ཟླ6ཚེས11ཉིན། ཟི་ལིང་ནས་སྤེལ་བའི་འཕྲིན། གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་བསྡུས་པའི《2024ལོའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྐོར་གྱི་སྤྱི་བསྒྲགས》སྤེལ་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2024ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུ35ཡི་བཅད་ངོས་ཆུ་སྤུས་ལ་རྒྱལ་ཁབ་ཀྱི་དཔྱད་ཞིབ་ཚད་ལེན་བྱས་པ་ན་ཆུ་སྤུས་ཀྱི་ཚད་དེ་རིགསⅢཔའམ་དེ་ཡན་ལས་ལྷག་པའི་བསྡུར་ཚད100% ལ་བསླེབས། མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་གྱི་འགོ་ཁུངས་ཡིན་ཞིང་། ཆུ་སྤུས་ལ་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པ་ལྟར་ན། ཆུ་བོ་གསུམ་པོ་དེའི་གཞུང་དུ་འབབ་པའི་ཆུ་སྤུས་རིགསⅡཔ་ནས་དེ་ཡན་ལ་བསླེབས། ད་སྔ་ཆུ་གསུམ་འགོ་ཁུངས་ཀྱི་ས་ཁུལ་གྱི་ཆུའི་ཐོན་ཁུངས་ཀྱི་སྤྱི་འབོར་དེ་སྨི་རྒྱ་དཔངས་གྲུ་བཞི་མ599.15ལ་བསླེབས་པ་རེད།
ན་ནིང་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཆུ་བོ་འབབ་ཁོངས་གཙོ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་འགོད་དང་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་། འབྲི་ཆུ་སྲུང་སྐྱོབ་སླར་གསོ་ཡི་འགག་སྒོ་སྒྲོལ་བའི་བྱེད་སྤྱོད་ཇུས་གཞི་ཡི་དུས་བར་མའི་དཔྱད་འཇོག་བཅས་ཀྱི་ལས་དོན་སྤེལ་ཏེ་དམིགས་འབེན་ལས་འགན་ཁག་ནུས་རྒུས་དོན་འཁྱོལ་བྱས། སྦུག་དྲ་ཆག་ཤོར་ཐེབས་ས་དང་། ཆུ་སྣ་འདྲེས་ས་བཅས་ལ་གྲལ་བཤེར་བྱས་ཏེ་ཆུ་སྣ་གཞན་གྱིས་གནོད་པ་བཟོ་བ་དང་བཙོག་ཆུ་འབབ་པའི་གནད་དོན་དག་སེལ་བར་བྱས། བཙོག་ཆུ་འབུད་བསྐྱར་ཐད“ཞིབ་བཤེར་ཚད་ལེན་དང་འགོ་ཁོངས་བཅོས་སྐྱོང”གི་ལས་ཀ་ཕྱོགས་ཡོངས་ནས་བསྒྲུབས་ཏེ། ཞིང་ཆེན་ཡོངས་ཀྱི་ཆུ་བོ་འབབ་རྒྱུད་ཀྱི་ཆུ་སྣ་དང་མཚོ་མོའི་བཙོག་ཆུ་འབུད་བསྐྱུར་བྱེད་སར་མགོ་ཁུངས་དང་དེའི་ལོ་འཁོར་གྱི་བཅོས་སྐྱོང་ལས་འགན་ལ་ཞིབ་བཤེར་བྱས།
གཞན་ད་དུང་མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་ཆུའི་ཁོར་ཡུག་གི་སྤུས་ཚད་ལ་དམ་པོར་དམིགས་ཏེ། རྒྱལ་ཁབ་དང་ཞིང་ཆེན་གྱི་ལྟ་ཞིབ་ཚོད་འཛིན་གྱི་འཕེལ་འགྱུར་གནས་སྟངས་ལ་ལྟ་རྟོག་གཟབ་ནན་བྱས་ནས་དགོས་ངེས་ཀྱིས་ཆུ་སྤུས་ཀྱི་ཉིན་རེའི་སྙན་ཞུ་ལམ་ལུགས་ལག་བསྟར་དང་། ས་གནས་ཀྱི་འགོ་ཁུངས་བཅོས་སྐྱོང་ལ་སྐུལ་འདེད་བྱས། རང་བྱུང་གི་སླར་གསོ་གཙོ་བྱས་ཤིང་། མིས་སླར་གསོ་ཕལ་བར་འཛིན་པའི་བཅོས་སྐྱོང་གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས། ཆུ་བོ་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་དང་འཆར་འགོད་ཀྱི་ལས་འགན་དམིགས་འབེན་དུ་བཟུང་སྟེ། བཏུང་ཆུའི་འགོ་ཁུངས་ལ་སྲུང་སྐྱོབ་དང་། འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སླར་གསོ། ས་འོག་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཆུ་འབོག་བཙོག་ཐེབས་པར་འགོག་བཅོས་དང་ལྟ་སྐུལ་དོ་དམ་གྱི་ནུས་པ་ཆེར་བསྐྱེར་ལ་སོགས་ལས་གཞི་ལག་བསྟར་བྱས་ནས་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་ལ་མུ་མཐུད་ནས་སྐུལ་འདེད་བཏང་།