སྐྱེ་ཁམས་ཀྱི་གཏིང་།
2025ལོའི་ཟླ3པའི་ཚེས4ཉིན། སྐོར་སྲུང་པས་ཕྱི་རོལ་དུ་སྐོར་སྲུང་བྱེད་སྐབས་དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་གསའ་ཕྲུག་ཅིག་རྙེད། དུས་དེ་ནས་བཟུང་མིང་ལ“ལིང་ཞའོ་ཀྲེ”ཟེར་བའི་གསའ་ཕྲུག་དེས་དྲ་གྲོགས་དུང་ཕྱུར་མང་པོའི་ཡིད་སེམས་དབང་མེད་དྲངས།དེང་སྐབས་དྲག་སྐྱེད་བྱུང་བའི“ལིང་ཞའོ་ཀྲེ”ནི་ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་གའི་སྲོག་ཆགས་གྲགས་ཅན་དུ་གྱུར་ཞིང་། ལྟད་མོ་པ་དང“ལིང་ཞའོ་ཀྲེ”ཡི་བར་ཐག་ནི་ཚུན་གང་ཅན་གྱི་ཤེལ་སྒོ་ཞིག་གིས་བཅད་ཡོད། ཤེལ་སྒོ་དེའི་ཕ་རོལ་ན“གངས་རིའི་རྒྱལ་པོ”ཡང་དམར་ཕྱིའི་པར་ཆས་ཀྱི་པར་སྒྲོམ་ནང་ཐོན་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསའ་འཚོ་སྡོད་བྱ་ཡུལ་ས་ཁུལ་དུ། 2023ལོ་ནས2024ལོའི་བར། དམར་ཕྱིའི་པར་ཆས55ཡིས་གསའ་ཡི་གཟུགས་བརྙན་པར་ལེན་ཐུབ་ཡོད་ལ། བསྡོམས་པས་རང་རྐྱ་ཐུབ་པའི་ངང་གསའ་ལ་འཚོལ་ཞིབ་ཚད་ལེན་ཐེངས298བྱས་ཤིང་། དཔག་རྩིས་བྱས་ན་ས་དེར་གསའ59ཡོད།2025ལོའི་ལོ་སྟོད་དུ་མཚོ་སྔོན་པོའི་བྱང་ངོགས་སུ་བཀོད་སྒྲིག་བྱས་པའི་དམར་ཕྱིའི་པར་ཆས་ནང་གསའ6བདེ་བླག་ངང་དབྱེ་འབྱེད་ཐུབ་པར་མ་ཟད། གསའ3པར་རིས་གཅིག་གི་ནང་ཐོན་པའི་བརྙན་རིས་ཀྱང་ཟིན་ཐོར་བཀོད།
ཏ་ཐུང་པེ་ཁྲོན་ཆུ་མགོའི་ཁུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས2020ལོར་གསའ་ཡི་གཟུགས་བརྙན་ལ་ལྟ་ཞིབ་ཚད་ལེན་ཐོག་མ་བྱས་ཤིང་། 2024ལོའི་ཟླ4པར་གསའ་ཡི་ཆེད་དོན་བརྟག་དཔྱད་བྱེད་མགོ་བརྩམས་ཏེ། བརྟག་དཔྱད་བྱས་འབྲས་ཀྱིས་ཚང་མར་ཧ་ལས་སུ་བཅུག དམར་ཕྱིའི་པར་ཆས89ཡིས་རིམ་རྩིས་བྱས་ན་གསའ57དབྱེ་འབྱེད་ཐུབ་ཡོད།
“རི་སྐྱེས་སྲོག་ཆགས”གསའ་ནི་ང་ཚོའི་འཚོ་བའི་ཁོར་ཡུག་དང་ཐག་ཇེ་ཉེ་ནས་ཇེ་ཉེ་རེད།
ས་ཁམས་ཐད་ནས་ཀྱང་མི་རིང་ལ། སྐྱེ་ཁམས་ཐད་ནས་ཐག་ཤིན་ཏུ་ཉེ།
ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གསའ་ཡི་རིགས་ཁྱུའི་གྲངས་འབོར་ཆེས་མང་བ་དང་ཁྱབ་རྒྱ་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། གོ་ལ་ཧྲིལ་པོའི་གསའ60%ཀྲུང་གོར་ཡོད་ལ། མཚོ་བོད་མཐོ་སྒང་ནི་ཀྲུང་གོའི་གསའ་ཡི་ཁྱབ་ཁོངས་གཙོ་བོ་དེ་ཡིན་ཞིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(འདེམས་སྒུག་ཁུལ)མཚོ་སྔོན་གྱི་དུམ་ཁུལ་ནི་ལྷག་ཏུ་དཀྱིལ་སྙིང་ས་ཁུལ་ཡིན།
ད་ལྟ། མཚོ་སྔོན་གྱི་གསའ་ཡི་རིགས་ཁྱུའི་གྲངས་འབོར་ཧ་ལམ1200ཟིན་ཞིང་། འཚོ་གནས་ས་ཁུལ་གྱི་རྒྱ་ཁྱོན་ཕལ་ཆེར་སྤྱི་ལེ་གྲུ་བཞི་མ་ཁྲི47ཟིན། མཚོ་སྔོན་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི72.23ཡིན། མཚོ་སྔོན་གྱི་མངའ་ཁོངས་སུ་བསྐྱོད་ན། རྒྱ་ཁྱོན་ཕྱེད་ཀ་ཡན་ནི་གསའ་ཡི་འཚོ་གནས་ཁུལ་ཡིན་པས་ལྐོག་གྱུར་གྱི“གངས་རིར་སྦས་པའི་དམ་པ”འདི་ས་འདི་ནས་དོན་དངོས་ཐོག་ལྐོག་གྱུར་ཞིག་མ་རེད།
གསའ་ཡི་འཚོ་བའི་གོམས་གཤིས་ལ་གཞིགས་ན། ནངས་དགོང་ནི་གཟན་འཚོལ་བའི་དུས་རིམ་གཙོ་བོ་ཡིན། དགུན་དུས་སུ་སླེབས་ཙ་ན་གཟན་ཇེ་ཉུང་དུ་ཕྱིན་པས་དེ་དག་ས་བབ་དམའ་བའི་ས་ཁོངས་སུ་ཁ་ཟས་འཚོལ་དུ་ཡོང་ངེས་པས། གསའ་ལ་འཕྲད་པའི་ཉེན་ཁ་ལྷག་ཏུ་ཆེ། ལོ་འཁོར་མོར་སྐྱེ་ཁམས་བདག་སྐྱོང་ཁུལ་དུ་འགྲོ་འོང་བྱེད་པའི་སྐྱེ་ཁམས་བདག་སྐྱོང་པ་ནི་གསའ་དང་འཕྲད་པའི་རྒྱུན་ཕེབས་མགྲོན་པོ་ཡིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་སྐྱེ་ཁམས་ནགས་སྲུང་པ་བསྟན་འཛིན་རྒྱ་མཚོ་ནི་དེའི་གྲས་ཀྱི་གཅིག་རེད།
“ལོ་རེར་ཐག་ཉེ་ས་ནས་གསའ་དང་འཕྲད་པ་ཉུང་མཐར་ཡང་ཐེངས3ནས4ཡོད། ཉེ་ཆར་གསའ་ཡིས་ཤྭ་བ་སེར་ཆེན་བཟུང་ནས་ཟ་བ་དང་འཕྲད་པས་བར་ཐག་ཕལ་ཆེར་སྨི30ལས་མེད”ཅེས་བསྟན་འཛིན་རྒྱ་མཚོས2015ལོ་ནས་བཟུང་ས་དེའི་སྲུང་སྐྱོང་མཐུན་ཚོགས་ཀྱི་རྗེས་འབྲངས་ཏེ་གསའ་ལ་ལྟ་ཞིབ་ཚད་ལེན་བྱས་པས། གསའ་ལ་འཕྲད་པ་དེ་ཁོར་མཚོན་ན་ཡ་མཚན་དགོས་པའི་དོན་ཞིག་མ་རེད། ལྷག་པར་ཨ་མྱེས་རྨ་ཆེན་གངས་རིའི་མཐའ་འཁོར་ནས་རྒྱུན་དུ་མཐོང་ཐུབ་མོད། གསའ་ཡི་འཚོ་གནས་གཙོ་བོ་ཡིན་པའི་ཆ་ནས་གསའ་ལ་ལྟ་ཞིབ་ཚད་ལེན་བྱེད་པ་ལས་གལ་ཆེ་བ་ནི་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་རེད།
གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་གསའ་བག་ཡངས་ངང་འཚོ་སྡོད་ཐུབ་ཚེ། སྨད་རྒྱུད་ཀྱི་ཆུ་མཁོ་འདོན་བྱ་རྒྱུར་གཞི་ནས་སྐྱེ་ཁམས་ཀྱི་རྨང་གཞི་ཡོད་པ་རེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་ནས་བཟུང་།ས་ནག་ཐང་དང་།ས་ནག་སྒང་།བྱེ་འགྱུར་ཅན་བཅས་བཅོས་སྐྱོང་དང་དེ་མིན་རི་རྒྱ་ནགས་གསོ་དང་།མིའི་ཐབས་ཀྱིས་རྩྭ་འདེབས་པ།རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན།བརླན་ས་དང་གངས་རིའི་འཁྱགས་ཀླུང་སྲུང་སྐྱོང་བཅས་མུའུ་ཁྲི3100ལྷག་ལག་བསྟར་བྱས་ཡོད། རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཚད་ནི36.8%ཡིན་པ་དང་། ཚོད་ལྟ་མ་བྱས་གོང་ལས8.6%ཇེ་མང་དུ་ཕྱིན་ཡོད། མ་ལག་ལྡན་པའི་ངང་བཅོས་སྐྱོང་བྱས་པ་བརྒྱུད། སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ་རྒྱུན་མཐུད་ངང་སླར་གསོ་བྱུང་ཞིང་། གཙོད་ནི་སྟོངས་ཉེན་ཡོད་པའི་རིགས་ནས་ཉེན་ཁར་ཉེ་བའི་རིགས་སུ་གྱུར་པ་དང་། གསའ་ནི་སྟོངས་ཉེན་ཡོད་པའི་རིགས་ནས་ཉེན་ཁ་འབྱུང་སླ་བའི་རིགས་སུ་གྱུར་པས། སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་རེད།
མདོ་ལ་རིང་མོ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་ཆུ་ཁུངས་ཐོན་སྐྱེད་བྱེད་ས་གལ་ཆེན་ཞིག་ཡིན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(འདེམས་སྒུག་ཁུལ)མཚོ་སྔོན་དུམ་ཁུལ་གྱི་ནགས(རྩྭ)དཔོན་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀན་སུའུ་དུམ་ཁུལ་དང་མཉམ་སྡེབ་སྲུང་སྐྱོང་བྱ་རྒྱུར་ཤུགས་བསྣན་ཏེ་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་ཁྲིམས་ལག་བསྟར་བྱས་ཤིང་། གཞི་གྲངས་ཆེན་མོའི་སྟེགས་བུ་བཙུགས་ནས་སྐོར་ཞིབ་དོ་དམ་ཚོད་འཛིན་ཁྱོན་ཡོངས་ལ་ཁེབས་སུ་བཅུག
བདག་སྐྱོང་ས་ཚིགས40དང་རིག་ནུས་སྐོར་སྲུང་མ་ལག་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་བྱུང་ཡོད་ལ། ཆེད་འགན་འཁུར་བའི་བདག་སྐྱོང་པ1265དང་སྡེ་ཁུལ་དང་བླངས་པ་མང་པོ་ཞིག་གིས་ལོ་འཁོར་མོར་སྐྱེ་ཁམས་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱས་ཤིང་། ཐོབ་པའི་འབྲས་བུ་ནི་སྔོ་ཁེབས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི0.97འཕར་ནས། སྔོ་ཁེབས་ཚད་ཆ་སྙོམས་ཀྱིས1.45%ཇེ་མཐོར་དང་། སྐྱེ་ཁམས་སྤུས་ཚད15.27%ཇེ་མཐོར་སོང་། 60.17%གྱི་ཞན་འགྱུར་རྩྭ་ཐང་ནུས་ལྡན་སླར་གསོ་བྱུང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྔར་བས་ཕུན་ཚོགས་སུ་ཕྱིན་ཡོད།
མཚོ་སྔོན་དུ་གསའ་ལ་སྲུང་སྐྱོང་བྱ་རྒྱུ་དེ་གངས་རིའི་སྟེང་གི་མགྲོན་པོར་སྲུང་སྐྱོང་བྱེད་པ་ཞིག་མིན་པར། མཚོ་བོད་སྟོད་རྒྱུད་ཀྱི་ཆུ་ཁུངས་སྲུང་སྐྱོང་དང་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་པས། མི་རེ་རེ་དང་འབྲེལ་བ་དམ་ཟབ་ཡོད།
ཚན་རྩལ་རོགས་སྐྱོར་ལ་བརྟེན་ནས་སྲུང་སྐྱོང་སྔར་ལས་ཐག་ཉེ་རུ་ཕྱིན།
གཙང་གསུམ་འབྱུང་ཡུལ་ས་ཁུལ་ནི་ཀྲུང་གོ་མ་ཟད་ཐ་ན་གོ་ལ་ཧྲིལ་པོའི་གསའ་ཁྱབ་ཚུལ་ཆེས་གཅིག་སྡུད་དང་། རིགས་ཁྱུའི་འདུས་ཚད་མང་ཤོས་ཀྱི་ས་ཁུལ་གྲས་ཡིན་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་བཟོ་བཀོད་པ་ཏུང་ཁུའེ་ཚའེ་ལ་མཚོན་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་གི་གསའ་དང་འཕྲད་མ་མྱོང་རུང་། ཁོས་དེ་དག་གི་རྗེས་ཤུལ་གསལ་པོར་ཤེས་ཀྱིན་ཡོད།
སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་ཚད་ལེན་མ་ལག་གི་ཁ་ཕྱེ་ནས་ཙིག་རྟགས་ཡང་མོར་མནན་ཚེ། དམར་ཕྱིའི་པར་ཆས་ལས་གསའ་ཡི་གཟུགས་བརྙན་གསལ་པོ་མཐོང་ཐུབ། ཚན་རྩལ་སྟོབས་ཤུགས་ཀྱིས་གསའ་དང་དངོས་ཁམས་བར་གྱི་ཐག་ཇེ་ཉེར་བཏང་མེད་རུང་། ང་ཚོར་དེ་དག་རྟོགས་པའི་ཐབས་ལམ་སྔར་ལས་མང་པོ་ཡོད་དུ་བཅུག
“དེ་སྔོན་སྟེས་དབང་གིས་མཐོང་ཞིང་། ད་སྐབས་འཚོ་གནས་ཁུལ་གཙོ་བོར་ཁེབས་པའི་དམར་ཕྱིའི་པར་ཆས་དྲ་མིག་ཅན་གྱི་ལྟ་ཞིབ་ཚད་ལེན་ལ་བརྟེན་པས་ང་ཚོས་གསའ་ཁེར་རྐྱང་དང་། ཁྱུ་ཚོགས་ཀྱི་འཕེལ་ཕྱོགས་གསལ་པོར་མཐོང་ཐུབ།” ཏུང་ཁུའེ་ཚའེ་ཡིས་བཤད་རྒྱུར། ཚན་རྩལ་སྟོབས་ཤུགས་ཀྱི་འདེགས་སྐྱོར་ཡོད་པས་སྲུང་སྐྱོང་དེ་བས་ཐག་ཉེ་རུ་ཕྱིན་ཡོད་ལ། སྔོན་ཆད“སེམས་སུ་བརྩེ་བ་ཡོད་པ”ནས་ད་སྐབས“ལག་ཏུ་རྩལ་ཡོད་པ”རུ་གྱུར་ཡོད་ཟེར།
གཙང་གསུམ་འབྱུང་ཡུལ་ས་ཁོངས་སུ་གསའ་ལ་མ་ལག་རང་བཞིན་གྱི་སྲུང་སྐྱོང་བྱེད་པའི་ལས་དོན་དེ། དུས་རབས21པའི་དུས་མགོར་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་ལག་བསྟར་དང་སྐུལ་འདེད་གཏོང་བ་ནས་མགོ་ཚུགས་ཤིང་། ལྷག་པར2005ལོར་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་བཀོད་ལག་བསྟར་བྱས་པ་དང་། དེ་མིན2015ལོར་མགོ་ཚུགས་པའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ་བཙུགས་པ་ནས་བཟུང་། གསའ་སྲུང་སྐྱོང་བྱེད་པ་དེ་རིམ་བཞིན་ཚན་རིག་ཅན་དང་། མ་ལག་ཅན། ལམ་ལུགས་ཅན་གྱི་དུས་རིམ་གསར་པར་སླེབས་ཡོད།
ད་སྐབས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ནང་དུ་གསའ་ཡི་རིགས་ཁྱུའི་གྲངས་འབོར་རགས་རྩིས་བྱས་ན1000ཡན་ཟིན་ཏེ་གསའ་ཡི་འཚོ་གནས་ཁུལ་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་སྤྱི་གླིང་ཧྲིལ་པོ་བཅོས་སྐྱོང་གི་སྒྲོམ་གཞིའི་ནང་ཁྱོན་ཡོངས་ནས་བཅུག་སྟེ་རིམ་པ་མཐོ་ཤོས་ཀྱི་སྲུང་སྐྱོང་བྱ་ཐབས་ལག་བསྟར་བྱས་ཡོད།
སྤྱི་ཡོངས་བཅོས་སྐྱོང་གི་སྒྲོམ་གཞིའི་འོག་གསའ་སྲུང་སྐྱོང་བྱ་རྒྱུ་དེ་སྡེ་ཁག་རྐྱང་པའི་བྱ་བ་ཞིག་མིན་པར་ནགས་ལས་དང་།རྩྭ་ཐང་།སྐྱེ་ཁམས། ཚན་ཞིབ། སྡེ་ཁུལ་བཅས་ཀྱི་སྟོབས་ཤུགས་ཧྲག་སྡེབ་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་དོ་དམ་ཞིག་རེད། སྲུང་སྐྱོང་བྱ་བ་ཡང“དངོས་རིགས་སྲུང་སྐྱོང”ནས “མ་ལག་ཉམས་གསོ”རུ་རྒྱ་བསྐྱེད་ཡོད། ཕྱུགས་བསྐྱུར་རྩྭ་འདེབས་དང་། སྔོ་ཁེབས་ཉམས་གསོ། བརྔོན་བྱའི་རིགས་ཁྱུ་སླར་གསོ་བཅས་བྱས་པ་བརྒྱུད“ཟས་རིགས་སྦྲེལ་རྡང”ཧྲིལ་པོར་རྩ་བའི་ཆ་ནས་ལེགས་བཅོས་བྱས་ཏེ་གསའ་ཡི་ཁྱིམ་གཞིས་སྔར་བས་ཇེ་བརྟན་དུ་བཏང་།
ཏུང་ཁུའེ་ཚའེ་ཡིས་བཤད་རྒྱུར། གསའ་ཡི་རྗེས་ཤུལ་ཇེ་མང་དུ་སོང་བ་དང་བསྟུན་ནས་མི་རྣམས་ཀྱིས་སེམས་སུ་གསའ་དང་ཁད་ཐག་ཇེ་ཉེར་ཕྱིན་འདུག་སྙམ་སྲིད། དེ་ནི་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ཆེ་རུ་ཕྱིན་པའི་འབྲས་བུ་ཡིན་པར་མ་ཟད། གསའ་ཡི་རིགས་ཁྱུ་སླར་གསོ་དང་ཁྱབ་སྤེལ་བྱས་པ་ཕྱིར་མངོན་ཡོད་པ་རེད་ཅེས་ཟེར། འོན་ཀྱང་ཁོས་བཤད་རྒྱུར། གསའ་དང་དེའི་འཚོ་གནས་ཁུལ་ལ་སྲུང་སྐྱོང་བྱེད་པའི་དམིགས་འབེན་གཙོ་བོ་ནི་གསའ་དང་མི“ཐག་ཉེ་རུ་གཏོང་བ”མིན་པར། སྐྱེ་ཁམས་ཁྱམས་ར་འཛུགས་པ་དང་། འཚོ་གནས་ཁུལ་ཆ་ཚང་སྲུང་སྐྱོང་བྱས་པ་བརྒྱུད། དེ་དག་ཡངས་ཤིང་རྒྱ་ཆེ་བའི་རང་བྱུང་ཐང་རྒོད་དུ་རང་དབང་གིས་འཚོ་བ་རོལ་དུ་བཅུག་ནས། མིའི་རིགས་ཀྱི་སྡེ་ཁུལ་དང་བདེ་ཐང་གི་བར་ཐག་རྒྱུན་འཁྱོངས་བྱ་རྒྱུ་འདི་ནི་ད་གཟོད་ཡུན་རིང་གི་ཐབས་ལམ་ཡིན་ཟེར།
སྲོག་སྐྱོབ་ལ་ཐབས་ལམ་ཡོད། འཕོ་འགྱུར་ལ་དོ་སྣང་བྱེད།
གལ་ཏེ་མཚོ་སྔོན་ནས་གསའ་དང་ཐག་ཉེ་ས་དེ་གང་ཡིན་ཞེ་ན། དེ་ནི་མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་ཡིན་ཁོ་ཐག་རེད།
རྒྱལ་ནང་གི་གསའ་སྲོག་སྐྱོབ་ཁྱབ་ཁོངས་ཀྱི་ལག་ལེན་ནུས་པ་ཆེ་ཤོས་དང་གྱོད་དཔེ་ཆེས་ཕུན་སུམ་ཚོགས་པའི་སྒྲིག་གཞི་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་སུ་རི་ཐང་སྲོག་སྐྱོབ་དང་། སྨན་བཅོས་དྲག་སྐྱེད། མིའི་ཐབས་ལ་བརྟེན་ནས་ཕྲུ་གུ་གསོ་སྐྱོང་བྱེད་པ། ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་དང་དེ་མིན་རི་ཐང་ཕྱེད་ཅན་གྱི་སྦྱོང་བརྡར་བཅས་ལག་རྩལ་མ་ལག་འཐུས་ཚང་ལྡན་པས། གསའ་ཕྲུག“ལིང་ཞའོ་ཀྲེ”མཐོང་མ་ཐག་གི་དུས་དང་པོ་ཉིད་ལ་ས་འདིར་སྐྱེལ་ཐུབ་པ་བྱུང་བ་རེད།
“‘ལིང་ཞའོ་ཀྲེ’ལ་རོགས་རམ་བྱེད་པའི་བརྒྱུད་རིམ་ཁྲོད་དཀའ་ཁག་མང་པོར་འཕྲད་རུང་མི་ཚང་མར་ཡིད་ཆེས་ཀྱིས་ཁེངས་ཡོད།“ལིང་ཞའོ་ཀྲེ”བསྐྱབས་པ་དེས་སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱིས་ལོ་མང་པོར་འཕེལ་རྒྱས་བཏང་བ་བརྒྱུད་། རི་ཐང་དུ་རྨས་པ་ཤེས་རྟོགས་དང་།བྲེལ་མྱུར་བརྒྱུད་འདྲེན་བྱེད་པ། ཆེད་ལས་སྨན་བཅོས། དྲག་སྐྱེད་སྦྱོང་བརྡར་བཅས་བྱས་པ་ནས་ཚན་རིག་དང་མཐུན་པའི་སྒོ་ནས་རང་བྱུང་ཁམས་སུ་གཏོང་བའམ་ཡང་ན་བཀོད་སྒྲིག་བྱས་པའི་རི་སྐྱེས་སྲོག་ཆགས་སྐྱོབ་བཅོས་ཀྱི་ཕྲེང་འབྲེལ་ཧྲིལ་པོའི་ཚད་གཞི་གཅིག་སྡུད་ཀྱིས་མཚོན་ཡོད་ལ། ཚང་མར་མཚོ་སྔོན་ལ་རི་སྐྱེས་སྲོག་ཆགས་ཀྱི་སྲོག་སྐྱོབ་སྲུང་སྐྱོང་ཐད་འཛོམས་པའི་ནུས་པའང་མཐོང་དུ་བཅུག་ཡོད།”“ད་ལྟའི་རང་རྟོན་ནི་རང་ལ་རང་རྟོན་གཏན་ནས་མེད་པ་ནས་བསགས་ཏེ་ཡོང་བ་ཡིན”ཞེས་མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་ཧོ་ཧྲུན་ཧྥུའུ་ཡིས་དེ་ལྟར་བཤད།
2017ལོར། སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་སུ་ཁ་པར་ཞིག་འབྱོར་ཅིང་ཞ་བོར་གྱུར་པའི་གསའ་ཞིག་ལ་རོགས་སྐྱོབ་བྱེད་དགོས་ཀྱིན་འདུག དེ་སྔོན་འདི་ག་ནས་རྨས་ལྕི་མོ་ཕོག་པའི་གསའ་ལ་སྲོག་སྐྱོབ་བྱས་མ་མྱོང་།
“སྔོན་ཆད་བསྐྱབས་པ་ཚང་མ་གསའ་ཕྲུག་ཡིན་པས་རྨས་སྐྱོན་ཚབས་ཆེན་ཕོག་པ་ཧ་ཅང་ཉུང་། སྐབས་དེར་ཕྱུགས་རིགས་སྨན་ཁང་ད་དུང་བཙུགས་མེད་པ་དང་། རི་སྐྱེས་སྲོག་ཆགས་ལ་ནད་གཞི་སྨན་བཅོས་བྱེད་པའི་ལག་རྩལ་ཡང་ཅུང་རྗེས་ལུས་ཡིན་པས་ཇི་ལྟར་སྐྱོབ་དགོས་མིན་དང་། སྲོག་སྐྱོབ་ལེགས་འགྲུབ་འབྱུང་ཐུབ་མིན་ལ་ཚང་མའི་སེམས་ན་གདེང་ཚོད་མེད། ”ཧོ་ཧྲུན་ཧྥུའུ་ཡིས་བཤད་རྒྱུར་ཁ་པར་དེ་སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་ལ་བཏང་ཟིན་པས་ཁོ་ཚོས་འགན་འཁུར་དགོས་ཟེར།
གསའ“ལིང་ཧྲོང”བདེ་བླག་ངང་བསྐྱབས་པ་དེ་ནི་མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱི་ལོ་རྒྱུས་རྡོ་རིང་ལྟ་བུ་ཞིག་ཏུ་གྱུར། རྨས་ལྕི་མོ་ཕོག་པའི་གསའ་བདེ་བླག་ངང་སྲོག་བསྐྱབས་པའི་སྔར་བྱུང་མ་མྱོང་བའི་དཔེ་བཏོད་པར་མ་ཟད། མི་སྔར་ལས་མང་པོ་ཞིག་ལ་ས་ཆ་དེ་ཤེས་སུ་བཅུག སྐབས་དེ་ནས་བཟུང་མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་ལ་ནང་གནས་འཕོ་འགྱུར་འབྱུང་མགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་རི་སྐྱེས་སྲོག་ཆགས་ལ་སྲོག་སྐྱོབ་བྱ་རྒྱུར་སྔར་ལས་གཏིང་ཟབ་དང་དངོས་གཉེར་བྱེད་རྒྱུ་དེ་རེད།
2019ལོར་མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱི་ཕྱུགས་རིགས་སྨན་ཁང་དངོས་སུ་བཙུགས་པ་དང་། མི་སྣ་དང་སྒྲིག་ཆས་བཀོད་སྒྲིག་བྱས་པ་བརྒྱུད། རི་ཐང་དུ་མྱུར་སྐྱོབ་དང་ཕྱོགས་ཡོངས་ནས་ནད་བརྟག་སྨན་བཅོས་བྱེད་པ།གཤགས་བཅོས་དྲག་སྐྱེད་དང་། ལོགས་བཀར་གསོ་སྤེལ་བཅས་གཞི་གཅིག་ཏུ་འདུས་པའི་ཆེད་ལས་ཅན་གྱི་རི་སྐྱེས་སྲོག་ཆགས་སྨན་བཅོས་སྲོག་སྐྱོབ་སྟེགས་བུ་ཞིག་ཏུ་གྱུར་པ་དང་། དེའི་ཆ་ཚང་བའི་བྱ་བའི་སྦྲེལ་རྡང་དང་ཆེད་ལས་ཀྱི་ཚོགས་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་ལས་འགན་ལྕི་མོ་འཁུར་ཡོད།
མིག་སྔར། སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱིས་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་རོགས་སྐྱོར་ཐད་ཚད་གཞི་འཐུས་ཚང་ཞིག་ཆགས་ཡོད་པར་མ་ཟད། ཚད་གཞི་འདིའི་སྟེང་ལ། རྫོང་དང་ཞང་རིམ་པའི་སྐྱེ་ཁམས་ནགས་སྲུང་པ་དང་ས་དེའི་ནགས་ལས་གཙོ་གཉེར་སྡེ་ཁག་དང་ཕྱུགས་རིགས་སྨན་བཅོས་ས་ཚིགས་སོགས་ཀྱིས་ནུས་པ་འདོན་བཞིན་ཡོད།
“‘ལིང་ཞའོ་ཀྲེ’ ནི་བདག་སྐྱོང་པས་རྨས་ཡོད་པ་ཤེས་རྟོགས་བྱུང་བ་ཞིག་ཡིན་ལ།‘ལིང་ཞའོ་མང’ཡང་ས་དེའི་སྡེ་ཁག་སོ་སོའི་ཐུན་མོང་འབད་བརྩོན་འོག་བདེ་བླག་ངང་སྐྱོབ་བཅོས་བྱས་པ་རེད། གོ་རིམ་དེའི་ཁྲོད་གལ་ཏེ་ཅུང་འགོར་བའམ་ཡང་ན་ཆེས་ཐོག་མའི་ཐག་གཅོད་ལ་ནོར་འཁྲུལ་བྱུང་བ་ཡིན་ན། མཇུག་འབྲས་ཚང་མ་ད་ལྟའི་འདི་འདྲ་ཞིག་མིན།”ཧོ་ཧྲུན་ཧྥུའུ་ཡིས་བཤད་རྒྱུར། ལྟེ་གནས་ཀྱིས་ལོ་ལྟར་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སོང་སྟེ་སྐྱེ་ཁམས་ནགས་སྲུང་པ་དང་ས་དེའི་ནགས་རྩྭ་སྡེ་ཁག་གི་ལས་བྱེད་མི་སྣར་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གྱོད་དཔེ་དང་དེ་མིན་སྲོག་སྐྱོབ་དང་འབྲེལ་བའི་རྨང་གཞིའི་ཤེས་བྱ་འཆད་ཁྲིད་བྱས།
2025ལོར། མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱིས་གསའ་བཞི་བདེ་བླག་ངང་བསྐྱབས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། ཧོ་ཧྲུན་ཧྥུའུ་ཡིས་བཤད་རྒྱུར།འདི་ནི་གཞི་རིམ་སྲོག་སྐྱོབ་སྟོབས་ཤུགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་བཏོན་པ་རེད་ཟེར།
སྐྱོབ་རོགས་ཐོབ་པའི་གསའ་དེ་ཡང་ཚང་མར་ཐག་ཉེ་ས་ནས་བལྟ་རུ་འཇུག་ཐུབ་ཡོད།“ད་སྐབས་ཡུལ་སྐོར་པ་ཉུང་བའི་དུས་ཚིགས་ཡིན་མོད། འོན་ཀྱང‘ལིང་ཞའོ་ཀྲེ’ལ་དགའ་བསུ་ཐོབ་ཚད་ནམ་ཡང་ཧ་ཅང་མཐོ་བས། 2025ལོར་སྲོག་ཆགས་གླིང་གར་ལྟད་མོར་ཡོང་ཚད་མི་ཐེངས་ཁྲི100ལས་བརྒལ་ཡོད།གསའ་དང་ང་ཚོའི་བར་ཐག་ནི་ང་ཚོ་དང་རང་བྱུང་ཁམས་ཆེན་མོའི་བར་ཐག་ཡིན་ཡང་སྲིད། ང་ཚོ་རང་བྱུང་ཁམས་ལ་ཇེ་ཉེ་དང་སྲུང་སྐྱོབ་ཀྱི་ཐག་ཇེ་ཉེར་སོང་བ་དེ་ནི། གསའ་དང་སྔར་ལས་ཐག་ཇེ་ཉེར་སོང་བ་ཡིན་ནོ། །