ཁོ་ཚོས་མཚོ་བྱང་ས་ཚིགས་སུ་མཚོ་བོད་མཐོ་སྒང་ལ“ལུས་ཕུང་བརྟག་དཔྱད”བྱས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

གལ་ཏེ་མཚོ་བོད་མཐོ་སྒང་གི་རྩྭ་སའི་སྐྱེ་ཁམས་མ་ལག་ནི་ཤ་དར་ཁྲག་དར་གྱི་མི་ཞིག་ཡིན་པའི་དབང་དུ་བཏང་ན། ས་ངོས་ནི་ལེ་དབར་སྟོང་ཕྲག་ལ་ཁེབས་པའི་ཁོའི་ཤ་ལྤགས་ཡིན་པ་དང་། ས་འོག་སྦས་ཆུ་ནི་དེའི་ལྷོག་ལྷོག་ཏུ་བཞུར་བའི་ཁྲག་རྒྱུན་ཡིན་ལ། འཁྱགས་སའི་གཏིང་རིམ་གྱི་སྐྱེ་དངོས་ཕྲ་མོའི་ཚོགས་ནི་ཁོའི་ཞིབ་ཚགས་ངང་འཁོར་སྐྱོད་བྱེད་བཞིན་པའི་རིམས་འགོག་མ་ལག་ཡིན་ཞིང་། གཤིན་སའི་གཏིང་རིམ་ལ་ཟུག་པའི་རྩྭའི་རྩད་པ་དག་ནི་ཁོ་རང་སྤོབས་པའི་ངང་ཀྲོང་ངེར་འགྱིང་བྱེད་ཀྱི་ཤ་རུས་ལྟ་བུ་རེད།

མཚོ་བོད་མཐོ་སྒང་གི་ལོ་ངོ་དུང་ཕྱུར་མང་པོའི་ལོ་ཟླ་རིང་མོ་དང་བསྡུར་ན། རྩྭ་ས་འདི་ནི་དངོས་གནས་ལོ་ན་ཆུང་བའི་ཁྱེའུ་ཞིག་དང་མཚུངས་པར། ཚོར་ཤེས་སྐྱེན་ཞིང་གསོན་ཤུགས་ཀྱིས་ཁེངས་ན་ཡང་། ལུས་སྟོབས་ཉག་ཕྲ་སྟེ། གནམ་གཤིས་དྲོད་གྲང་རིམ་པ་གཅིག་གོང་དུ་འཕར་བ་དང་། ཆར་འབབ་ཚད་ཧའོ་སྨི་གཅིག་ཇེ་ཉུང་དུ་སོང་བ། ཕྱུགས་འཚོ་ཚད་དུས་ཚིགས་གཅིག་གིས་ཇེ་མང་དུ་སོང་བ་སོགས་རྐྱེན་ཕྲ་མོ་ཞིག་གིས་ཀྱང་། ས་དེའི་ཕང་བར་རྗེས་ཤུལ་ཆེ་ཆུང་གང་རུང་བཞག་འགྲོ་བ་རེད། ཁོ་ནི་འཚར་ལོངས་ཀྱི་དུས་རིམ་དུ་སླེབས་ཡོད་པས། ད་གཟོད་དུས་དང་དུས་སུ“ལུས་ཕུང་བརྟག་དཔྱད”བྱེད་དགོས་ཏེ། “གཟུགས་ཀྱི་རིང་ཐུང་དང་ལུས་ཀྱི་ལྗིད་ཚད”སོགས་ཕྱི་རྣམ་པའི་དམིགས་ཚད་ལ་བལྟ་དགོས་པར་མ་ཟད། དེ་ལས་ཀྱང“ཁྲག་རྒྱུན”ཁྲོད་ཀྱི་འཚོ་བཅུད་མང་ཉུང་དང“ཤ་རུས”ཀྱི་སྲ་སྙི། “རིམས་ཐར་མ་ལག”གི་ནུས་སྟོབས་བཅས་ལའང་བརྟག་དགོས།

འོན་ཏེ། མི་ཚོགས་སྐོར་ཞིག་གིས་མདོ་ལ་རིང་མོའི་གླ་ལུང་ཉག་གའི་ལྷོ་ངོས་ཀྱི་འགག་འཕྲང་དེ་རུ། ས་ཆེན་པོ་འདིར་ཏག་ཏག་ལོ་ངོ་ལྔ་བཅུ་ལ“ལུས་ཕུང་བརྟག་དཔྱད”བྱས། བེད་མེད་དུ་བསྐྱུར་བའི་རྟ་ཁང་ཞིག་ཏུ་སྣུམ་སྒྲོན་དང་པོ་བཀར་པ་ནས། ད་སྐབས་ས་ཚིགས་སུ་ཉིན་ཞག་དབྱེར་མེད་དུ་གློག་སྒྲོན་ལ་གཟིམ་པ་མེད་པའི་བར་དང་། ས་སྣག་གི་དྲོད་ཚད་གཞི་གྲངས་དང་པོ་ལག་པས་ཟིན་བྲིས་སུ་བཏབ་པ་ནས། ས་ཆུ་དང་གནམ་གཤིས། སྐྱེ་དངོས་བཅས་གྲུབ་རྐྱེན་ཡོངས་ལ་ཁེབས་པའི་གཞི་གྲངས་མཛོད་ཁྲི་ཕྲག་རིམ་པ་རིམ་རྩིས་བྱུང་བའི་བར་དུ། ཁོ་ཚོ་ནི་ཆེས་ངང་རྒྱུད་རིང་བའི་སྨན་པ་ཞིག་དང་འདྲ་བར། ལོ་ནས་ལོར་མཐོ་སྒང་གི་ལུས་དྲོད་ལ་བརྟག་པ་དང་། འཁྱགས་སའི་ཞུ་ཚད་འཇལ་བ། སྤང་ཐང་གི་དབུགས་འབྱིན་ཐེངས་རེ་རེའི་རྗེས་སྙེག་པ་བཅས་བྱེད་བཞིན་ཡོད།

ཝང་ལིན་གྱིས་ས་ཚིགས་སུ་ཐོག་མར་སླེབས་པའི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་འདུག ཁོ་རང་གི་སྐད་ཆ་ལྟར་ན།“ལུས་ཡོངས་ས་རྡུལ་གྱིས་གཡོགས་པ”ཞེས་བརྗོད་ཆོག “དོས་འཁོར་དུ་བསྡད་ནས་ཡོང་བ་ཡིན་ལ། ཁོའི་ཡོང་རོགས་ཁྲོད་ཞིབ་འཇུག་བྱེད་མཁན་གྱི་ཆེད་ལས་མཁས་པ་ཡང་ཡོད། སྡོད་གནས་སུ་འབྱོར་དུས། རླངས་འཁོར་གང་པོའི་མི་ཚང་མའི་ཁ་ནང་གི་སོ་མ་གཏོགས་ཡོད་ཚད་ས་རྡུལ་གྱིས་སྦགས་འདུག”ཟེར། ཟི་ལིང་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་བར་དུ་ཉིན་གང་པོར་འགྲོ་དགོས་པ་དང་། བགྲོད་ལམ་སྡུག་པོ་རེད།

དེ་ལས་སྔ་བའི་དོན་དག་ནི་ཝང་ལིན་གྱིས་རྒན་རབས་པ་ཚོའི་ངག་ལས་ཐོས་པ་ཞིག་སྟེ། ས་ཚིགས་བཙུགས་པའི་ལོ་དང་པོ་ལ། སྡོད་གནས་ནི་མིན་ཡོན་རྫོང་རྟ་གསོ་ར་བའི་རྟ་ཁང་ཡིན་ཞིང་། འགྲོ་འཆག་ཉལ་འདུག་ཐམས་ཅད་གནས་གཅིག་ཏུ་འཚང་ཁ་རྒྱག་དགོས་བྱུང་ཡོད། ཁོ་ཐོག་མར་ཡོང་དུས་ཀྱི་སྡོད་གནས་ནི། 1977ལོར་བསྐྲུན་པའི་ས་ཕག་གིས་ལས་པའི་ཁང་རྙིང་ཞིག་ཡིན་པ་དང་། ཁང་མིག་བདུན་གྱི་ནང་དུ། ཚན་རིག་པ་གཞན་དག་དང་མཉམ་དུ་ཉལ་ཁྲི་ཆེན་པོའི་ཐོག་འཚངས་ནས་ཉལ་དགོས། ཕྱིས་སུ་ས་ཕག་ཁང་པའི་མདུན་དུ་ཐོག་བརྩེགས་གཉིས་ལྡན་གྱི་སྡོད་ཁང་གསར་པ་ལས་ཏེ་ཆུ་གློག་དྲོད་རླངས་ཀྱང་སྒྲིག་སྦྱོར་བྱས། ད་ལྟ་སློབ་མ་རྣམས་འདུག་ས་ནི་ཚད་ལྡན་ཁང་ཤག་ཡིན་ནའང་། ལོ་རེར་ཟླ་བདུན་པ་དང་བརྒྱད་པར་ཚན་ཞིབ་ལས་དོན་བྲེལ་ཤོས་ཀྱི་དུས་སུ་ད་དུང་ཉལ་ས་མི་འདང་བའི་དཀའ་ངལ་ལ་འཕྲད་བཞིན་ཡོད།

ད་ལོར་ར་སྐོར་ནང་ཕྱོགས་བསྡུས་ཚན་ཞིབ་ཐོག་ཁང་གསར་སྐྲུན་ལས་གཞི་མཇུག་གྲུབ་པའི་དུས་ལ་སླེབས་ཡོད། “ང་ཚོའི་ས་ཚིགས་ལས་ནས་འགྲུབ་རྗེས་མལ་ཁྲི120ཡོད་པས། དེ་ནས་བཟུང་གྲལ་བསྒྲིགས་ནས་ཁང་པར་བསྒུག་མི་དགོས”ཞེས་ཝང་ལིན་གྱིས་སྐད་ཆ་འདི་བརྗོད་སྐབས། སྐད་གདངས་ལས་གནོན་མི་ཐུབ་པའི་སྤོབས་པ་ཆེན་པོ་ཞིག་ངང་གིས་མངོན་ཡོང་།

རྟ་ཁང་དུ་བཙུགས་པའི་ཞིབ་འཇུག་ས་ཚིགས་འདིས་ཀྲུང་གོའི་མཐོ་འཁྱག་སྤང་ཐང་སྐྱེ་ཁམས་མ་ལག་ངེས་གནས་ཞིབ་འཇུག་གི་སྒོ་གླེགས་ཕྱེས་པ་རེད།

“མཚོ་བྱང་ས་ཚིགས་བཙུགས་པ་དེས་ནུབ་རྒྱུད་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གིས་མཚོ་བོད་མཐོ་སྒང་ནས་རྩི་ཤིང་དང་སྲོག་ཆགས་ཀྱི་ཐོན་ཁུངས་ལ་ཁྱབ་ཁོངས་ཆེན་མོས་བརྟག་དཔྱད་བྱེད་པ་ནས། སྐྱེ་ཁམས་མ་ལག་གི་རྨང་གཞིའི་གཞུང་ལུགས་གལ་ཆེན་དང་ཉེར་སྤྱོད་རྨང་གཞི་ངེས་གནས་ཞིབ་འཇུག་བར་ལམ་ཚད་རྡོ་རིང་ལྟ་བུའི་འགྱུར་བ་ཐེབས་པ་མངོན་འགྱུར་བྱུང་ཡོད”ཅེས་མཚོ་བྱང་ས་ཚིགས་ཀྱི་མགོ་གཙོ་ཀྲང་ཀྲེན་ཧྭ་ཡིས་དེ་ལྟར་བཤད།

མཚོ་བྱང་ས་ཚིགས་ཀྱིས་ལོ་ངོ་ལྔ་བཅུ་ལ་མཚམས་མ་ཆད་པར་རྒྱལ་ཁབ་ལ་བསྡོམས་པས་རྟོག་འཇལ་གཞི་གྲངས་ཁྲི2000ཙམ་སྤྲད། གཞི་གྲངས་འདི་དག་གིས་སྐྱེ་ཁམས་བདེ་འཇགས་ཐད་ཇུས་ཆོད་འགོད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ལ་ཁྲིམས་ལུགས་འཛུགས་པ། རྒྱལ་ཁབ་སྤྱི་གླིང་དོ་དམ་སོགས་ལ་གཞི་གྲངས་ཀྱི་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཡོད།

ཀྲང་ཀྲེན་ཧྭ་ཡིས་བཤད་རྒྱུར།“ཅིའི་ཕྱིར་ཕྱུགས་འཚོ་མཚམས་འཇོག་དགོས་པའམ། ཡང་ན་ཚད་ལས་བརྒལ་ནས་འཚོ་མི་རུང་ཞེ་ན། གལ་ཏེ་ཚད་ལས་བརྒལ་ནས་འཚོས་ཚེ་སྐྱེ་དངོས་སྣ་མང་རང་བཞིན་ཉམས་འགྲོ་བ་དང་། དེ་ནས་ཐན་པ་ཚབས་ཆེན་ལ་འཕྲད་ཚེ། སྤང་ཐང་གི་ཉེན་ཁ་འགོག་ནུས་མངོན་གསལ་གྱིས་མར་ཆག་སྟེ་ཉམས་རྒུད་དུ་འགྱུར་ཉེན་ཆེ། འོན་ཀྱང་གཏན་དུ་རི་རྒྱ་བསྡམས་ན་ཡང་མི་འགྲིག་སྟེ། ཡུན་རིང་ལ་རི་རྒྱ་བསྡམས་ཚེ། སྐྱེ་དངོས་སྣ་མང་རང་བཞིན་ཡང་ཇེ་ཉུང་དུ་འགྲོ་སྲིད་པར་མ་ཟད། དུག་ལྡན་རྩྭ་རིགས་གང་སར་ཁྱབ་ནས་སྤང་ཐང་ཉམས་པར་འགྱུར་སྲིད། དེའི་དབང་གིས་ཕྱུགས་ཟོག་འོས་ཤིང་འཚམ་པར་འཚོས་ན་མཐོ་འཁྱག་སྤང་ཐང་ལ་ཕན་ཐོགས་བཟང་པོ་ཡོད།”

མཚོ་བྱང་ས་ཚིགས་རང་ཉིད་ཀྱང་གཞི་གྲངས་རྟོག་འཇལ་ཁྲོད་རིམ་བཞིན་གོང་འཕེལ་བྱུང་ཡོད། སྤྱི་ལོ1976ལོར་བཙུགས་པ་དང་། 1978ལོར་ཀྲུང་གོ་ཚན་རིག་ཁང་གི་ཁོངས་གཏོགས་ས་ཚིགས་སུ་གྱུར་པ། 1989ལོར་ཀྲུང་གོའི་སྐྱེ་ཁམས་མ་ལག་ཞིབ་འཇུག་དྲ་བར་ཞུགས་པ། 2002ལོར་ཀྲུང་གོའི་རྒྱུག་ཚད་རྟོག་འཇལ་ཞིབ་འཇུག་མནའ་འབྲེལ་དུ་ཞུགས་པ། 2006ལོར་རྒྱལ་ཁབ་ཚན་རྩལ་པུའུ་ཡི་ཕྱི་རོལ་རྟོག་འཇལ་ས་ཚིགས་སུ་གྱུར་པ། 2013ལོར་ཀྲུང་གོའི་བྱེ་ཐང་རྩྭ་ས་མཐུན་ཚོགས་དང་མཐོ་འཁྱག་དྲ་བར་ཞུགས། 2022ལོར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་རྒྱལ་ཁབ་སྐམ་སའི་སྐྱེ་ཁམས་མ་ལག་ངེས་གནས་རྟོག་འཇལ་ཞིབ་འཇུག་ས་ཚིགས་སུ་ཚུད་པ་དང་ཆབས་ཅིག ཆུ་བེད་པུའུ་ས་ཆུ་སྲུང་འཛིན་རྟོག་འཇལ་ས་ཚིགས་ཀྱི་ཁོངས་གཏོགས་སུ་གྱུར་པ། 2023ལོར་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་སྐྱེ་ཁམས་སྤུས་ཚད་ཕྱོགས་བསྡུས་རྟོག་འཇལ་ས་ཚིགས་ཐོག་མའི་གྲས་སུ་བདམས་ཡོད།

མཐོ་འཁྱག་རྩྭ་སའི་སྐྱེ་ཁམས་མ་ལག་ལ་ཞིབ་འཇུག་བྱེད་པའི་སྲོལ་བཏོད་པ་ནས། སྲོག་ཆགས་སྐྱེ་ཁམས་རིག་པ་དང་གོ་ལའི་འགྱུར་ལྡོག་སྐྱེ་ཁམས་རིག་པ་སོགས་རིག་གཞུང་མང་པོ་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་བར། མཚོ་བྱང་ས་ཚིགས་ནི་རྟ་ཁང་ཆུང་ཆུང་ཞིག་ནས་མགོ་བརྩམས་ཏེ། སྡེ་ཁག་མང་པོས་ཁས་ལེན་ཐོབ་པའི་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་ཕྱི་རོལ་ས་ཚིགས་ཤིག་ཏུ་གོང་འཕེལ་བྱུང་ཡོད།

ལོ50རིང་ལ། མཚོ་བྱང་ས་ཚིགས་ཀྱིས་རིམ་རྩིས་བྱས་པ་ལྟར་ན་ཆུ་ཚད་མཐོ་བའི་དཔྱད་རྩོམ2600ལྷག་སྤེལ་བ་དང་། དབང་སྤྲད་ཆེད་ཁེ200ལྷག་ཐོབ་པ། ཟབ་ཞུགས་གྲུབ་འབྲས་ལ་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའ2ཐོབ་པ་དང་། ཞིང་ཆེན་དང་སྡེ་ཁག་རིམ་པའི་བྱ་དགའ52ཐོབ་ཅིང་། རྒྱལ་ཁབ་ལ་ཚན་རྩལ་འཇོན་མི་སྟོང་ཕྲག་གསོ་སྐྱོང་བྱས། རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་ནི་རྩྭ་སའི་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རྩྭ་ས་ཉམས་རྒུད་དང་སླར་གསོའི་ནང་རྐྱེན་སོགས་ཁ་ཕྱོགས་མང་པོ་ཚུད་ཡོད།

ཚན་རིག་ཞིབ་འཇུག་གི་དམིགས་ཡུལ་མཐར་ཐུག་རྩྭ་སར་ཐུག་ཡོད། མཚོ་བྱང་ས་ཚིགས་ནས་སྤྱི་ལེ10ཡི་ཕ་རོལ་གྱི་མདོ་ལ་རིང་མོའི་འདབས་སུ། འབྲོག་པ་ཝ་བཀྲ་ཤིས་ཀྱིས་ཕྱུགས་འཚོ་བཞིན་འདུག ཁོ་ཚང་གི་རྩྭ་ས་དང་བཅས་པའི་རྩྭ་ས་མུའུ་ལྔ་བརྒྱ་དེ་ན་ནིང་མཚོ་བྱང་ས་ཚིགས་ཀྱིས་སྐྱེ་ཁམས་སླར་གསོ་ཚོད་ལྟ་བྱ་ཡུལ་དུ་བདམས། ཞིབ་འཇུག་མི་སྣས་ཐོག་མར་རྩྭ་ས་འདིར་གནད་དོན་གང་ཡོད་བརྟག་རྗེས་དེར་དམིགས་ཏེ་བཅོས་ཐབས་བཏོན། ལོ་གཅིག་གི་རྗེས་སུ། རྩྭའི་སྐྱེ་ཚུལ་ས་ཆ་གཞན་ལས་མངོན་གསལ་གྱིས་ཇེ་བཟང་ལ་སོང་འདུག

མཚོ་བྱང་ས་ཚིགས་ཀྱི་ཆེས་རྨང་གཞི་དང་ཆེས་གཙོ་བོར་གྱུར་པའི་ལས་ཀ་ནི་རྩྭ་ཐང་གི་ཆུ་དང་ས། རླུང་། སྐྱེ་དངོས་བཅས་སྐྱེ་ཁམས་ཀྱི་མཐུན་རྐྱེན་ཆེན་པོ་བཞི་ལ་དུས་ཡུན་རིང་པོར་རྟོག་འཇལ་བྱེད་རྒྱུ་དེ་ཡིན། སྡོད་གནས་འགྲམ་གྱི་འདྲ་དཔེ་ལེན་ས་མུའུ105ནི་གཙོ་བོ་ཡུན་རིང་ལ་ཕྱོགས་བསྡུས་རྟོག་འཇལ་བྱེད་ས་ཡིན་ཞིང་། ལོ་བརྒྱའི་ཚད་གཞི་ལྟར་རྟོག་འཇལ་འཆར་འགོད་དང་རྟོག་འཇལ་ནང་དོན་གཞིར་བཟུང་ནས་བྱེད་ནུས་ཁུལ་མི་འདྲ་བ་བགོས་ཡོད།

ལོ་ན32ལ་སོན་པའི་ལན་ཡུས་ཐིང་ནི་ས་ཚིགས་འདིའི་བཟོ་འགོད་པ་ཞིག་ཡིན་པ་དང་། པེ་ཅིན་ནས་སློབ་མཐར་ཕྱིན་རྗེས་མཚོ་བྱང་ས་ཚིགས་སུ་ཡོང་ཞིང་ད་བར་དུ་ལོ་ངོ་བདུན་འགོར་ཟིན། མོས་ས་ཐོག་གི་སྐྱེ་དངོས་ཀྱི་གྲུབ་རྒྱུ་ལ་རྟོག་འཇལ་ཞིབ་འཇུག་བྱ་རྒྱུའི་འགན་འཁུར་ཡོད་པ་དང་། ཉིན་རེའི་ལས་ཀའང་རྩྭ་འབྲེག་པ་ནས་མགོ་རྩོམ་བཞིན་ཡོད། ཁེ་གྲི་གཅིག་དང་ཚད་ཤིང་གཅིག སྨྱུ་གུ་གཅིག རྐང་འོག་ཏུ་གཏོར་བའི་དཔེ་གཞིའི་ཁུག་མ་མང་པོ་དང་ལྷན་དུ། ཆུ་ཚོད་གསུམ་བཞིར་ཙོག་པུར་འདུག་དགོས། “དཔེ་གཞི་ལེབ་མོ་རེར་སྨི0.5Xསྨི0.5ཡོད་པ་དང་། དེའི་ནང་དུ་རྩི་ཤིང་རིགས20ནས30ལྷག་ཡོད།

ལན་ཡུས་ཐིང་དང་ཐོག་རྩྭ་ལ་ཆ་རྒྱུས་མེད་པས། ཕྱི་དྲོ་ཞིག་གི་རིང་ལ་དཔེ་གཞི་གཅིག་མ་གཏོགས་སྒྲུབ་ཐུབ་ཀྱིན་མེད། བྱ་བ་དེ་བསྒྲུབ་པར་དུས་ཚོད་མང་པོ་འགོར་བར་མ་ཟད་ངང་རྒྱུད་རིང་པོ་ཡང་དགོས། རྟོག་འཇལ་ལག་རྩལ་ལས་གཞན་ད་དུང་རྩྭ་ལ་རྒྱུས་མངའ་ཆེ་བའི་གནས་སྐབས་ལས་མི་བཞི་གདན་ཞུ་བྱས་ནས་ཆེད་དུ་རོགས་རམ་བྱེད་བཞིན་ཡོད་ལ། ཝང་ལིན་གྱི་བཟའ་ཟླ་ལིའུ་ཅན་ཀྲེན་ནི་དེའི་གྲས་ཀྱི་གཅིག་ཡིན།

རྟོག་འཇལ་ར་བའི་ནང་དུ། བཟོ་འགོད་པ་ཀླུ་འབུམ་འཚོ་ཡིས་ས་འོག་གི་རྩད་པར་བརྟག་བཞིན་ཡོད། མོས་བརྙན་ཤེལ་བཏགས་པའི་དབྱུག་པ་ཞིག་སའི་གཏིང་དུ་བཙུགས་པའི་ཤེལ་སྦུག་ཏུ་བཅུག་པ་ན། དུས་མཉམ་དུ་གློག་ཀླད་སྟེང་རྩི་ཤིང་གི་རྩད་པའི་པར་རིས་མངོན་ཡོང་།

སྒྲིག་ཆས་དེ་ནི2022ལོར་མཚོ་བྱང་ས་ཚིགས་སུ་སྒྲིག་འཛུགས་བེད་སྤྱོད་བྱས་ཏེ་སྲོལ་རྒྱུན་གྱི་ས་འབིགས་ཐབས་ལམ་གྱི་ཚབ་བྱས་ཡོད། ཤེལ་སྦུག་དེ་ཏུའུ45ཡི་ཟུར་ཚད་ནས་ས་གཏིང་དུ་གསེག་འཛུགས་བྱས་ཤིང་། རིང་ཚད་ལ་སྨི་གཅིག་ཡོད་པ་དང་ས་ངོས་སུ་ལི་སྨི20བུད་ལ། ས་འོག་ཏུ་ལི་སྨི80ཟུག་ཡོད། ཐེངས་རེར་བཤེར་འབེབས་ལ་རིམ་པ་བཞིར་དབྱེ་ཞིང་། རིམ་པ་རེ་རེར་ལི་སྨི20རེ་ཡོད། པར་རིས་ལས་གསར་སྐྱེས་ཀྱི་རྩད་པ་དཀར་པོ་དང་ནག་པོ་ནས་སྨུག་པོར་གྱུར་པའི་རྩད་པ་སྐམ་པོ། དམར་སྐྱར་གྱུར་པའི་རྩད་པ་གསོན་པོ་རྣམས་གསལ་པོར་ངོས་འཛིན་ཐུབ་ཅིང་། རྩ་ལག་གི་སྐྱེ་འཕེལ་དང་སྐམ་འཆི་གནས་ཚུལ་ཡང་ཐད་ཀར་རྟོགས་ཐུབ།

ཀླུ་འབུམ་འཚོ་ཡིས་བརྙན་ཡོལ་སྟེང་མཛུབ་མོ་བཙུགས་ནས། “མཐོ་འཁྱག་སྤང་རྩྭའི་རྩ་ལག་གཙོ་བོ་ས་འོག་ཏུ་ལི་སྨི0ནས40བར་ཁྱབ་ཡོད་ལ། དེའི་ཁྲོད83%ས་འོག་ཏུ་ལི་སྨི0ནས20བར་དུ་ཡོད། ལྷག་པར་དུ་ལི་སྨི10ནས20བར་ཆེས་སྟུག་ཤོས་ཆགས་འདུག”ཅེས་ངོ་སྤྲོད་བྱས། ཉེ་ཆར་ཞིབ་འཇུག་ཚོགས་པས་སྒྲིག་ཆས་དེ་བེད་སྤྱད་ནས་ཤེས་གསལ་ལྟར་ན། ས་ཐོག་དང་ས་འོག་གཉིས་ཀྱི་རྩི་ཤིང་དུས་མཉམ་དུ་བྱུང་བ་མིན། ཤེས་རྟོགས་དེས་ས་འོག་སྐྱེ་ཁམས་བརྒྱུད་རིམ་ལ་གོ་བ་ཟབ་མོ་ལེན་པར་གཞི་གྲངས་གལ་ཆེན་གྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།

ཕྱི་རོལ་རྟོག་འཇལ་དང་དཔེ་སྡུད་བྱེད་པ་ནི་རྟོག་འཇལ་གྱི་ལས་རིམ་དང་པོ་ཡིན། ཟླ་རེར་ཉིན་བདུན་རིང་མིན་ཡོན་རྫོང་གི་རྫ་མགོ་རི་མགོ་རུ་གཅིག་བསྡུས་དཔེ་སྡུད་བྱེད་དགོས་པ་དང་། དུས་ཚོད་ལྷག་མའི་སྐབས་སུ་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཚོད་ལྟ་ཁང་དུ་སོང་ནས་དབྱེ་ཞིབ་སྔར་ལས་ཞིབ་ཚགས་བྱེད་དགོས།

ཉེ་ཆར། ང་ཚོས་ཟི་ལིང་དུ་སླེབས་ནས་ཉིན་གཅིག་ལས་འགོར་མེད་པའི་ཞིབ་འཇུག་ཚོགས་པ་མཐོང་བྱུང་། ཚོད་ལྟ་ཁང་གི་ཐོག་རྩེག་དང་ཁྱམས་ར་ཡོངས་སུ་དཔེ་གཞི་མང་པོ་སྤུངས་འདུག

བཟོ་འགོད་པ་སི་མེང་ཁུ་ཡིས་ཆུའི་ཆ་ཤས་ལ་རྟོག་འཇལ་བྱེད་པའི་འགན་འཁུར་ཡོད། མོས་མདུན་དུ་ཟླ8པའི་ཚེས31ཉིན་གསར་དུ་ཁྱེར་ཡོང་བའི་ཆུའི་དཔེ་གཞི་བཞག་ཡོད་པ་དང་། དེ་ནི་ས་ཚིགས་ནང་ཁུལ་གྱི་ཆུ་ཁོངས་ཆུང་ཆུང་ནས་བླངས་པ་ཡིན་ཞིང་། ས་ཁའི་ཆུ་དང་ས་འོག་ཆུ་བཅས་ཆུ་རིགས་བདུན་ཚུད་ཡོད། དཔེ་གཞི་དེ་ཐོག་མར་བཙགས་ནས་སྙིགས་རོ་རྣམས་ཕྱིར་འདོན་པ་དང་། དེ་ནས་སྤྱིའི་ཏན་དང་སྤྱིའི་ལིན། ཞུ་རུང་རང་བཞིན་གྱི་སྐྱེ་ལྡན་ཐཱན་རྫས། ཆུའི་ནང་གི་གྱེས་རྡུལ་ཕོ་མོ་སོགས་དམིགས་ཚད་རྒྱུན་ལྡན་ལྟར་བརྟག་དགོས། ཞིབ་འཇུག་ཚོགས་པས་ཀྱང་དུས་མཉམ་དུ་བརྟག་འཇལ་དང་དབྱེ་ཞིབ་ཀྱི་དམིགས་ཚད་རྒྱ་བསྐྱེད་པ་དང་། གནས་མཉམ་རྒྱུ་ཆའི་ཆུ་དཔྱད་ལག་རྩལ་ལ་བརྟེན་ནས་ཡུལ་ཁོངས་ཀྱི་ཆུ་རྒྱུན་འཁོར་སྐྱོད་བརྒྱུད་རིམ་ལ་འགྲེལ་བཤད་གནད་འཁེལ་བྱས་ཏེ། རང་སའི་ཆུའི་ཁོར་ཡུག་འཕོ་འགྱུར་ཁྱད་ཆོས་གསལ་སྟོན་བྱེད་པར་ཆུ་དཔྱད་ཚན་རིག་གི་རྟེན་གཞི་བརྟན་པོ་འདོན་སྤྲོད་བྱས།

ལོ་ངོ་ལྔ་བཅུའི་རིང་ལ། མི་རབས་རེ་རེས་ལང་ཚོ་མཚོ་བྱང་ས་ཚིགས་དེར་བཞག་ཡོད། ཆེས་རྨང་གཞིའི་རྩྭ་འབྲེག་པ་ནས་ཞིབ་ཚགས་ལྡན་པའི་ཚན་རིག་ཞིབ་འཇུག་བར། ཉིན་ནས་ཉིན་བརྩེགས་པའི་བསྐྱར་ཟློས་ཁྲོད། མཚོ་བོད་མཐོ་སྒང་གི་མཐོ་གྲང་རྩྭ་སའི་སྐྱེ་ཁམས་མ་ལག་གིDHAཡི་གསང་བ་རིམ་གྱིས་བརྟོལ། དཔེ་སྡུད་བྱས་པའི་ཆུའི་དཔེ་གཞི་དང་རྩྭའི་དཔེ་གཞི། སའི་དཔེ་གཞི་བཅས་ཀྱིས་ཚོད་ལྟ་ཁང་གི་དཔྱད་ཆས་ཀྱི་ནང་དང་ཕྲ་མཐོང་ཆེ་ཤེལ་གྱི་འོག རེའུ་མིག་རྙོག་འཛིང་ཅན་དག་གི་ཁྲོད་ན། ལོ་ན་གཞོན་པའི་རྩྭ་ས་དེའི་སྙིང་གི་འཕར་ལྡིང་རེ་རེར་འགྲེལ་བརྗོད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།