མཚོ་སྔོན་མཚོ་ཤར་གྱི་ཞིང་པའི་དཔེ་ཁང་གིས་མང་ཚོགས་ཀྱི་ཤེས་རབ་འཕེལ་བའི“སྒྲོན་མེ་ཡི་ས་ཚུགས”བསྐྲུན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

གྲོང་ཚོ་ཚང་མར་དཔེ་ཁང་རེ་ཡོད་པ་དང་།དུད་ཚང་ཚང་མར་དཔེ་ཆར་བལྟ་བའི་གོམས་སྲོལ་ཞིག་ཆགས་ཡོད།

དཔྱིད་ཀྱི་ཉི་མ་དྲོ་ཞིང་།མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་ཤང་དང་གྲོང་ཚོ་ཁག་ཏུ་སྐྱོད་སྐབས་གྲོང་མིའི་ཁྱིམ་གྱི་འདྲུད་འཐེན་འཕྲུལ་འཁོར་ཆག་ནས་ཞིང་པའི་དཔེ་དེབ་ཁང་གི་ལག་རྩལ་རིགས་ཀྱི་དཔེ་དེབ་ནང་ཉམས་གསོ་བྱེད་ཐབས་རྙེད་ཀྱི་ཡོད།འདེབས་འཛུགས་དུད་ཚང་གིས་དཔྱིད་རྨོད་ཐོན་སྐྱེད་ལ་དམ་འཛིན་བྱེད་པ་དང་ཆབས་ཅིག་ཞིང་པའི་དཔེ་དེབ་ཁང་དུ“གློག་གསོག་པ”དང“ཉམས་མྱོང་ལེན་པ”བྱས་ནས་ཞིང་ལས་ཐོན་སྐྱེད་ཀྱི་འབྲེལ་ཡོད་ཤེས་བྱ་ཐོབ་པར་བྱས་པས་ཞིང་པའི་དཔེ་དེབ་ཁང་དེ་གྲོང་མིའི་དཔྱིད་རྨོད་ཐོན་སྐྱེད་ཀྱི་ལས་རོགས་ཡག་པོ་ཞིག་ཏུ་གྱུར་ཡོད།

མཚོ་ཤར་གྲོང་ཁྱེར་དུ་ཞིང་པའི་དཔེ་དེབ་ཁང་རེ་རེ་བཞིན་དུས་ཐོག་ཏུ་བྱུང་བ་དང་།རྣམ་པར་བཀྲ་བའི་བསམ་པའི་དཔལ་ཡོན་གྱི་མེ་ཏོག་སྣ་ཚོགས་དང་འདྲ་བར་དྲི་ཞིམ་འཐུལ་བས་མི་རྣམས་ཀྱི་སེམས་ཀྱི་མཆེར་པ་ཞིག་ཡོད།མིག་སྔར་མཚོ་ཤར་གྲོང་ཁྱེར་དུ་ཞིང་པའི་དཔེ་དེབ་ཁང་1587ཡོད་པས་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་ནས་ཞིང་པ་མང་ཚོགས་ཀྱི“དཔེ་དེབ་ཉོ་དཀའ་བ་དང་།དཔེ་དེབ་གཡར་དཀའ་བ།དཔེ་དེབ་ཀློག་དཀའ་བ”བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་མ་ཟད།ད་དུང་ཁོང་ཚོར་རིག་གནས་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

ཉེ་སྔོན། གསར་འགོད་པ་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཀའོ་ཏན་གྲོང་རྡལ་ཏ་ཞ་གྲོང་ཚོའི་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཞིང་པའི་དཔེ་དེབ་ཁང་དུ་བསྐྱོད།རྒྱང་ལྟ་བྱེད་སྐབས་ཤིང་རྒྱུའི་དཔེ་སྒྲོམ་མང་པོ་གོ་རིམ་ལྡན་པའི་ངང་བསྒྲིགས་ཡོད་པ་དང་།དཔེ་སྒྲོམ་རེ་རེའི་ཐོག་དཔེ་དེབ་སྣ་ཚོགས་བསྒྲིགས་ཡོད་པ་དང་།གནའ་བོའི་རྩོམ་རིག་ནས་དེང་རབས་ཀྱི་བརྩམས་སྒྲུང་བར་དང་།ཚན་རིག་འཚོལ་ཞིབ་ནས་ལོ་རྒྱུས་ཞིབ་འཇུག་བར།ཞིང་ལས་ཚན་རྩལ་ནས་བྱིས་པའི་ཀློག་དེབ་བར་བཅས་ཚང་མ་ཡོད་པ་རེད།

དཔེ་སྒྲོམ་གྲལ་སྟར་འགྲིག་པོར་བཀོད་པ་དང་།དཔེ་དེབ་རེ་རེ་བཞིན་སྒྲིག་གཤོམ་གོ་རིམ་ལྡན་པ།རིག་གནས་ལས་སྒྲུབ་པས་དཔེ་དེབ་ལེགས་སྒྲིག་བྱེད་བཞིན་ཡོད་པ།གྲོང་མི་ཁག་གཅིག་གིས་དཔེ་སྒྲོམ་ཐོག་དཔེ་དེབ་འཚོལ་བ་དང་གྲོང་མི་ཁག་གཅིག་གིས་དཔེ་སྒྲོམ་གྱི་འགྲམ་དུ་བསྐོར་ནས་དཔེ་དེབ་ནན་ཏན་ལྟ་བཞིན་ཡོད།

“དུས་རྒྱུན་ངས་ཞིང་པའི་དཔེ་དེབ་ཁང་ལ་དོ་དམ་དང་སྲུང་སྐྱོང་བྱེད་རྒྱུའི་འགན་འཁུར་ནས་དཔེ་དེབ་ཁང་ཉིན་མཚན་མེད་པར་མང་ཚོགས་ལ་རིན་མེད་ངང་སྒོ་དབྱེ་རྒྱུ་འགན་ལེན་བྱེད་པ་དང་འབྲེལ་དཔེ་དེབ་གཡར་མཁན་ལ་དཔེ་དེབ་དམིགས་སར་འབྱོར་རྒྱུའི་ཁ་ཏ་བསླབ་བྱ་བྱས་ཏེ་གཡར་མཁན་ཡོད་པ་དང་ཆ་ཚང་ཕྱིར་སྤྲོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད”ཅེས་ལེ་ཏུའུ་ཆུས་ཀའོ་ཏེན་གྲོང་རྡལ་རིག་གནས་ལས་འཛིན་ཝང་ཀྲེང་མིང་གིས་དཔེ་དེབ་ལེགས་སྒྲིག་བྱེད་ཞོར་དུ་གསར་འགོད་པར་བཤད།

བྲེལ་འཚུབ་ཆེ་བའི་སྐབས་སུ་ཝང་ཀྲེང་མིང་གིས་ལུས་ཐོག་ཏུ་འཁྱེར་བའི་འབྲི་དེབ་དང་སྨྱུ་གུ་བཏོན་ནས་གྲོང་མིའི་དགོས་མཁོ་དང་རང་ཉིད་ཀྱི་བསམ་གཞིག་དོན་ཚན་རེ་རེ་བཞིན་བཀོད་པ་སྟེ།“དཔེ་དེབ་ཀྱི་རིགས་ཕུན་སུམ་ཚོགས་སུ་བཏང་ནས་མི་ཚོགས་མི་འདྲ་བའི་དཔེ་ཀློག་གི་དགོས་མཁོ་སྐོང་དགོས་པའི་གྲོས་འགོ་བཏོན་པ”དང“རིག་གནས་བྱེད་སྒོ་མང་ཚོགས་དང་འབྲེལ་འདྲིས་བྱས་ནས་མང་ཚོགས་ཀྱི་འཚོ་བའི་ནང་དངོས་སུ་ཁྱབ་པ་བྱེད་དགོས་པ”སོགས་རེད།

དེ་རྗེས་དེབ་ཁང་གི་སྒོ་རྡུང་བའི་སྒྲ་དེས་ཝང་ཀྲེང་མིང་གི་བསམ་གཞིག་མཚམས་བཅད་པ་རེད།“ལས་དོན་པ་ཝང་ལགས།ང་ཚོའི་ཁྱིམ་གྱི་འདྲུད་འཐེན་འཕྲུལ་འཁོར་ལ་སྐྱོན་ཤོར་ནས་ཉིན་ཤས་རིང་བྲེལ་བ་ཆེ་བའི་སྐབས་ཡིན་པས་ཞིང་འཕྲུལ་ཉམས་བཟོའི་དཔེ་དེབ་ཅིག་འཚོལ་ཐུབ་བམ”ཏ་ཞ་གྲོང་ཚོའི་གྲོང་མི་ལི་ཀྲུང་ཡོན་གྱི་རེ་འདུན་ལ་ཉན་བཞིན་ཝང་ཀྲེང་མིང་གིས་ལག་ནང་གི་དཔེ་ཆ་དང་སྨྱུ་གུ་བཞག་ནས་ལངས་ཏེ་དཔེ་སྒྲོམ་ལ་བལྟས་རྗེས་ལི་ཀྲུང་ཡོན་ལ་《འདྲུད་འཐེན་འཕྲུལ་འཁོར་གྱི་རྒྱུན་མཐོང་ཉམས་གསོའི་ཐབས་རྩལ་》ཞིག་བཙལ།

“ང་ཚོས་ཞིང་པའི་དཔེ་དེབ་ཁང་དུ་དྲོད་ཁང་ཆེ་མོའི་འདེབས་འཛུགས་དང་།ཁྱད་ལྡན་གསོ་ཚགས།ཀྭ་ཚལ་ཐོན་སྐྱེད་སོགས་ཞིང་ལས་ལ་འཚམ་པའི་དཔེ་དེབ་དང་ཚན་རྩལ་གྱི་འོད་སྡེར་བཀོད་སྒྲིག་བྱས་ནས་ཞིང་པར་ཐོན་སྐྱེད་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་མང་ཚོགས་ཚོས་དཔེ་དེབ་ནང་རང་ཉིད་ལ་འཚམ་པའི་ཕྱུག་འགྱུར་ལམ་བུ་ཞིག་འཚོལ་ཐུབ་པ་བྱས་ཡོད”ཅེས་ཝང་ཀྲེང་མིན་གྱིས་བཤད།

ཞིང་པའི་དཔེ་དེབ་ཁང་གིས་ཞིང་པ་གྲོགས་པོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད།ཞིང་པ་ཕྱུག་འགྱུར་གྱི་རོགས་པ་ཡག་པོ་ཞིག་ཏུ་གྱུར་ཡོད།ཝང་ཀྲེང་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།མིག་སྔར་གྲོ་ཚང་ཆུས་ཀའོ་ཏན་གྲོང་རྡལ་དུ་ཞིང་པའི་དཔེ་དེབ་ཁང་གྲོང་རྡལ་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་11ཚང་མར་ཁྱབ་ནས་གྲོང་ཚོ་ཚང་མའི་གྲོང་མི་ཚང་མར་དཔེ་ཀློག་ཐོན་ཁུངས་དང་རིག་གནས་ཞབས་ཞུ་སྟབས་བདེ་ངང་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད།ཞིང་པའི་དཔེ་དེབ་ཁང་ཚང་མར་དཔེ་དེབ་1200ལྷག་ཙམ་བཀོད་སྒྲིག་བྱས་པའི་ནང་ཞིང་ལས་ལག་རྩལ་དང་།བཅའ་ཁྲིམས་ཁྲིམས་སྲོལ།རྩོམ་རིག་སྒྱུ་རྩལ།བྱིས་པའི་ཀློག་དེབ།སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།དེ་དང་ཆབས་ཅིག་ཀའོ་ཏན་གྲོང་རྡལ་གྱིས་ལོ་ལྟར་གོང་རིམ་གྱིས་སྡེབ་སྐྱེལ་དང་སྤྱི་ཚོགས་ཀྱིས་ཞལ་འདེབས་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དཔེ་དེབ་རྒྱུན་ཆད་མེད་པར་གསར་བརྗེ་བྱས་པ་དང་ཉེ་བའི་ལོ་གསུམ་རིང་རིམ་རྩིས་བྱས་ན་དཔེ་དེབ་5000ལྷག་ཙམ་གསར་དུ་བསྣན་ཡོད་པ་རེད།

དེ་དང་ཆབས་ཅིག་མཚོ་ཤར་གྲོང་ཁྱེར་གྱིས“མི་སེར་གྱི་སྤ་སེ་སྤྲོད་པའི”ཞབས་ཞུའི་རྣམ་པ་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱི་དགོས་མཁོ་དང་གནད་ལ་འཁེལ་བའི་ངང་སྦྲེལ་མཐུད་བྱེད་པ་དང་།དཔེ་སྐྲུན་དངོས་པོ་ཁ་གསབ་གསར་སྒྱུར་དང་ཞིབ་བཤེར་རྩིས་ལེན་སོགས་ཀྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབས་ཏེ་དཔེ་དེབ་འདེམས་སྦྱོར་ལ་དམིགས་སའི་རང་བཞིན་སྔར་བས་ལྡན་པ་བྱས་ནས་ཞིང་པ་མང་ཚོགས་ལ་སྣ་མང་ཅན་གྱི་དཔེ་དེབ་ཞབས་ཞུ་མཁོ་འདོན་བྱས་པ་རེད།

མཚོ་ཤར་གྲོང་ཁྱེརཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ཀའོ་ཀྲའེ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ཞིང་པའི་དཔེ་དེབ་ཁང་དུ་ཕུན་སུམ་ཚོགས་པའི་དཔེ་དེབ་དང་སྐྱིད་སྣང་དོད་པའི་ཁོར་ཡུག་གིས་མི་རྣམས་ཀྱི་མིག་ལམ་དུ་འཆར།“གཟའ་མཇུག་འཆར་རིམ་བཞིན་ངས་དཔེ་དེབ་ཁང་དུ་དཔེ་དེབ་ལྟ་བར་ཡོང་གི་ཡོད།འདི་གར་ཁྱིམ་དང་བྲལ་ནས་སྐར་མ་10ཡང་ཟིན་གྱི་མེད།ལྷིང་འཇགས་ཀྱི་ཁོར་ཡུག་སློབ་སྦྱོང་ལ་ཧ་ཅང་འཚམ་པོ་འདུག”ཅེས་ཀའོ་ཀྲའེ་ཁྲོམ་གཞུང་ཏུང་ཀྲོང་གྲོང་ཚོའི་ལི་ཡུས་ཡན་གྱིས་བཤད།

ཉེ་བའི་ལོ་ཤས་རིང་།དགོན་ལུང་རྫོང་ཀའོ་ཀྲའེ་ཁྲོམ་གཞུང་གིས་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྟངས་དང་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་།ཆ་འཕྲིན་ཅན་གྱི་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་གསར་པ་དང་བསྟུན་པ།ཐབས་ལམ་གཞན་ཞིག་བཏོད་དེ་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ“སྤྲིན་རྩེ”དཔེ་ཀློག་གི་དར་སྲོལ་གསར་པ་རྒྱ་ཁྱབ་ངང་སྐུལ་འདེད་བཏང་བ་དང་།

སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྲོལ་རྒྱུན་གྱི་ཞིང་པའི་དཔེ་དེབ་ཁང་གིས་མང་ཚོགས་ཀྱི་སྣ་མང་རིག་གནས་དགོས་མཁོ་སྐོང་ཐུབ་ཀྱི་མེད།མང་ཚོགས་ཀྱི་རེ་འདུན་གསར་པ་དང་དགོས་མཁོ་གསར་པར་དམིགས་ནས་མཚོ་ཤར་གྲོང་ཁྱེར་གྱིས་ཞིང་པའི་དཔེ་དེབ་ཁང་ལ་བརྟེན་ནས་ཤེས་དཔལ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་།ཞིང་པའི་དཔེ་དེབ་ཁང་གི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་པ།དཔེ་དེབ་ཁང་འཛུགས་སྐྲུན་གྱི“ཐབས་ལམ་གསར་པ”རྒྱ་ཆེར་བཏང་ནས་གྲོང་མི་ཚོར་རིག་གནས་ལ་བརྟེན་ནས་ཞིང་པར་ཕན་པའི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱས་ཡོད།

མཚོ་ཤར་དུ་ཞིང་པའི་དཔེ་དེབ་ཁང་དེ་དམངས་ཡོངས་ཀྱི་དཔེ་ཀློག་གི་ཚ་རླབས་ནང་འདྲེས་པ་དང་ཞིང་ནང་དུ་དཔེ་དེབ་ཀྱི་རྣམ་པས་ཁེངས་ཤིང་།ཞིང་པའི་དཔེ་དེབ་ཁང་དང་ཤེས་དཔལ་ལག་ལེན་ཟུང་འབྲེལ་བྱས་ནས“ཤེས་བྱ་སློབ་སྦྱོང”དང“སྲོལ་གསར་གཏོད”ཞིང་པའི་དཔེ་དེབ་ཁང་དུ་ཁྱད་ལྡན་བྱེད་སྒོ་སྤེལ་ནས་གྲོང་མི་ཚོས་ལྟ་འདོད་པ་དང་།ཡོང་རྒྱུར་དགའ་བ།གྲུབ་འབྲས་ཐོབ་པ་བཅས་བྱས་པ་རེད།

ད་ཆ་ཞིང་པའི་དཔེ་དེབ་ཁང་དེ་ཤེས་དཔལ་ཡུལ་སྲོལ་སྐྱེད་སྲིང་དང་གསོ་སྐྱོང་བྱེད་པ་དང་གྲོང་གསེབ་ཀྱི་ཤེས་དཔལ་རྣམ་པ་གསར་པ་འཕེལ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།མཚོ་ཤར་གྱི་ས་གཞི་ཆེ་མོའི་ཡངས་ཤིང་རྒྱ་ཆེ་བའི་ས་རྒྱུའི་ཐོག་སྐྱོད་སྐབས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཞིག་རིམ་བཞིན་མངོན་པ་དང་ཞིང་པའི་དཔེ་དེབ་ཁང་དེ་ཡུལ་སྲོལ་གྱི་ཤེས་དཔལ་གསལ་བའི་སྒྲོན་མེ་ཞིག་ཏུ་འགྱུར་བཞིན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།