
ཨ་ཆེན་གངས་རི།

ཨ་ཆེན་གངས་རྒྱབ་ཀྱི་ཞག་འདུག་བྱེད་སའི་སྒར་ས།

སྐོར་ཞིབ་རུ་མིས་གཙོད་ཕྲུག་ལ་འོ་མ་ལྡུད་པ།

སྐོར་ཞིབ་བྱེད་པའི་ལམ་བར་དུ་རླངས་འཁོར་ཁ་བའི་ཁྲོད་དུ་ཐོགས་པ།

ཉི་མ་མཚོའུའི་མི་མེད་ལས་རེས་ས་ཚིགས་སུ་ཟ་མ་གཡོས་པ།

མཚན་མོར་རླངས་འཁོར་དར་ཆུའི་ཁྲོད་དུ་ཐོགས་པ།

ཞག་སྡོད་བྱེད་སའི་སྒར་ས།

གངས་ཐང་དུ་དལ་བུར་བགྲོད་པའི་རི་སྐྱེས་རྐྱང་ཁྱུ།
ཁུ་ནུ་རི་བོ་གནམ་མཐའི་བར་དུ་འགྱིང་ཞིང་། ཆུ་དམར་ཆུ་བོ་ཐང་སྟོང་དུ་ཀྱག་ཀྱོག་ངང་བཞུར་ལ། གངས་རིའི་གཟུགས་བརྙན་དག་མེ་ལོང་ལྟ་བུའི་མཚེའུའི་ཁྲོད་གསལ་ལེར་མངོན་པ་ནི་ཨ་ཆེན་གངས་རྒྱབ་ཀྱི་ཆེས་རྒྱ་ཆེ་བའི་རྣམ་པ་དེ་རེད།
2026ལོའི་ལོ་མགོར། བརྙན་འཕྲིན་ཟློས་གར《བླ་ཤིང》གིས་མི་མང་བོར་ཨ་ཆེན་གངས་རྒྱབ་མཐོང་དུ་བཅུག་ཅིང་། པར་མིག་ནང་ལས་གཞན་དངོས་ཡོད་ཀྱི་སྐོར་ཞིབ་ལའང་མཚམས་ཆད་མ་མྱོངས།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུ་གླིང་ཁུལ་ཨ་ཆེན་གངས་རྒྱབ་དོ་དམ་བྱེད་ཡུལ་གྱི་སྐོར་ཞིབ་རུ་ཁག་དང་འགྲོགས་ནས་མི་མེད་སའི་ཁུལ་དུ་སོང་ཚེ། མིག་ལམ་དུ་མཐོང་ཐུབ་པ་ནི་མུ་མཐའ་མེད་པའི་ཐང་རྒོད་རེད། ཨ་ཆེན་གངས་རྒྱབ་ཏུ་གངས་དང་ཁ་བས་ཁེངས་ཤིང་། དྲོད་ཚད་སྒོར་ཐིག་མན་གྱི་ཧྲེ་ཧྲུ་ཏུའུ་ཉི་ཤུ་ལྷག་ཡིན་ཏེ་རླུང་བུ་གདོང་ངོར་རྒྱུ་ཚེ་གྲིས་བསྣུན་པ་ལྟར་དུ་སྣང་། དེ་མིན་ས་དེའི་མཚོ་འཕགས་སྨི4600ལས་བརྒལ་བ་དང་གོམ་པ་འགའ་སོང་ཚེ་དབུགས་ཧལ་ཧལ་བྱེད་དགོས། མཚན་མོར་གཉིད་དུ་ལོག་དུས་རྣ་ལམ་དུ་རླུང་གི་འུར་སྒྲ་ལས་གཞན་ད་དུང་བྲང་ཁའི་སྙིང་གི་འཕར་ལྡིང་ཚད་མགྱོགས་པའང་ཚོར་ཐུབ།
ལམ་བར་དུ་ཐོག་དང་པོར་གཙོད་ལ་འཕྲད་བྱུང་སྟེ། ཚོ་ཁྱུ་ཆུང་ངུ་ཞིག་ལ་གཙོད་བཅུ་ཁ་འདུག ། སྣེ་ཁྲིད་པའི་གཙོད་དེའི་ར་བ་གནམ་ཟུག་པ་ལྟར་རིང་ཞིང་། ངོ་ཡི་ནག་ཐིག་ཆེ་ལ་རྒྱུག་པའི་སྐབས་སུ་བྲེལ་འཚུབ་མེད་པའི་ངང་ནས་ཁྱུ་ཚོགས་ཀྱི་རྗེས་སུ་གཏན་དུ་སྲུང་ནས་ཕྱིར་བལྟས་བྱེད་ཞོར་དུ་རྒྱུ། རུ་མིས་བཤད་ན་གཙོད་འདི་དག་ཇེ་མང་དུ་སོང་ཡོད་དེ། ཐོག་མའི་ཁྲི་གཉིས་མི་ལོངས་བ་ནས་ད་ལྟའི་ཁྲི་བདུན་ལྷག་ཏུ་ཇེ་མང་སོང་ཡོད་ཅིང་། གཙོད་གནས་མཚོའི“བཙའ་ཁང་ཆེན་མོ”རུ་དབྱར་དུས་སུ་འདུ་འཛི་ཆེ་ཆེན་པོ་ཡོད་ཅེས་ཟེར།
རླངས་འཁོར་དར་ཆུའི་ཁྲོད་དུ་ཐོགས་པ་ནི་རྒྱུན་མཐོང་གི་གནས་ཚུལ་ཡིན་ཞིང་། ཐེངས་ཤིག་ལ་རླངས་འཁོར་འགའ་དར་ཆུའི་ཁྲོད་ནས་ནམ་གུང་བར་དུ་མ་ཐར་ཅིང་སྒོར་ཐིག་མན་གྱི་ཧྲེ་ཧྲུ་ཏུའུ་སུམ་ཅུའི་གྲང་རླུང་ཁྲོད་དུ་རླངས་འཁོར་གྱི་འགྱིག་འཁོར་བརྗེ་དགོས་པར་ལག་པ་འཁངས་ནས་སྐམ་པ་ཡང་འཛིན་མི་ཐུབ་པར་གྱུར། ནམ་ལངས་ནས་བལྟས་རྗེས་རླངས་འཁོར་མཚེའུ་ཆེན་པོ་ཞིག་གི་གྲམ་པའི་ཐོག་ཏུ་འདུག་པ་དང་རྒྱབ་ཕྱོགས་ནི་པུའུ་ཁ་ཏ་པན་རི་བོ་ཡིན་ལ། གངས་རི་མིག་གི་མདུན་དུ་ཡོད་འདུག །
བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་རྒྱབ་ལོགས་སུ“བྱིས་སློབ་ཁང”ཞིག་འདུག་ལ། རོགས་སྐྱོབ་བྱེད་སའི་གཙོད་ཕྲུག་འགར་ར་བ་བསྐོར་ནས་ཡོད། འོ་མ་ལྡུད་པའི་དུས་ལ་ཐོན་ཚེ་སྐོར་ཞིབ་རུ་མིས་འོ་མ་ལག་པའི་ཐོག་ཏུ་བཙུར་ཙམ་གྱིས་དྲོད་འཇམ་ལ་བལྟས་ཤིང་གཙོད་ཕྲུག་དག་ཁོའི་འགྲམ་དུ་འཚང་ཁ་ཤིག་ཤིག་གིས་འཚང་ཡོང་། “འདི་དག་ནི་ང་རང་གི་ཕྲུ་གུ་དང་འདྲ”ཟེར། དེ་དག་གསོས་ནས་ཆེ་རུ་གྱུར་ཚེ་ཐང་རྒོད་དུ་བསྐྱལ་དགོས་ཏེ། དེ་ནི་ད་གཟོད་ཁོང་ཅག་གི་ཕ་ཁྱིམ་ངོ་མ་དེ་ཡིན།
དེང་སང་སྲུང་སྐྱོབ་ས་ཚིགས་སུ5Gབརྡ་རྟགས་འབྲེལ་ཐུབ་པ་བྱུང་བས་རུ་མིས་ཁྱིམ་མིར་གཟིགས་མཐོང་ཁ་པར་བརྒྱབ་ཆོག ། ཡིན་ནའང་ཐང་སྟོང་དུ་དུས་རྒྱུན་དུ་ཐོས་རྒྱུ་ཡོད་པ་ནི་རླུང་གི་འུར་སྒྲ་ཡིན། སྐོར་ཞིབ་ལ་ཐེངས་གཅིག་ཡོང་ཚེ་ཉིན་བཅུ་ལྷག་འགོར་ལ། ལེ་བར་བརྒྱ་ཕྲག་འགའི་ས་སྟོང་དུ་རླངས་འཁོར་ཟུག་པ་དང་འགྱིག་འཁོར་ཐེད་པ། ལམ་ནོར་བ་སོགས་ཅི་ལའང་འཕྲད་སྲིད།
《བླ་ཤིང》ཁྲོད་དུ་མི་སེམས་སུ་སྡོང་བོ་ཞིག་འཛུགས་དགོས་ཞེས་ཟེར་ལ། སྐོར་ཞིབ་རུ་མི་འདི་དག་ནི་ཚེ་བླ་སྲོག་གངས་འཁྱགས་ཁྲོད་དུ་གཟུགས་མཁན་གྱི་མི་དག་ཡིན་ཏེ། ཁོང་ཅག་གིས་ཉིན་ཐོག་ཉིན་བརྩེགས་ཀྱིས་ས་གཞི་འདིའི་ཐོག་ཏུ་སོང་ནས་གཙོད་ཀྱིས་ཕྲུ་གུ་བཙའ་བ་དང་གནས་སྤོ་བ། ཆུ་བོའི་ཆབ་རོམ་ཞུ་ཞིང་ཆབ་རོམ་ཆགས་པར་ལྟ་བཞིན་ཡོད། མེ་མདའི་སྒྲ་ནི་མེད་པར་གྱུར་ཡོད་ཀྱང་སོ་སྲུང་བྱེད་པར་མཚམས་ཆད་མྱོང་མེད།
རི་ཆུས་དཔང་བྱེད་ཆོག་སྟེ། ཁོང་ཅག་ལ་མཚོན་ན་གཙོད་རེ་རེའི་རྒྱུག་འདུར་ནི་ཆེས་ལེགས་པའི་མཚམས་འདྲི་དེ་ཡིན་ནོ། །