​སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་དང་ལྗང་མདོག་ཆེ་རུ་གཏོང་བར་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་བསྒྱུར་མགྱོགས་སུ་གཏོང་དགོས་ཞེས་བཏོན་ཡོད།     སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་།    ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་།    སྦགས་བཙོག་བཅོས་སྐྱོང་།    སྐྱེ་ཁམས་སྲུང་སྐྱོང་།    གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ།    སྐྱེ་ཁམས་སྔོན་ལ་དང་།    གྲོན་ཆུང་ལེགས་སྒྲིགལྗང་མདོག་དང་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།     

མཚོ་སྔོན་ནི“ཀྲུང་ཧྭའི་ཆུ་མཛོད་”དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་འགོག་སྲུང་གལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྣོད་བཅུད་ཀྱི་གནས་བབ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན།     མིག་སྔར།    སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་འགག་རྩའི་ལས་འགན་ཞིག་ཏུ་གྱུར་ཡོད།     ཇི་ལྟར་བྱས་ནས་སྣོད་བཅུད་ཤེས་རིག་གི་མཐོ་ས་འཛུགས་སྐྲུན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི་སྣོད་བཅུད་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་སུ་བསྒྱུར་རྒྱུ་དེ་ཞིང་ཆེན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་གླེང་མང་བའི་བརྗོད་གཞི་ཞིག་ཏུ་གྱུར་ཡོད།     

འཐུས་མི་ཞུས་ཆིང་མིང་གིས་ད་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་དང་ལྗང་མདོག་འཕར་སྣོན་རྒྱ་ཆེར་གཏོང་རྒྱུར་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་བའི་ལས་དོན་བཀོད་སྒྲིག་ཐད་“བརྟན་ལྷིང་ཁྲོད་ཡར་རྒྱས་ཡོང་བ་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད།     སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད།     དེ་དང་ཆབས་ཅིག་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས་ལྗང་མདོག་དང་ཐཱན་ཉུང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་སྣོད་བཅུད་བསྐྲུན་རྒྱུ་སོགས་གསར་དུ་བཏོན་པ་རེད།     གཙོ་གནད་ལས་དོན་དེ་དག་ཚང་མས་མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་སྐྲུན་རྒྱུར་སྐུལ་འདེད་སྔར་ལས་ནུས་ལྡན་གཏོང་རྒྱུ་རེད།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྱིས་ང་ཚོར་བསྟན་པའི་ཐོན་ལས་གྱི“ས་གནས་བཞིའི”ལམ་བུ་ནི་ཞི་ཅིན་ཕིང་ཀྱི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འདུ་ཤེས་དེ་མཚོ་སྔོན་ས་གཞི་ཆེན་པོའི་དུས་རབས་གསར་པའི་ལག་ལེན་ཞིག་རེད།     འཐུས་མི་ཞུས་ཆིང་མིང་གིས“སྣོད་བཅུད་སྲུང་སྐྱོང་ཁ་གསབ་དང་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཐུས་ཚང་དུ་གཏོང་བའི”ཐོག་ནས་སྣོད་བཅུད་སྔོན་ལ་སྤེལ་བའི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱེད་པའི་ཡིད་ཆེས་འགན་ལེན་བྱས་པ།     ““བྱེ་ཐང་དང་མྱ་ངམ་ཐང་”གི་ནུས་ཁུངས་གསར་པའི་རྟེན་གཞི་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུ་”ནི་རྒྱལ་ཁབ་ཀྱིས་མཚོ་སྔོན་ལ་སྤྲད་པའི་དམིགས་བསལ་གྱི་ལས་འགན་ཞིག་ཡིན་པ་དང་།    ལྗང་མདོག་རྩིས་ཤུགས་དཔལ་འབྱོར་དེ་ཤར་རླུང་ལ་བརྟེན་ནས་ཡར་རྒྱས་ཆེན་པོས་འཕེལ་རྒྱས་འགྲོ་ངེས་རེད།     གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལས་གྲྭ་གལ་ཆེན་ཁག་གཅིག་འཆར་འགོད་ལག་བསྟར་བྱས་ན།    སའི་གོ་ལའི་སྣེ་གསུམ་པར་གནས་པའི་མཚོ་སྔོན་ཞིང་ཆེན་གྱིས“ཀྲུང་ཧྭའི་ཆུ་མཛོད་”སྲུང་སྐྱོང་ཡག་པོ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་འགོག་སྲུང་འཛུགས་སྐྲུན་ཡག་པོ་བྱ་རྒྱུར་འཕེལ་རྒྱས་ཀྱི་གོ་སྐབས་རྩ་ཆེན་འཕྲད་ངེས་རེད།    རྒྱལ་ཁབ་ཀྱི་པུའུ་ཨུད་ཁག་གིས་མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་ནུས་པའི་ཁུལ་གཙོ་བོའི་གནམ་གཤིས་འགྱུར་ལྡོག་འོག་གི་དང་ལེན་ལམ་སྲོལ་ཞིབ་འཇུག་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་འགོག་སྲུང་སྲུང་སྐྱོང་ལས་གྲྭ་འཆར་འགོད་ལག་བསྟར་ཡག་པོ་བྱས་ཏེ་མཚོ་སྔོན་གྱི་སྣོད་བཅུད་ཤེས་རིག་མཐོ་ས་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རོགས་རམ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།    

ཨུ་ཡོན་ཀྲུའུ་ཁྲུན་ཡུན་གྱིས་མཚོ་བོད་ས་མཐོའི་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ས་མཐོའི་དྲོ་བརླན་འགྱུར་གྱི་འཕེལ་ཕྱོགས་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུ་ནི་མཚོ་སྔོན་གྱི་སྣོད་བཅུད་དཔལ་ཡོན་ས་མཐོ་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད།     ས་མཐོ་དྲོ་བརླན་འགྱུར་གྱི་སྣང་ཚུལ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བའི་མདུན་དུ་ངེས་པར་དུ་དེའི་ཛ་དྲག་རང་བཞིན་ངོས་འཛིན་གཏིང་ཟབ་བྱེད་པ་མ་ཟད།    འཕྲལ་མར་བྱ་སྤྱོད་སྤེལ་ནས་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་ལུགས་མཐུན་གྱི་ཐབས་ཇུས་བཟོ་རྒྱུར་གྲངས་གཞིའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས།     རྒྱལ་ཁབ་རིམ་པས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་མཚོ་བོད་ས་མཐོའི་གནམ་གཤིས་ལྟ་ཞིབ་ཚད་ལེན་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།     ཞིབ་ཕྲའི་ཐོག་ནས་བརྗོད་ན།    གནམ་གཤིས་ལྟ་ཞིབ་ས་ཚིགས་ཀྱི་འཛུགས་སྐྲུན་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་།    ལྟ་ཞིབ་ཚད་ལེན་གྱི་ཞིབ་ཚད་མཐོ་རུ་གཏོང་བ།    ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་བསྡུ་རུབ་བྱས་པའི་གྲངས་གཞིའི་ཡང་དག་རང་བཞིན་དང་ཕྱོགས་ཡོངས་རང་བཞིན་འགན་ལེན་བྱེད་དགོས་ཀྱི་ཡོད་པ་རེད།     དེ་དང་ཆབས་ཅིག་གྲངས་གཞི་མཉམ་སྤྱོད་ལམ་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་སྒོ་འབྱེད་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ།    རིག་ཚན་ལས་བརྒལ་བ་དང་ཁྱབ་ཁོངས་ལས་བརྒལ་བའི་མཉམ་ལས་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཚོ་བོད་ས་མཐོའི་གནམ་གཤིས་ཞིབ་འཇུག་གི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་ཐུན་མོང་ཐོག་ཆེ་རུ་གཏོང་དགོས།     དེའི་རྨང་གཞིའི་ཐོག་མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་དང་།    སྣོད་བཅུད་མ་ལགཆུའི་ཐོན་ཁུངས་སོགས་ཐད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་བསྒྱུར་བར་བརྟེན་ནས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་དགོས།     དེས་ང་ཚོས་ས་མཐོའི་དྲོ་བརླན་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ལ་སྔར་བས་བསམ་ཤེས་དང་ཁ་གཏད་གཅོག་རྒྱུར་ཕན་ཐོགས་ཡོད་པ་དང་།    མཚོ་སྔོན་གྱི་སྣོད་བཅུད་དཔལ་ཡོན་གྱི་ས་མཐོ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་མཚོ་བོད་ས་མཐོའི་དང་ཐ་ན་གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་འབུལ་རྒྱུ་རེད།    

ཨུ་ཡོན་ཀྲའོ་ཧའེ་ཤིན་གྱིས་མཚོ་སྔོན་ཞིང་ཆེན་ནི་རྨ་ཆུའི་འབྱུང་ཁུངས་ཡིན་པའི་ངོས་ནས་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཐེག་ཡོད་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་བཀག་ཡོལ་འཛུགས་སྐྲུན་བྱེད་པའི་འགག་རྩའི་ས་ཁོངས་ཤིག་ཡིན།     དེའི་སྣོད་བཅུད་བདེ་འཇགས་གནས་ཚུལ་དང་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ལས་དོན་གྱི་ཕན་འབྲས་དེ་རྨ་ཆུའི་འབབ་རྒྱུད་དང་ཐ་ན་རྒྱལ་ཡོངས་ཁྱབ་ཁོངས་ནང་གི་རྒྱུན་མཐུད་འཕེལ་རྒྱས་ལ་གཏིང་ཟབ་ཅིང་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་ཡོད་པ་རེད།     མཚོ་སྔོན་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རྒྱུན་མཐུད་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་སྣོད་བཅུད་སྲུང་སྐྱོང་དང་རང་བྱུང་གནོད་འཚེའི་འགོག་སྲུང་ཁྱབ་ཁོངས་སུ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།     གནོད་འགོག་གནོད་འགོགགེགས་སེལ་ཐོན་ཁུངས་ཀྱི་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་དགོས་པ་མ་ཟད།    རྨ་ཆུའི་སྟོད་རྒྱུད་ས་ཁུལ་གྱི་གནོད་འགོག་གནོད་འགོགགེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།     དེ་ནི་རྨ་ཆུའི་མགོ་ཁུངས་ཀྱི་ཉམས་ཞན་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་བྱེད་ཐབས་ཤིག་ཡིན་པ་མ་ཟད།    རྨ་ཆུའི་འབབ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་པའི་དགོས་གཏུག་གི་དགོས་མཁོ་ཞིག་ཀྱང་ཡིན།     རྒྱལ་ཁབ་ཀྱིས་སྲིད་ཇུས་གཏན་འབེབས་དང་།    རྣམ་གྲངས་འཆར་འགོད།    མ་དངུལ་གཏོང་རྒྱུ་སོགས་ཀྱི་ཐད་མཚོ་སྔོན་ལ་གསེག་གཞོལ་རང་བཞིན་གྱི་རྒྱབ་སྐྱོར་དེ་བས་མང་བ་བྱས་ཏེ་རང་བྱུང་གནོད་འཚེའི་འབྱུང་མང་བའི་ཁུལ་གྱི་ཉེན་འགོག་གནས་སྤོ་ལས་གྲྭ་སྐུལ་འདེད་གཏོང་རྒྱུར་རོགས་རམ་བྱེད་པ་དང་འབྲེལ་ས་ཡོམ་ལྟ་ཞིབ་ཚད་ལེན་དང་རང་བྱུང་གནོད་འཚེའི་སྔོན་ཚུད་ཉེན་བརྡའི་སྟེགས་བུ་འཛུགས་སྐྲུན།    ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་རྒྱུར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།     ཕྱོགས་བསྡུས་དང་བྱེ་བྲག་གི་བྱེད་ཐབས་རབ་དང་རིམ་པ་དེ་དག་བརྒྱུད་མཚོ་སྔོན་གྱི་གནོད་འགོག་གནོད་འགོགགེགས་སེལ་ལས་དོན་གྱི་ཚན་རྩལ་ཆ་འཕྲིན་ཅན་གྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ན།    རྨ་ཆུའི་མགོ་ཁུངས་ཀྱི་སྣོད་བཅུད་བདེ་འཇགས་འགོག་སྲུང་སྲ་བརྟན་ནུས་ལྡན་ཡོང་བ་དང་།    རྨ་ཆུའི་འབབ་རྒྱུད་དང་ཐ་ན་དེ་བས་རྒྱ་ཆེ་བའི་ས་ཁོངས་ཀྱི་སྣོད་བཅུད་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ལ་དེ་བས་སྲ་བརྟན་དང་བློས་འགེལ་ཆོག་པའི་འགོག་སྲུང་ཐིག་ཅིག་འཛུགས་ཐུབ་རྒྱུ་རེད།    

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།