[ཡིད་ཆེས་ཇེ་བརྟན། དངོས་སྒྲུབ་བརྩོན་ལེན།]མར་སྟེང་ཆུ་གློག་ས་ཚུགས་ཀྱིས་རང་རྒྱལ་གྱི་ནུས་ཁུངས་གྲུབ་ཆ་ལེགས་སུ་གཏོང་བ་དང་ནུས་ཁུངས་གསར་བརྗེ་ལ་སྐུལ་འདེད་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དཔྱིད་ཟླ་གསུམ་པ་ནི་མ་གཞི་ས་གཞི་ཇེ་དྲོར་ཕྱིན་ནས་སྐྱེ་དངོས་ཡོད་དོ་ཅོག་སླར་གསོ་བྱེད་པའི་དུས་སྐབས་ཤིག་ཡིན་དགོས་མོད།    འོན་ཀྱང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་དུ་ས་མཐོའི་གྲང་ངར་གྱིས་སྔར་བཞིན་གཡུལ་ས་བརྟན་སྲུང་བྱེད་བཞིན་ཡོད།     

མིག་གིས་བལྟས་ཚེ།    རྒྱང་རིང་གི་གངས་རི་དེ་ཉི་འོད་འོག་ཏུ་འོད་ལམ་མེར་འཚེར་བཞིན་ཡོད་ལ།    དཔྱིད་ཀྱི་ཉིན་མོ་སླེབས་པའི་དབང་གིས་ཞུ་བའི་རྟགས་མཚན་སྤུ་ཙམ་ཡང་མཐོང་མི་ཐུབ།     རི་འདབས་སུ་རྨ་ཆུའི་ཆུ་རྒྱུན་མི་ཆད་པར་འཕྱུར་བཞིན་ཡོད།    འཁྱག་པའི་ཆུའི་ཆུས་གྲང་ངར་འཁྲིད་ནས་མཚོ་འགྲམ་དུ་རྡེབ་བཞིན་ཡོད།    འཕྱུར་བའི་ཆུའི་མེ་ཏོག་དེ་སྐད་ཅིག་ཉིད་དུ་འཁྱགས་རྡོག་ཕྲ་མོ་ཞིག་ཏུ་གྱུར།     མཛེས་སྡུག་ལྡན་ལ་གཟབ་ནན་གྱི་ས་མཐོའི་སྟེང་དུ།    རྨ་ཆུའི་སྟོད་རྒྱུད་ཀྱི་མར་སྟེང་ཆུ་གློག་ས་ཚུགས་བསྐྲུན་པ་དེས་རླབས་ཆེན་གྱི་ལས་གྲྭ་ཞིག་བྱུང་བ་བདེན་དཔང་བྱེད་བཞིན་ཡོད།     

མར་སྟེང་ཆུ་གློག་ས་ཚུགས་རྨ་ཆུའི་གཙོ་རྒྱུན་དུ་གནས་པ་དང་།    ར་རྒྱ་གྲོང་རྡལ་གྱི་སྟོད་རྒྱུད་ཀྱི་སྨི་སྟོང་5ཙམ་གྱི་སར་གནས་ཤིང་།    ཆ་སྙོམས་རྒྱ་མཚོའི་ངོས་ལས་སྨི་3300ཡོད།     འཕྲུལ་འཁོར་སྒྲིག་སྦྱོར་གྱི་སྤྱིའི་ཤོང་ཚད་ཝ་ཁྲི་232ཟིན་པ་དེ་འཕྲུལ་འཁོར་རྐྱང་པ་4ཡི་ཤོང་ཚད་ཀྲའོ་ཝ་550དང་འཕྲུལ་འཁོར་རྐྱང་པ་1ཡི་ཤོང་ཚད་ཀྲའོ་ཝ་120ཡོད་པའི་ཆུ་འཁོར་གློག་འདོན་འཕྲུལ་འཁོར་ཚན་པས་གྲུབ་པ་རེད།     དེ་ནི་རྨ་ཆུའི་འབབ་རྒྱུད་ཀྱི་ས་བབ་མཐོ་ཤོས་དང་འཕྲུལ་འཁོར་སྒྲིག་སྦྱོར་ཆེ་ཤོས་ཀྱི་ཆུ་གློག་ས་ཚུགས་ཡིན་པ་མ་ཟད།    རྒྱལ་ཁབ་ཀྱི“ནུབ་ཕྱོགས་ཀྱི་གློག་ཤར་ཕྱོགས་སུ་སྐྱེལ་བ”དང“མཚོ་སྔོན་གྱི་གློག་ཧོ་ནན་དུ་སྐྱེལ་བའི”འཐབ་ཇུས་བཀོད་སྒྲིག་གི་འགག་རྩའི་ཚིགས་ཚེག་ཀྱང་ཡིན།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་བྱས་པ་ལྟར།    “དྭངས་གཙང་ཐཱན་ཉུང་ཞིང་བདེ་འཇགས་དང་ནུས་ཆེའི་ནུས་ཁུངས་མ་ལག་འཛུགས་དགོས”ཞེས་གསུངས་པ་ལྟར།    མར་སྟེང་ཆུ་གློག་ས་ཚིགས་ཀྱིས་ནུབ་རྒྱུད་ཀྱི་ཆུ་གློག་དྭངས་གཙང་ཀྲུང་དབྱང་ས་གཞི་དང་ཤར་རྒྱུད་མཚོ་རྒྱུད་དུ་སྐྱེལ་བའི་ལས་འགན་ཁུར་ཡོད་པས།    རང་རྒྱལ་གྱི་ནུས་ཁུངས་གྲུབ་ཆ་ལེགས་སུ་གཏོང་བ་དང་ནུས་ཁུངས་གསར་བརྗེ་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་སྟོབས་ཆེན་བསྣན་ནས་མེས་རྒྱལ་གྱི་ནུས་ཁུངས་མངའ་ཁོངས་སུ་ཚོན་མདངས་ཆེན་པོ་ཞིག་བཞག་ཡོད།     

2024ལོའི་ཟླ་12ཚེས་31ཉིན།    མར་སྟེང་ཆུ་གློག་ཁང་གི་འཕྲུལ་འཁོར་ཚན་པ་ཨང་2པ་བདེ་བླག་ངང་དྲ་སྦྲེལ་བྱས་ནས་གློག་གཏོང་བྱས།     དེར་བརྟེན་རྨ་ཆུའི་སྟོད་རྒྱུད་མཚོ་སྔོན་དུམ་བུའི་སྟོང་ཝ་ཁྲི་སྟོང་རིམ་པའི་“ཆུ་དང་ཡུལ་ལྗོངས་གསོག་འཇུག”ནུས་མང་གསབ་རེས་ཀྱི་ནུས་རྒྱུ་གཙང་མ་ཡོངས་གཞི་གཅིག་ཅན་གྱི་རྣམ་གྲངས་ཀྱི་ལྟེ་བའི་ལས་གྲྭ་དང་པོ་དང་རྨ་ཆུའི་གཙོ་རྒྱུན་གྱི་རྒྱ་མཚོའི་ངོས་ལས་མཐོ་ཤོས་ཀྱི་ཆུ་གློག་ས་ཚུགས་གི་འཕྲུལ་ཚན་5ཚང་མ་དྲ་སྦྲེལ་བྱས་ནས་གློག་གཏོང་གི་ཡོད་པ་རེད།     རྨ་ཆུའི་འབབ་རྒྱུད་གྱི“ཆུ་གློག་གི་མུ་ཏིག་”དེ་ཁྱོན་ཡོངས་ནས་འཁོར་སྐྱོད་བྱེད་འགོ་ཚུགས་ནས་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་དུས་རབས་གསར་རྐྱང་དངོས་སུ་འགོ་བཙུགས་ཏེ“ཐཱན་གཉིས”དམིགས་ཚད་མངོན་འགྱུར་ཡོང་བར་བསྣན་ཡོད།    

མར་སྟེང་ཆུ་གློག་ས་ཚིགས་འཛུགས་སྐྲུན་བྱས་པ་དེས་ཀྲུང་གོའི་ཆུ་གློག་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་དང་ཚན་རྩལ་གསར་གཏོད་ཀྱི་ཚད་མེད་མི་མངོན་པའི་སྟོབས་ཤུགས་མངོན་པ་རེད།     དེ་ནི་ལག་རྩལ་གསར་གཏོད་ཐད་སྔོན་ཐོན་ཡིན་པ་དང་རྒྱལ་ནང་དུ་ཆུ་འཕྲུལ་འཁོར་ཆེ་གྲས་ཀྱི་ཙུའུ་ཀྲང་སྐབས་མཚན་སྒྲིག་དང་འགུལ་རྣམ་སྙོམས་སྒྲིག་གི་འགག་རྩའི་ལག་རྩལ་ཐོག་མར་སྤྱོད་ཀྱི་ཡོད་པ་རེད།     ཚད་བརྒལ་དེས་འཕྲུལ་འཁོར་ཚན་པས་གློག་དྲའི་དགོས་མཁོར་གཞིགས་ནས་སྟབས་བསྟུན་ངང་འཁོར་སྐྱོད་བྱེད་སྟངས་བརྗེ་ཐུབ་པ་བྱུང་ཡོད།     གློག་འདོན་བྱེད་སྐབས་ནུས་ཤུགས་ཡོད་རྒུས་རྩོལ་ཕྱོད་ཕྱིར་གཏོང་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་ཟེར་སྦྱིན་པ།     གློག་དྲ་བར་དགོས་མཁོ་ཡོད་ཚེ་མགྱོགས་མྱུར་ངང་པར་ཆས་སྙོམ་སྒྲིག་པར་བསྒྱུར་ནས་གློག་དྲ་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པར་འདེགས་སྐྱོར་བྱས་ནས་གློག་ཤུགས་བརྟན་བརླིང་ངང་སྐྱེལ་འདྲེན་བྱེད་པར་འགན་ལེན་བྱེད་དགོས།     དེ་དང་ཆབས་ཅིག་རྒྱལ་ནང་གི་ཆུ་གློག་ལས་རིགས་ཀྱི་མིས་བཟོས་རིག་ནུས་དང་།    བཟོ་ལས་ཀྱི་གཞི་གྲངས་ཆེན་པོའི་དབྱེ་ཞིབ།    བཟོ་ལས་དྲ་རྒྱུད།    སྔོན་ཐོན་ཚོད་འཛིན་སོགས་མདུན་གྲལ་ལག་རྩལ་མཉམ་འདྲེས་བྱེད་པའི་iDCSམ་ལག་ཐོག་མ་དེ་གར་ཁྱབ་པ་རེད།     མ་ལག་དེ་རིག་ནུས་བདག་གཉེར་དང་འདྲ་བར་སྒྲིག་ཆས་དང་བཟོ་རྩལ་མ་ལག་གི་ཆག་སྐྱོན་རང་འགུལ་གྱིས་བརྟག་དཔྱད་དང་སྔོན་བརྡ་གཏོང་བ་དང་རྙོག་འཛིང་ཆེ་བའི་ལས་ཀའི་གནས་ཚུལ་འོག་རང་འགུལ་གྱིས་འཚམ་པ་དང་ལེགས་སུ་བཏང་སྟེ་གློག་འདོན་ཐོན་སྐྱེད་ཀྱི་བདེ་འཇགས་རང་བཞིན་དང་།    ནུས་ཆེ་རང་བཞིན།    སྟབས་བསྟུན་རང་བཞིན།    ཁོར་ཡུག་སྲུང་སྐྱོང་རང་བཞིན་བཅས་ཆེས་ཆེར་མཐོ་རུ་བཏང་སྟེ།    མར་སྟེང་ཆུ་གློག་ས་ཚུགས་དེ་ཚན་རྩལ་གྱི་འོད་ཟེར་འཕྲོ་བའི“རིག་ནུས་རྣམ་པའི”ལྗང་མདོག་གློག་ཁང་དུ་གྱུར་ནས་ཆུ་ཤུགས་ལས་རིགས་ཀྱི་རིག་ནུས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་སྣེ་ཁྲིད་བྱེད་ཀྱི་ཡོད།     

སྣོད་བཅུད་སྲུང་སྐྱོང་ཐད་མར་ཏན་ཆུ་གློག་ས་ཚུགས་ལ་གྲུབ་འབྲས་ཀྱང་གཟེངས་སུ་ཐོན་པ་རེད།     འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད།    རྣམ་གྲངས་ཚོགས་པས་“ཆུ་ལྗང་རི་ལྗང་ནི་གསེར་རི་དང་དངུལ་རི་ཡིན”ཞེས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ།    སྒོར་དུང་ཕྱུར་1.5བཏང་ནས་“ཨར་ལས་ཞོར་དུ་བསྐྱར་གསོ་ཞོར་དུ་”བྱེད་པའི་ཐབས་ཇུས་ལག་ལེན་ཧུར་ཐག་བྱས།     མཚོ་སྔོན་གྱི་གསོམ་ཤིང་དང་ཆི་ལན་གྱི་ཤོག་ཤིང་58000ལྷག་ཙམ་གསབ་འཛུགས་སྤོ་འཛུགས་དང་།    སྐྱེལ་འདྲེན་སྙིགས་རོ་སྨི་ངོས་གྲུ་ཁྲི་160ལྷག་ཙམ་བཅས་བྱས་ཏེ་མུའུ་250ལྷག་ཙམ་ལྗང་མདོག་སླར་གསོ་བྱས་པ།    ཨར་ལས་ས་ཁོངས་ཀྱི་སྣོད་བཅུད་ཉམས་གསོ་དང་སྔོ་ཁེབས་སླར་གསོ་བྱེད་པའི་སྟོན་གྲངས་100%ལས་བརྒལ་ཡོད་པ་རེད།     ཆུ་རགས་ཀྱི་ཞབས་སུ་ཉ་འཕར་བའི་སྒྲིག་ཆས་ཆ་ཚང་གཉིས་སྒྲིག་སྦྱོར་བྱས་པ་དང་།    ཉ་བསྐོར་གཞོང་དང་།    དབྱེ་གསེས་ཁང་།    ཉ་སྐྱེལ་འདྲེན་རླངས་འཁོར་བཅས་སྡེབ་སྒྲིག་བྱས་ནས་ཉ་ལ་སྤོས་པའི་བགྲོད་ལམ་བསྐྲུན་པ།     ཉ་རིགས་འཕེལ་གཏོང་ས་ཚིགས་བསྐྲུན་ནས་2023ལོའི་ཟླ་9པ་ནས་བཟུང་རྨ་ཆུའི་ཉ་གཅེར་བུ་སོགས་རྩ་ཆེའི་ཉ་རིགས་ལྔ་གསོ་སྐྱོང་དང་གློད་གཏོང་བྱས་པ་དང་།    2024ལོའི་ཟླ་12པའི་ཟླ་མཇུག་བར་བསྡོམས་འབོར་ཉ་ཁྲི་31གློད་གཏོང་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་ཡོད།     ཆུ་མཛོད་དུ་ཆུ་གསོག་རྗེས“སྣོད་བཅུད་གནོན་བརྟན་པའི”ཧ་ཅང་ཆེན་པོ་ཆགས་ནས་ཆུ་མཛོད་ཁུལ་གྱི་བརླན་ཚད་དང་ཆར་ཆར་མང་དུ་གཏོང་བ་དང་།    གཙང་གསུམ་འབྱུང་ཁུངས་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ་དང་།    དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱས་ཏེ།    ས་བབ་མཐོ་བའི་ས་ཁུལ་གྱི་ལས་གྲྭ་ཆེ་གྲས་འཛུགས་སྐྲུན་དང་སྣོད་བཅུད་སྲུང་སྐྱོང་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་ཉམས་མྱོང་རྩ་ཆེན་འདོན་སྤྲོད་བྱས།     

རྒྱལ་ཁབ་ནུས་ཁུངས་ཚོགས་པའི་མར་སྟེང་ཆུ་གློག་ས་ཚུགས་གི་ཏུང་ཧྲི་ཀྲང་ཏུང་ཀྲི་གོ་གིས“རྨ་ཆུའི་སྟོད་རྒྱུད་ཀྱི་མཚོ་སྔོན་དུམ་བུའི་སྟོང་ཝ་ཁྲི་སྟོང་རིམ་པའི་‘ཆུ་དང་རླུང་ལྗོངས་གསོག་འཇུག”ནུས་མང་གསབ་རེས་ཀྱི་ནུས་རྒྱུ་གཙང་མ་ཡོངས་གཞི་གཅིག་ཅན་གྱི་རྣམ་གྲངས་ཀྱི་ལྟེ་བའི་ལས་གྲྭ་དང་པོ་ཡིན་པའི་མར་སྟེང་ཆུ་གློག་ས་ཚུགས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ནས་མཚོ་སྔོན་ལ་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་རྒྱུར་རོགས་རམ་བྱས་ཡོད”ཅེས་བཤད་པ་རེད།    

མར་སྟེང་ཆུ་གློག་ས་ཚུགས་ཁྱོན་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེ་དུས་རབས་ཀྱི་ཆུ་བོ་རིང་པོའི་ནང་ཞུགས་པའི་རྡོ་ཞིག་དང་འདྲ་བར་གཏིང་ཟབ་པའི་རླབས་རིས་རིམ་བཞིན་འཕྱུར་བཞིན་ཡོད།     སྣོད་བཅུད་ཐད་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་གཙང་ཆུའི་འབྱུང་ཁུངས་གསུམ་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་བཏང་བ་དེས་གོ་ལ་ཧྲིལ་པོའི་ས་བབ་མཐོ་བའི་ས་ཁུལ་གྱི་ལས་གྲྭ་འཛུགས་སྐྲུན་དང་སྣོད་བཅུད་སྲུང་སྐྱོང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུར་དཔྱད་གཞིར་འཛིན་ཆོག་པའི་མ་དཔེ་མཁོ་འདོན་བྱས་ཡོད་པ་དང་ཞིབ་ཕྲའི་ཆ་ལས་རང་བྱུང་ཁམས་ལ་བརྩི་འཇོག་དང་སྲུང་སྐྱོབ་གང་ལེགས་མངོན་གྱི་ཡོད་པ་རེད།     ནུས་ཁུངས་ཐད་རང་རྒྱལ་གྱི་ནུས་ཁུངས་གྲུབ་ཆ་ལེགས་སུ་བཏང་བ་མ་ཟད།    ད་དུང་ནུས་ཁུངས་ཕྱོགས་སྒྱུར་གྱི་རླབས་རྒྱུན་ཁྲོད་ཚད་གཞི་བཙུགས་ཏེ།    གློག་ཤུགས་གཙང་མ་སྤྱད་དེ་ནུས་ཁུངས་གསར་བརྗེ་ལ་ཆུ་མིག་དྭངས་ཤིང་།    ལྗང་མདོག་ནུས་ཁུངས་ཀྱི་རྒྱུག་རྩ་མེས་རྒྱལ་གྱི་ས་གཞི་ཆེན་པོར་སྔར་བས་གཏིང་ཟབ་ཏུ་ཁྱབ་པ་རེད།     སྤྱི་ཚོགས་ཀྱི་ངོས་ནས་འགོ་བརྩམས་ན།    དེ་ནི་ས་གནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཡིན་པའི་ངོས་ནས་གྲོང་གསེབ་དར་རྒྱས་ཡོང་བར་རོགས་རམ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་།    དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་དུ་སྒྲ་མེད་དུ་ས་ཁུལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་འདུས་པ་རེད།     

མར་སྟེང་ཆུ་གློག་ས་ཚུགས་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ལས་འགན་དང་མི་དམངས་ཀྱི་རེ་སྒུག་ཟབ་མོ་ཐེག་ཡོད་ཅིང་།    གོམ་སྟབས་བརྟན་པོ་ཞིག་གི་ཐོག་ནས་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད།    བྱ་སྤྱོད་ལ་བརྟེན་ནས་སྣོད་བཅུད་སྔོན་ལ་གཏོང་བ་དང་།    ལྗང་མདོག་ཐཱན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་དོན་གཏིང་ཟབ་འགྲེལ་བཤད་བྱས་ཏེ།    གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་མུ་མཐུད་ལེགས་སྐྱེས་ཕུལ་ནས་ལོ་ཟླའི་ཆུ་རྒྱུན་རིང་པོའི་ཁྲོད་རང་ཉིད་ལ་དབང་བའི་གཟི་བརྗིད་བརྐོས་ཡོད།    

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།