ང་ནི་གཞི་རིམ་ནས་ཡོང་བ་ཡིན་ཏེ། སྤུས་ལེགས་འཕེལ་རྒྱས་དེ་དུས་རབས་གསར་པའི་འགྱུར་མེད་ཀྱི་གནས་ལུགས་སུ་བཞག་ནས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

  གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་བཅོས་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཐུའུ་རིགས་རང་སྐྱོང་རྫོང་ཀྲུང་ལུགས་སྨན་ཁང་བདག་སྐྱོང་པུའི་ཀྲུའུ་རེན་གཡང་འཛིན་མཚོ།  

འཕྲོད་བསྟེན་བདེ་ཐང་ནི་སྤུས་ལེགས་འཕེལ་རྒྱས་ཀྱི་དམངས་ཚིས་འགན་ལེན་ཞིག་རེད། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་སྐྱོན་བྲལ་ངང་གོང་འཕེལ་གཏོང་བ་ནི་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི“འགོག་སྲུང་དང་པོ”རེད། གཞི་རིམ་གྱི་སྨན་དོན་པ་ཞིག་ཡིན་པའི་ངོས་ནས། ངས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ཧུར་ཐག་དང་། གཞི་རིམ་གྱི་སྨན་དོན་པའི་ཀྲུང་ལུགས་གསོ་རིག་གི་ལག་རྩལ་གསོ་སྦྱོང་ལ་ཤུགས་བསྣན། གཞི་རིམ་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ལེགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་་བཅས་བཏང་སྟེ། མི་དམངས་མང་ཚོགས་ལ་སྔར་ལས་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱ་རྒྱུ་ཡིན་ཟེར།

རྒན་གསོ་ཁང་དུ་རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱེད་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཞའོ་ཁང་རྒན་གསོ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཅིན།

གཞོང་ཐང་རྫོང་གིས་རྒན་གསོའི་ཞབས་ཞུའི་མ་ལག་བསྐྲུན་པ་དེ་རྫོང་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་དང་། སྲིད་གཞུང་གིས་དམངས་ལ་བྱ་བ་དངོས་སྒྲུབ་པ་སོགས་ཀྱི་ནང་དོན་ཁྲོད་བཅུག་ནས། གྲོང་གསེབ(སྡེ་ཁུལ)ཀྱི་རྒན་རྒོན་གྱི་རྒན་གསོ་ཞབས་ཞུའི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཡོད། རྒན་གསོའི་ལས་རིགས་གཉེར་མཁན་ཞིག་ཡིན་པའི་ངོས་ནས། ངས་ཞབས་ཞུ་བྱ་ཡུལ་གྱི་རྒན་རྒོན་ལ་སྔར་ལས་བློ་བདེ་དང་། ཆེད་ལས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། དུས་མཚུངས་སུ་ཞབས་ཞུའི་རྣམ་པ་ཧུར་ཐག་གཏོད་དེ་ཞབས་ཞུའི་རྩལ་ནུས་ཇེ་ཆེར་དང་ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། རྒན་གསོ་ཞབས་ཞུའི་བྱ་གཞག་སྤུས་ལེགས་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་རྒན་གསོ་ཁང་དུ་རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན་ཟེར།

རྒྱུན་འཛིན་གསར་གཏོད་ཁྲོད་སྤུས་ལེགས་ཀྲུང་བོད་གསོ་རིག་འཕེལ་རྒྱས་གཏོང་བ།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཀུན་བཟང་སྒྲོལ་མ།

ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་སྨན་ཁང་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་ཀྲུང་བོད་གསོ་རིག་ཁང་ཡོངས་སུ་ཁྱབ་ཡོད་པ་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་གིས་ཀྱང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཀྲུང་བོད་གསོ་རིག་གི་ཞབས་ཞུ་མཁོ་འདོན་བྱེད་ཐུབ། ཀྲུང་བོད་གསོ་རིག་གིས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ཁྲོད་ཐུན་མོང་མ་ཡིན་པའི་དགེ་མཚན་གང་ལེགས་བཏོན་ནས་མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན། སླད་ཕྱིན། ང་ཚོས་ད་ལོའི་ཚོགས་ཆེན་གཉིས་ཀྱི་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་བཏོན་པའི“ཀྲུང་བོད་གསོ་རིག་བྱ་གཞག་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”ཞེས་པ་ལྟར། ཁྲི་ཀ་རྫོང་གི་ཀྲུང་བོད་གསོ་རིག་གི་བྱ་གཞག་རྒྱུན་འཛིན་གསར་གཏོད་ཁྲོད་སྤུས་ལེགས་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།