད་པའི་མཐའ་མའི་འགག་གནད་བསལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་བར་ཐག་ཉེ་རུ་ཕྱིན་ཡོད་པ་རེད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།