དགའ་བདེ་རྫོང་གིས་ཆུ་བེད་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བདེ་འཇགས་བྱ་བར་རྒྱུན་མཐུད་ངང་ཤུགས་བསྣན་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཟི་ལིང་ནས་ཁྲེང་ཏུའུ་ལྕགས་ལམ་གྱི་གཅན་ཚའི་ལམ་མཚམས་ཀྱི་རྨ་ཆུའི་ཟམ་ཆེན་རྡིབ་པའི་ལས་འཛོལ་བསླབ་བྱ་བསྡུ་ལེན་བྱས་ཏེ། ཆུ་བེད་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བདེ་འཇགས་བྱ་བར་ཤུགས་སྣོན་ཏན་ཏིག་བྱེད་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས(གྲོང་གསེབ་དར་སྤེལ་ཅུས)ཀྱིས་ཡུལ་དངོས་ལ་བརྟག་ཞིབ་དང་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཆུ་བེད་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བདེ་འཇགས་སྐོར་ཞིབ་བྱ་བར་ཤུགས་བསྣན།

ཉེ་ཆར། གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེ། ཚ་གདུག་ཆེ་བ་དང་དྲག་ཆར་དང་སེར་བ་འབབ་པ། རླུང་ཆེན་པོ་གཡུགས་པ་སོགས་གནོད་འཚེ་ཆེ་བའི་གནམ་གཤིས་ཀྱི་དབང་གིས་ཆུ་བེད་ཐད་ཀྱི་ཉེན་ཁ་མང་པོ་དང་འཕྲད་ཡོད། དེ་དང་ཆབས་ཅིག་ཆུ་བེད་བཟོ་འགོད་ནི་ལོ་འཁོར་མོའི་ལས་འགན་ལེགས་འགྲུབ་བྱེད་བཞིན་པའི་འགག་རྩའི་དུས་སུ་གནས་ཡོད་པས། བདེ་འཇགས་དང་ཐོན་སྐྱེད་ཀྱི་དུས་བབ་ཅུང་ཛ་དྲག་རེད། ཐེངས་འདིའི་སྐོར་ཞིབ་ཀྱི་དམིགས་ཡུལ་ནི་ཕྱོགས་ཡོངས་ནས་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ཞིབ་བཤེར་བྱས་ཏེ། གནམ་གཤིས་མི་ལེགས་པ་ཡིས་བདེ་འཇགས་དང་ཐོན་སྐྱེད་ལ་བཟོས་པའི་ཤུགས་རྐྱེན་ངན་པ་ནུས་ལྡན་ངང་སེལ་བར་བྱེད་པ་དང་། བདེ་འཇགས་དང་ཐོན་སྐྱེད་ཀྱི་ལས་འཛོལ་མཐའ་གཅིག་ཏུ་འགོག་ཟོན་བྱ་རྒྱུ་དེ་རེད། 

ཐེངས་འདིའི་ཞིབ་བཤེར་ཀྱི་ནང་དོན་གཙོ་བོ་ནི། གཅིག་ནས་ཨར་ལས་སྡེ་ཁག་གིས་སྒྲིག་འགལ་སྒོས་ལས་སྒྲུབ་དུས་ཡུན་ཇེ་མགྱོགས་སུ་གཏོང་ཆེད། གནམ་གཤིས་མི་ལེགས་པའི་གནས་ཚུལ་འོག་སྒྲིག་འགལ་གྱིས་ཨར་ལས་བྱེད་ཀྱིན་ཡོད་མེད་དང་། ཨར་ལས་ཇུས་གཞི་ཚན་རིག་དང་མཐུན་མིན་དང་ལུགས་མཐུན་ཡིན་མིན་དང་ཚད་གཞི་ལྟར་ཨར་ལས་བཀོལ་སྤྱོད་ནན་ཏན་བྱེད་ཀྱིན་ཡོད་མེད་བཅས་རེད། གཉིས་ནས་ཨར་ལས་བྱ་ཡུལ་གྱི་རི་ལྡེབས་འགོག་སྲུང་དང་གཏིང་ཟབ་པའི་རྨང་དོང་གི་ཆུ་འབུད་སྒྲིག་ཆས་འཐུས་ཚང་ཡིན་མིན་དང་། འཁོར་སྐྱོད་རྒྱུན་ལྡན་ཡིན་མིན་དང་། ཨར་ལས་ཀྱི་གློག་སྤྱོད་སྒྲིག་ཆས་བདེ་འཇགས་ཚད་གཞི་དང་མཐུན་མིན། གློག་གི་ཐེག་ཚད་ལས་བརྒལ་བ་སོགས་མངོན་མེད་རྐྱེན་ངན་ཡོད་མེད། ཨར་ལས་འཕྲུལ་ཆས་དུས་བཀག་ལྟར་སྲུང་སྐྱོང་དང་བདག་སྐྱོང་བྱེད་ཀྱིན་ཡོད་མེད། ལས་བཟོ་བར་ལག་ཁྱེར་ཡོད་མེད་བཅས་ལ་ཞིབ་བཤེར་བྱས་པ་རེད། གསུམ་ནས་འཕྲལ་སྡོམ་སྔོན་ཇུས་གཏན་འབེབས་བྱས་ཡོད་མེད་དང་དེ་འབྲེལ་གྱི་སྦྱོང་བརྡར་བྱས་ཡོད་མེད་ལ་བརྟག་པ། བཞི་ནས་ཨར་ལས་བྱ་ཡུལ་དང་། གཞུང་དོན་བསྒྲུབ་ས་དང་འཚོ་བ་རོལ་ས། མཛོད་ཁང་སོགས་ས་ཁོངས་ཀྱི་མེ་གསོད་ཡོ་བྱད(མེ་གསོད་སྒྲིག་ཆས་དང་མེ་གསོད་སྒམ་སོགས)ཚད་གཞི་ལྟར་སྒྲིག་སྦྱོར་བྱས་ཡོད་མེད་དང་རྒྱུན་ལྡན་བེད་སྤྱོད་ཐུབ་མིན། མེ་གསོད་བགྲོད་ལམ་དུ་བགྲོད་ཐུབ་མིན་སོགས་ལ་ཞིབ་བཤེར་བྱས་པ་རེད།

དགའ་བདེ་རྫོང་གིས་རྫོང་ཁོངས་ཡོངས་ཀྱི་ཆུ་བེད་བཟོ་འགོད་ཀྱི་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བདེ་འཇགས་ལ་སྐོར་ཞིབ་བྱེད་པའི་ལས་དོན་རྒྱུན་མཇུད་ངང་སྤེལ་ནས། བདེ་འཇགས་འགོག་སྲུང་དྲ་བ་སྔར་བས་དམ་ཟབ་བཏང་བ་དང་། ཆུ་བེད་བཟོ་འགོད་འཛུགས་སྐྲུན་བདེ་འཇགས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བར་འགན་ལེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཆུ་བེད་ལས་དོན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་བཏང་ཡོད། །  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།