ཟླ6པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་ཟི་ལིང་དུ། བོད་རིགས་གཞོན་ནུ་མ་པདྨ་མཚོ་ཀློག་ཀླད་འཆར་ངོས་ལ་ཅེར་ནས། མི་མེད་གནམ་གྲུས་བརྙན་བླངས་པའི་མཚོ་སྔོན་པོའི་བརྙན་རིས་འདེམ་བཞིན་མཆིས། མོའི་ལས་དོན་ལ་ནན་ཏན་དང་ཞིབ་ཚགས་ལྡན་ལ། མོས་མཆན་བཏབ་པའི་གཞི་གྲངས་ནི་མི་ཐབས་རིག་ནུས་ཀྱི་རྩིས་ནུས་དང་དཔེ་རྣམ་ལུགས་རྩིས་ཀྱི་གནད་འགག་ཆ་འཕྲིན་དུ་འགྱུར་འགྲོ།
གངས་ལྗོངས་མཐོ་སྒང་གི་ས་གཞི་ཆེན་པོ་འདིའི་ཐོག སྔོན་གྱི་བོད་རིགས་མང་ཚོགས་ས་གདན་འཐག་པར་དགའ་བ་དང་མི་འདྲ་བར། དེ་རིང་། 94%ནུས་ཁུངས་གཙང་མས་སྒུལ་སློང་བྱས་པའི་གཞི་གྲངས་མཆན་འགོད་ཐོན་ལས་གླིང་དུ། མཐོ་སྒང་གི“གྲངས་འཛིན་འཚེམ་དྲུབ་མ”སྟོང་ལ་ཉེ་བས་ཙིག་རྟགས་སྤྱད་ནས་བློ་ཞིབ་མོས་མཚོ་སྔོན་གྱི་རྩིས་ནུས་གློག་ཤུགས་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལྗོངས་གསར་པ“མཆན་འགོད”བྱེད་བཞིན་འདུག
2021ལོའི་ཟླ3པའི་ཚེས7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ནན་གྱིས་གསུང་དོན། “ས་ཁུལ་སོ་སོས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ཡུལ་བསྟུན་ཇུས་བསྟར་དང་ལེགས་འདོན་ཞན་གསབ་སྒོས། རང་ས་ཁུལ་གྱི་དངོས་ཡོད་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས”།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཐེངས་གསུམ་ཕེབས་པ་དང་། “མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱེད་པ་ནི། ‘རྒྱལ་དོན་གྱི་ཆེ་ཕྱོགས་ཡིན’ལ། མཚོ་སྔོན་འདི་ཉིད་རྒྱལ་ཁབ་ཀྱི་རྣམ་པ་གསར་པའི་ནུས་ཁུངས་ཐོན་ལས་རྟེན་གཞི་གལ་ཆེན་དུ་འགྱུར་བྱེད་ཀྱང་ཡིན་པའི”མཛུབ་སྟོན་གལ་ཆེན་གནང་བ་དང་། མཚོ་སྔོན་གྱིས“རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་སྐྲུན་པའི”བླང་བྱ་གལ་ཆེན་བཏོན།
དེ་རིང་། ཚན་རྩལ་འཕེལ་རྒྱས་བྱ་འཕུར་བ་ལྟར་གོང་དུ་འཕེལ་བ་དང་། རྩིས་ནུས་གསར་བརྗེ་ཐེངས་ཤིག་མཚོ་སྔོན་ས་གཞི་ཆེན་པོའི་ཐོག་ག་ས་གང་དུ་དར་རྒྱས་འབྱུང་བཞིན་ཡོད་དེ། “ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ནུས”གཉིས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་རྣམ་འཛུགས་པ་དང་། “ལྗང་མདོག་གློག་ཤུགས”དེ་རྩིས་ནུ་ཕྱོད་མཐོའི་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བཀོལ་ནས་ནུབ་རྒྱུད་ལ་རྐང་འཛུགས་པ་དང་རྒྱལ་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ལྗང་མདོག་རྩིས་ནུས་ཐོན་ལས་རྟེན་གཞི་སྐྲུན་བཞིན་ཡོད།
ལོ་ངོ10ཡི་འབད་འཐབ་མདུན་སྐྱོད་བརྒྱུད། མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་སྤྱིའི་དགོངས་གཞི་ལ་དམིགས་གཏན་པ་དང་། གློག་ཤུགས་སྤྱིའི་འཕྲུལ་འཁོར་སྒྲིག་སྦྱོར་སྟོང་ཝ་ཁྲི7100མངོན་འགྱུར་བྱས་པ། ནུས་ཁུངས་གཙང་མ་དང་ནུས་ཁུངས་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་སོ་སོར94%དང71%ལ་སླེབས་ཤིང་། རྒྱལ་ཡོངས་ཀྱི་སྔོན་ལ་ནུས་ཁུངས་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་དང་གློག་འདོན་ཚད་བསྡུར་ཚད“གཙོ་གཞི་ཟུང”མངོན་འགྱུར་བྱས་ཏེ། “ཆུ་གློག་དང་འོད་ནུས། ནུས་གསོག”བཅས་ཀྱི་ནུས་ཁུངས་དཔུང་སྡེ་ཆགས། མཚོ་སྔོན་ནི་རྒྱལ་ཁབ“ཐཱན་ཟུང”འཐབ་ཇུས་ཀྱི“གློག་གསོག་ཆས”རྩེར་སོན་དུ་གྱུར་ཡོད།
སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་ཁ་གཏད་པར། མཚོ་སྔོན་གྱིས་ནུས་ཁུངས་གཙང་མ་གཙོ་སྐུད་དུ་བཟུང་བ་དང་། རྩིས་ནུས་ཞེས་པའི་གྲངས་འཛིན་དཔལ་འབྱོར་གྱི“ཟུངས་ཁྲག”དང་ཚན་རྩལ་བདག་དབང་གི“རྒྱབ་རྟེན།” ཐོན་ལས་རིམ་སྤོར་གྱི“འཇའ་ཤིང་།” ལྗང་མདོག་ཚུལ་སྒྱུར་གྱི“འདེགས་ཚེག”འདི་དམ་པོར་བཟུང་བ། རྒྱལ་ཁབ་ཀྱི“ཐཱན་ཟུང”འཐབ་ཇུས་དང“ཤར་གྲངས་ནུབ་རྩིས”བཟོ་སྐྲུན་སྒུལ་ཕོད་པའི་འཕེལ་རྒྱས་ཆེན་མོའི་གོ་སྐབས་གསར་པ་བསྐྲུན་ཏེ། རང་ས་ཁུལ་གྱི་དངོས་ཡོད་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཞིག་ཏུ་བསྐྱོད།
འདི་ཐམས་ཅད་ཀྱིས་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་བཞུད་ལམ་སྒྱུར་བཞིན་ཡོད་ལ། མཚོ་སྔོན་པའི་ལས་དབང་གི་བཞུད་ལམ་ཡང་སྒྱུར་བཞིན་ཡོད།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་པདྨ་མཚོ་ནི་མཚོ་སྔོན་སྔོ་རྩིས་ཚན་རྩལ་ཚད་ཡོད་ཀུང་ཟི་རུ་ལས་ཞུགས་བྱས་ཤིང་། མོའི་ལས་ཀ་ནི་མཚོ་སྔོན་གྱི་རི་ཆུ་སོ་སོར་མཆན་འགོད་རྒྱུ་དེ་ཡིན། “ངས་ཆུང་དུས་ནས་ཁྱིམ་མི་དང་འགྲོགས་ནས་རྩྭ་རའི་ནང་སྒོ་ཕྱུགས་འཚོས་པ་ཡིན། མཐོ་སྒང་གི་ཆེ་ཞིང་ཡངས་པའི་རྩྭ་ཐང་དུ་གང་འདོད་དུ་རྒྱུག་ཀྱང་། ད་ལྟAIལ་རི་བོ་དང་མཚེའུ། འབྲི་གཡག གཟིག་སོགས་ངོས་འཛིན་ཇི་ལྟར་བྱེད་པ་ཁྲིད་བཞིན་ཡོད་ཅིང་། རྩིས་ནུས་བརྒྱུད་ནས་འཛམ་གླིང་གི་ས་ཆ་སོ་སོའི་མི་རྣམས་ལ་མཚོ་སྔོན་ཤེས་སུ་འཇུག་དགོས”ཞེས་སློབ་ཆེན་མཐར་ཕྱིན་མ་ཐག་པའི་གཞོན་ནུ་མ་དེས་དགོད་བཞིན་དེ་ལྟར་བཤད།
ད་ལོར་ལས་ཀར་ཞུགས་མ་ཐག་པའི་བོད་རིགས་སྟག་ཤར་གཟུང་ཐར་འབུམ་ནི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་མི་ཡིན་པ་དང་། ཁོའི་མིག་ནང་གི་བཏུལ་ཐང་དུ་འཕོ་འགྱུར་ཆེན་མོ་ཞིག་འབྱུང་བཞིན་ཡོད་དེ། མྱ་ངན་ཐང་དེ་སྔོ་མདོག་གི་མཚོ་མོ་རུ་འགྱུར་བཞིན་ཡོད་པ་དང་འོད་ནུས་དེ་གློག་ནུས་སུ་འགྱུར་བཞིན་ཡོད། “སྔོན་ཆེད་བཏུལ་ཐང་ལ་རྩེད་དུ་འགྲོ་ཐེངས་རེར། མིག་མདུན་གྱི་གཡོར་གྲུ་སྟོང་ཕྲག་འགྲན་སྐྱོད་བྱས་པ་ལྟ་བའི་འོད་ནུས་གསོག་པང་ལ་བལྟས་ཚེ། ནུས་ཁུངས་གཙང་མའི་བྱ་གཞག་ལ་ངེས་པར་དུ་ཞུགས་ནས། ཕ་ཡུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་བྱས་རྗེས་འཇོག་པའི་ཆོད་སེམས་ཤིག་རང་དབང་མེད་པར་ལྐོག་ནས་སྙིང་ལ་བཀོད། མ་བསམ་ས་ནས་ཕུགས་འདུན་མངོན་འགྱུར་བྱུང་བ་དང་། དེ་རིང་ང་རང་ལས་ལ་ཞུགས་པའི་གཞི་གྲངས་མཆན་འགོད་ཐོན་ལས་ནི། བཏུལ་ཐང་ནས་ཐོན་པའི་ནུས་ཁུངས་གཙང་མས་སྒུལ་སྐྱེད་བྱས་པ་རེད”ཅེས་གཟུང་ཐར་འབུམ་གྱིས་སེམས་པའི་བརྩེ་དུང་སྐྱོམ་བཞིན་དེ་ལྟར་བཤད།
2024ལོའི་ཟླ11པའི་ཚེས18ཉིན། འབྲེལ་ཡོད་སྲིད་ཇུས་དང་ཐོན་ལས་མ་དངུལ་གྱི་སྔོན་འགྲོའི་འགན་སྲུང་ཡོད་པའི་རྨང་གཞིའི་སྟེང་། མཚོ་སྔོན་སྔོ་རྩིས་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭས་ཆོག་མཆན་ཐོབ་པའི་འོག་སློབ་མ་བསྡུས་ཤིང་། “མི་ཐབས་རིག་ནུས་སྦྱོང་བརྡར་པའི”ཆེད་ལས་བཙུགས་པ་ནས་བཟུང་། དེ་ཉིད“མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་སྐྱེད་སློབ་ཁྲིད་མཉམ་འདྲེས་འཇོན་མི་གསོ་སྐྱོང་གཅིག་མཐུན་ཚོགས་པ་ཐོག་མའི”མནའ་འབྲེལ་ལས་ཁུངས་སུ་གྱུར།
ཡུལ་གྲོགས་འབོད་པ་དང་རང་ཡུལ་ལ་ལོག་པ། ཕ་ཡུལ་འཛུགས་སྐྲུན་བྱེད་པ་བཅས། རྩིས་ནུས་གློག་ཤུགས་མཐུན་སྦྱོར་གྱིས་མཚོ་སྔོན་གྱི་ལོ་གཞོན་རྣམས་འཛམ་གླིང་གི་ཆེས་མདུན་གྲས་ཀྱི་ཚན་རྩལ་ལ་ཞུགས་སུ་བཅུག་ལ། རྩིས་ནུས་གློག་ཤུགས་མཐུན་སྦྱོར་གྱིས་ས་གཞིའི་ཁོང་གསེང་དུ་ཡོད་པའི་མཐོ་སྒང་གི་ཞིང་ཆེན་འདི་དང་འཛམ་གླིང་གི་རྩིས་ནུས་འབྲེལ་མཐུད་བྱེད་དུ་བཅུག རྩིས་ནུས་གློག་ཤུགས་མཐུན་སྦྱོར་གྱིས་མཐོ་སྒང་གི་ནུས་ཁུངས་གཙང་མས་མེས་རྒྱལ་ཀྱི་གྲངས་འཛིན་འཕེལ་རྒྱས་ལ་རོགས་ཤུགས་འདོན་དུ་བཅུག
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་ཐོན་ལས་ལ་དོ་སྣང་མཛད་ཡོད། 2016ལོར་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། ཆེད་དུ་རྒྱལ་ཁབ་གློག་གཏོང་རྨ་ཆུ་ཀུང་ཟིའི་ཟི་ལིང་ཡན་ལག་ཀུང་ཟིར་ཕེབས་པ་དང་། ངོ་སྤྲོད་ལ་གསན་ནས། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཐད་མཛུབ་སྟོན་གལ་ཆེན་གནང་།
ན་ནིང་ཡང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2024ལོའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་ཝུའུ་ཀྲིན་རྩེ་ཚོགས་མགོ་རྩོམ་བརྙན་ལམ་ཤིས་ཚིག་ལས་བསྟན་དོན། ང་ཚོས་གྲངས་འཛིན་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་གྱི་འཕེལ་རྒྱས་འཕེལ་ཕྱོགས་ཆེན་མོ་ཁོང་དུ་ཆུད་པ་དང་། གསར་གཏོད་ནི་སྒུལ་ནུས་དང་པོར་བརྩི་བ་དང་བདེ་འཇགས་ནི་མཐའ་ཐིག་བླང་བྱར་བརྩི་བ། ཀུན་ཕན་ནི་རིན་ཐང་འཚོལ་སྙེག་ཏུ་བརྩི་བ། དྲ་རྒྱའི་བར་སྟོང་གི་གསར་གཏོད་འཕེལ་རྒྱས་དང་བདེ་འཇགས་འཕེལ་རྒྱས། ཀུན་ཕན་འཕེལ་རྒྱས་ལ་མྱུར་ཏུ་སྐུལ་འདེད་བཏང་སྟེ། སྔར་ལས་མཛེས་སྡུག་ལྡན་པའི“གྲངས་འཛིན་མ་འོངས་པར”ལག་གདང་སྦྲེལ་ནས་བསྐྱོད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་དང་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ཐད་ཀྱི་བཀའ་མངགས་ཟབ་མོ་དེ། དེ་རིང་ད་དུང་ང་ཚོའི་རྣ་རྩར་ལྷང་ལྷང་དུ་གྲག་བཞིན་འདུག
ནུས་ཁུངས་གཙང་མས་ཟུངས་བཅུད་བསྩལ་པའི་འོག དེང་རབས་ཀྱི་ལྗང་མདོག་བཟོ་གྲྭ་རེ་རེ་དེར་བསྟུན་གྱིས་བྱུང་ཞིང་། མཐོ་སྒང་གི་རྩིས་ནུས་འཕེལ་རྒྱས་ཀྱང་ཡར་རྒྱས་འགྲོ་བཞིན་པའི་སྒང་ཡིན། མཚོ་སྔོན་སྔོ་རྩིས་ཚན་རྩལ་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ལི་ཀྲང་གིས། “མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་ཀྱི་བསྡུར་ཚད94%བརྒལ་བའི་དགེ་མཚན་ལ་བརྟེན་ནས། རྩིས་ནུས་གློག་ཤུགས་མཐུན་སྦྱོར་ཐོན་ལས་འཕེལ་རྒྱས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་བཏོན་ཞིང་། ཁེ་ལས་སྐོར་མང་པོ་ཞིག་མཚོ་སྔོན་དུ་བཅའ་སྡོད་བྱེད་པར་བཀུག་པས། མིག་སྔར་གླིང་ཁུལ་གྱི་ཉིན་རེར་ཆ་སྙོམ་གྱིས་མཆན་འགོད་གཞི་གྲངས་ཐག་གཅོད་བྱས་ཚད50TBལས་བརྒལ་ཡོད”ཅེས་ངོ་སྤྲོད་བྱས།
ལུག་རྫི་བུ་མོ་ཞིགAIམཆན་འགོད་པ་ཞིག་ཏུ་གྱུར་པ་དང་། ནུས་ཁུངས་ཐོན་ལས་ཀྱི“འོད་སྙེག་པ”ཞིགAIསྦྱོར་བརྡར་པ་ཞིག་ཏུ་གྱུར། མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་འཕོ་འགྱུར་དང་ལས་ཞུགས་གནས་བབ་ཀྱི་མཆོང་བརྒལ་ནི་བལྟས་ཚོད་ཀྱིས་མིའི་བསམ་ཡུལ་ལས་བརྒལ་ཡང་། དོན་གྱིས་བསམ་བཞིན་བཀོད་སྒྲིག་བྱས་པས་ལེགས་འགྲུབ་ཕུན་སུམ་ཚོགས་པ་བྱུང་།
མཚོ་སྔོན་ཞིང་ཆེན་གཞི་གྲངས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པས་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ཚུལ་སྒྱུར་རྩིས་ཐོ་བརྩིས་པ་ནི། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་དགེ་མཚན་ལ་བརྟེན་པ་ཡིན། རྒྱལ་ཡོངས་ཀྱི་སྔོན་ལ《ལྗང་མདོག་རྩིས་ནུས་ཀྱི་རྨང་གཞི་སྒྲིག་ཆས་ཚད་རིམ་དཔྱད་འཇོག་གཏན་འབེབས་ཚད་ལྡན》སོགས་ལྗང་མདོག་རྩིས་ནུས་ཀྱི་ས་གནས་ཀྱི་ཚད་གཞི5བསྒྲགས་པ་དང་། རྒྱལ་ཡོངས་ཀྱི100%ཡིས་ནུས་ཁུངས་གཙང་མའི་ཁུངས་འཚོལ་རུང་བའི་ལྗང་མདོག་གཞི་གྲངས་ཆེན་མོའི་ལྟེ་བ་ཐོག་མ་བཙུགས་པ། རྒྱལ་ཡོངས་ཀྱི་མཉམ་སྤྱོད་ནུས་གསོག་ཁྲོམ་ར་ཅན་གྱི་ཉོ་ཚོང་ལས་སྟེགས་དང་པོ་བཙུགས། ཚོད་རྩིས་ལས་མངོན་པ་ལྟར་ན། མཚོ་སྔོན་གྱིས་རྩིས་ནུས་ལྟེ་བ་བཀོད་སྒྲིག་བྱས་ནས་བཙུགས་པ་དང་། PUEདེ1.2འོག་ཏུ། རྒྱལ་ནང་གི་ས་ཁུལ་གཞན་དག་ལ་བསྡུར་ན་དངུལ་གཏོང་མ་གནས20%ཇེ་དམར་བཏང་བ་དང་། གཉེར་སྐྱོང་མ་གནས30%ཇེ་དམར་བཏང་བ། དངུལ་གཏོང་ཕྱིར་ལན་འཁོར་ཡུན་ལོ2ཇེ་ཐུང་དུ་བཏང་ཡོད།
སྣེ་གཅིག་ནི་མཚོ་སྔོན་གྱི་གྲངས་འཛིན་རྩིས་ནུས་དངAIརིག་སྟོབས་ཀྱི་འགྲོས་མགྱོགས་པའི་ལུགས་རྩིས་ཡིན། སྣེ་གཅིག་ནི་ཟི་ལིང་དང་ལེ་བར་བརྒྱ་ཡིས་བར་ཆོད་པའི་རླུང་གློག་འཕྲུལ་ཆས་དང་འོད་ནུས་གསོག་པང་། ཆུ་གློག་འཁོར་ཆས་བཅས་ཀྱི་འགྲོས་མགྱོགས་པའི་འཁོར་སྐྱོད་ཡིན། དེ་གཉིས་ཀྱིས་རྒྱང་རིང་ནས་བརྡ་ལན་སྤྲོད་ཅིང་མདུན་དུ་མཉམ་སྐྱོད་བྱེད།
གཞི་གྲངས་མཆན་འགོད་ཐོན་ལས་མཚོ་སྔོན་ལ་མྱུར་ཏུ་འདུས་ཏེ། ཕྲེང་འབྲེལ་རྣམ་པའི་མུ་འབྲེལ་འགྱུར་འབྱུང་སྐྱེད་བཞིན་ཡོད། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་ཧྲི་ཀྲང་གཞོན་པ་ནན་ཧའེ་ཡན་གྱིས་གསར་འགོད་པར་བཤད་རྒྱུར། མིག་སྔར། ཟི་ལིང་གྲོང་ཁྱེར་གྱིས་རྩིས་ནུས་མཆན་འགོད་ཐོན་ལས་ཕྲེང་འབྲེལ་གྱི་གནད་འགག་ལྷུ་ཚིགས་ལ་འགྲོས་མྱུར་མོས་ཚོང་འགུག་བྱེད་པར་དམིགས་བཞིན་ཡོད་པ་དང་། “མཆན་འགོད་དང་སྦྱོར་བརྡར། བེད་སྤྱོད”བཅས་ཀྱི་གདུབ་ཟུམ་དུས་ལྟར་ཆགས་པར་འབད་བཞིན་ཡོད་ཟེར།
མཚོ་སྔོན་དུ། སྔར་ལས་བང་རིམ་གཏིང་ཟབ་པའི་འཕོ་འགྱུར་ཞིག་འབྱུང་བཞིན་ཡོད་པ་ནི། ནུས་ཁུངས་ཁྱབ་ཁོངས་སུ་སྙིགས་བསིང་གྲ་སྒྲིག་དང་སྟོབས་གསོག་མདུན་སྐྱོད་ལ་སྒུག་བཞིན་ཡོད་པ་དེ་ཡིན།
ཟླ6པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་སུ། རྩིས་ནུས་བརྒྱུད་ནས། ཟི་ལིང་གྲོང་ཁྱེར(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་ཁུལ་དུ་བཅའ་སྡོད་བྱས་པའི་ཁེ་ལས་ཀྱི་གློག་སྤྱོད་གནས་ཚུལ་ལ་བརྟག་འཇལ་བྱས་པ་མ་ཟད། ས་ཚིགས་གཅིག་རྣམ་པའི་ནུས་ཁུངས་བེད་སྤྱོད་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱས་ཏེ། ཁེ་ལས་ཀྱི་ཐཱན་དམའ་འཁོར་སྐྱོད་ལ་རོགས་རམ་བྱས།
རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་ལ་དབང་བའི་མཚོ་སྔོན་ལྗང་མདོག་ནུས་ཁུངས་གཞི་གྲངས་ཚད་ཡོད་ཀུང་ཟིའི“ཐཱན་ཟུང”ལས་སྒོ་དོ་དམ་ཆེད་དོན་འགན་འཁུར་པ་ཉིའུ་ཞུའེ་པའོ་ཡིས་བཤད་རྒྱུར། “རིགས་མི་འདྲ་བའི་ཁེ་ལས་ཀྱི་ཁྱད་ཆོས་ལ་ཁ་གཏད་ནས། ང་ཚོས་རྩིས་ནུས་ཀྱི་ཤུགས་གཡར་ཏེ། ནུས་ཟད་སྒྲིག་ཆས་ཕན་ཕྱོད་དང་ནུས་ཁུངས་གཙང་མའི་སེལ་ལེན་ཚད་སོགས་དམིགས་ཚད་དཔྱད་འཇོག་དཔེ་རྣམ36བཙུགས་ཤིང་། ཞིང་ཆེན་ཡོངས་ཀྱི་རྩ་ཚད་མང་པོའི་ནུས་ཟད་ཀྱི་གནད་འཁེལ་པར་རིས་མངོན་འགྱུར་བྱས་ཡོད”ཟེར།
དེ་རིང་། མཚོ་སྔོན་གྱིས་གཟུགས་མེད“རྩིས་ནུས་ཀྱི་དར་གོས་ཚོང་ལམ”ཞིག་ལ་བརྟེན་ནས། མཐོ་སྒང་གི་དཔལ་འབྱོར་ཕྱོགས་རྣམ་ཀུན་ནས་བསྐྱར་སྐྲུན་བྱེད་བཞིན་ཡོད་པ་དང་། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་བཞིན་པ་ནི། རྩིས་ནུས་ཕྲེང་འབྲེལ་དུ་བྱས་ཏེ་རྩིས་ནུས་ཐོན་ལས་ཀྱི་དཔུང་ཁག་ལ་སྦྲེལ་ཡོད་པ་དེ་རེད།
དོན་དངོས་སུ། མཚོ་སྔོན་གྱི་ལྗང་མདོག་སད་རྟོགས་དང་མ་འོངས་པའི་དཔལ་འབྱོར་གྱི་རྟོག་བཟོ་དངོས་ཡོད་དུ་འགྱུར་བཞིན་ཡོད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”སྐབས་སུ། མཚོ་སྔོན་གྱིས་རྩིས་ནུས་གློག་ཤུགས་མཐུན་སྦྱོར་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་དུ་འཆར་གཞི་འགོད་རྒྱུ་ཡིན་པ་དང་། མ་འོངས་པར། ས་སྐྱེས་རྡོ་སྐྱེས་ཀྱི་མཚོ་སྔོན་པ་སྔར་ལས་མང་པོ་ཞིག་ལྗང་མདོག་རྩིས་ནུས་ཁེ་ལས་སུ་ལས་ཀར་ཞུགས་ཐུབ་ཅིང་། “མཚོ་སྔོན་པ་ཕྱི་ལ་གསེར་སྔོག་ཏུ་འགྲོ་བའི”སྲོལ་རྒྱུན་གྱི་དོན་བརྗོད་རྣམ་པ་རྩ་བའི་ཆ་ནས་མགོ་མཇུག་བསློག་ཐུབ།
དགོང་ཁའི་ཡོལ་བ་རིམ་གྱིས་སླེབས་བྱུང་། སྔོ་རྩིས་མཆན་འགོད་བཟོ་གྲྭའི་ནང་གི་གློག་འོད་དང་སྐར་འོད་གཉིས་མཉམ་དུ་འཚེར་བྱུང་། པདྨ་མཚོས་ཉིན་དེའི་མཇུག་མཐའི་མཆན་འགོད་ལས་ཀ་ཡོངས་སུ་བསྒྲུབས་ཚར། སྒེའུ་ཁུང་ཕྱི་རོལ་ཏུ། ཙོང་ཆུའི་བཞུར་རྒྱུན་ལ་ཆད་པ་མེད། ཇ་རྟའི་གནའ་ལམ་ཐོག་གི་རྒྱུན་ཆད་མེད་པའི་ཆུ་བོ་ཆེན་པོ་འདིར། ད་སྐབས་གྲངས་འཛིན་དུས་རབས་ཀྱི་ལྗང་མདོག་སྐར་འོད་ལྡོག་བརྙན་དུ་ཤར་ཡོད།
མཚོ་སྔོན་ལ་དེ་སྔོན“རྒྱང་རིང་གི་ཡུལ་གྲུ”ཞེས་པའི་མཚན་ཉིད་བཞག་མྱོང་ཡོད་ཀྱང་། ད་སྐབས་རྩིས་ནུས་གློག་ཤུགས་མཐུན་སྦྱོར་ལྟེ་བར་བྱས་ཏེ། “ལྗང་མདོག་རྩིས་ནུས་ཀྲུང་གོའི”གནས་མཆོག་ལ་གཏན་འཁེལ་བྱེད་བཞིན་ཡོད་དོ། །