དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་དང་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་གཏོང་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གནས་ཚུལ་འབྱོར་གསལ། "དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་སྟངས་ཏན་ཏན་ཏིག་ཏིག་གིས་དངོས་འབེབས་བྱེད་པ་ནི། མིག་སྔར་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བ་གཙོ་བོ་ཞིག་ཡིན། ཏང་ཀྲུང་དབྱང་གིས་ཐག་བཅད་པ་ཞིག་ཡིན་ན་ཇི་བཞིན་དུ་ལག་བསྟར་བྱེད་དགོས་པ་ལས། གཅིག་ཀྱང་བསྐྱུར་མི་རུང་།"དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་དུ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཁྱད་པར་དུ་ཕྱོགས5ཡི་གཙོ་གནད་སྲིད་ཇུས་བྱེད་སྟངས་ནན་གྱིས་བསྟན་ཏེ་ཡང་བསྐྱར་ནུས་ལྡན་གྱི་བརྡ་རྟགས་བཏང་།

དུས་ཡུན་ངེས་ཅན་ཞིག་གི་རིང་ལ། སྔར་བསྟར་སྲིད་ཇུས་དང་གསར་སྣོན་སྲིད་ཇུས་ནུས་ལྡན་སྒོས་དངོས་འབེབས་བྱས་པ་དང་བསྟུན། དམངས་གཉེར་ཁེ་ལས་ཀྱི་ཐོན་སྐྱེད་ལས་གཉེར་དང་གསར་སྐྲུན་ལས་གཏོད། ཡིད་ཆེས་སྔོན་དཔག་སོགས་ཀྱི་ཕྱོགས་ནས་ལེགས་བཅོས་གང་ལེགས་བྱུང་སྟེ། བརྟན་བརླིང་ངང་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་མངོན། "ཁྲིམས་བཞིན་འདྲ་མཉམ་གྱིས་ཐོན་སྐྱེད་རྒྱུ་ཆ་བེད་སྤྱོད་དང་དྲང་བདེན་སྒོས་ཚོང་རའི་འགྲན་རྩོད་ཁྲོད་ཞུགས་པའི་བཀག་རྐྱེན་སྣ་ཚོགས་མཐའ་གཅིག་ཏུ་སེལ་བ"དང"དམངས་གཉེར་ཁེ་ལས་ཀྱི་དོམ་ཆད་པའི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་པ།""དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་ཏན་ཏིག་གིས་སྲུང་སྐྱོབ་བྱེད་པ།""སྣ་སོ་སོའི་དཀའ་ངལ་བསལ་བའི་སྲིད་ཇུས་གཟབ་ནན་གྱིས་དངོས་འབེབས་བྱེད་པ།""མཛའ་མཐུན་ལྡན་པའི་སྲིད་ཚོང་འབྲེལ་བ་གཙང་མ་སྔར་བས་འཛུགས་པ"བཅས་ཕྱོགས5ཡི་གཙོ་གནད་སྲིད་ཇུས་བྱེད་སྟངས་ཀྱིས། དམངས་གཉེར་ཁེ་ལས་ཀྱིས་བཏོན་པའི་གཅིག་བསྡུས་དངོས་ཡོད་གནད་དོན་ཐག་གཅོད་པར་དམིགས་པ་དང་། གནད་དོན་སྟོན་ཕྱོགས་དང་ཕན་འབྲས་སྟོན་ཕྱོགས་གཉིས་ཀྱི་གཅིག་གྱུར་གྱི་ནང་གནས་བླང་བྱ་རྒྱུན་འཁྱོངས་བྱས་པ་མཚོན་ལ། དེར་དངོས་ཡོད་ཀྱི་ཁ་གཏད་རང་བཞིན་དང་མཛུབ་སྟོན་རང་བཞིན་དྲག་པོ་ལྡན།

ཚོང་རར་ཞུགས་པ་ནི་ལས་གཉེར་གཙོ་གཞི་དཔལ་འབྱོར་བྱ་འགུལ་ནང་ཞུགས་པའི་སྔོན་འགྲོ་ཞིག་ཡིན་པ་དང་། དྲང་གཞག་གི་འགྲན་རྩོད་ནི་ཚོང་རའི་དཔལ་འབྱོར་གྱི་གཞི་རྩའི་རྩ་དོན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"ཁྲིམས་བཞིན་འདྲ་མཉམ་གྱིས་ཐོན་སྐྱེད་རྒྱུ་ཆ་བེད་སྤྱོད་དང་དྲང་བདེན་སྒོས་ཚོང་རའི་འགྲན་རྩོད་ཁྲོད་ཞུགས་པའི་བཀག་རྐྱེན་སྣ་ཚོགས་མཐའ་གཅིག་ཏུ་སེལ་དགོས་པ"ནན་གྱིས་བསྟན་པས།དམངས་གཉེར་ཁེ་ལས་ལ་སྔར་ལས་དྲང་གཞག་གི་འཕེལ་རྒྱས་གོ་སྐབས་ཞིག་བསྐྲུན། 2023ལོར་བཏོན་པའི《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》གྱིས་ཚོང་རར་ཞུགས་པའི་བཀག་རྐྱེན་རྒྱུན་མཐུད་སྒོས་བསལ་བ་དང་དྲང་གཞག་འགྲན་རྩོད་ཀྱི་སྲིད་ཇུས་ལམ་ལུགས་སོགས་ཀྱི་སྲིད་ཇུས་བྱེད་སྟངས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་གསལ་བོར་བསྟན་པ་དང་། དེའི་དམིགས་ཡུལ་ནི་བརྟན་བརླིང་དང་དྲང་གཞག སྤྱི་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་འཕེལ་རྒྱས་ཁོར་ཡུག་རྒྱུན་མཐུད་སྒོས་ལེགས་བསྒྱུར་བྱེད་རྒྱུ་དེ་ཡིན། 2024ལོའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས"དམངས་གཉེར་དཔལ་འབྱོར་གྱི་སྐུལ་འདེད་བྱེད་ཐབས་བཏོན་པ"དང"ཁེ་ལས་དང་འབྲེལ་བའི་ཁྲིམས་འཛིན་ཆེད་དམིགས་འགུལ་སྐྱོད་ཚད་ལྡན་དུ་གཏོང་བ།""རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་སྒྲིག་བཟོ"བྱེད་པ་སོགས་ད་ལོའི་གཙོ་གནད་འགན་འཁྲིའི་གྲས་སུ་བཞག ཏང་དང་རྒྱལ་ཁབ་ཀྱིས་དམངས་གཉེར་དཔལ་འབྱོར་ལ་བཏོན་པའི་བྱེད་ཕྱོགས་སྲིད་ཇུས་ནི་ནམ་ཡང་འགྱུར་མེད་ལ་ཕྱི་གསལ་ནང་གསལ་ཡིན། "ཞིབ་ཐོ་གཅིག"གི་འགྱུར་ལྡོག་ནི་ཤིན་ཏུ་དཔེ་མཚོན་ཅན་ཞིག་རེད། ཚོང་རར་ཞུགས་འཐུས་པའི་ལྡོག་ཕྱོགས་ཀྱི་ཞིབ་ཐོ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་ནས་བཟུང་། ཐེངས4ལ་བཟོ་བཅོས་བྱས་པ་དང་། དོན་ཚན151ནས་དོན་ཚན117དུ་ཉུང་འཕྲི་བྱས་ལ། རྒན་གསོ་དང་སྨན་བཅོས་སོགས་ཁྱབ་ཁོངས་མང་པོའི་ཚོང་རར་ཞུགས་འཐུས་པའི་ཆ་རྐྱེན་ཇེ་ཡངས་སུ་བཏང་སྟེ། རིགས་སོ་སོའི་ལས་གཉེར་གཙོ་གཞིར་སྔར་ལས་གསོན་ཤུགས་ལྡན་པ་དང་སྔར་ལས་བར་སྟོང་ཆེ་བའི་གོ་སྐབས་བསྐྲུན་ནས། དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་རྒྱུ་ནོར་འཚོལ་དུ་འཇུག་དགོས།  མིག་སྔར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གིས་ཚོང་རར་ཞུགས་འཐུས་པའི་ལྡོག་ཕྱོགས་ཀྱི་ཞིབ་ཐོ་གསར་པ་ཞིག་བཟོ་བཅོས་བྱེད་ཀྱིན་ཡོད་པ་དང་། "བཀག་རྒྱ་མེད་པར་ཚོང་རར་ཞུགས་པའི"བླང་བྱ་དོན་འཁྱོལ་བྱེད་པ། བྱེད་སྟངས་ཞིབ་ཕྲར་གཏོང་བ། རྨང་གཞི་སྒྲིག་བཀོད་ཀྱི་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་དང་རྒྱལ་ཁབ་ཀྱི་གནད་ཆེའི་ཚན་རིག་ཞིབ་འཇུག་གི་རྨང་གཞི་སྒྲིག་བཀོད་སོགས་ཀྱིས་དམངས་གཉེར་ཁེ་ལས་ལ་དྲང་གཞག་གིས་སྒོ་འབྱེད་པར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་སྟེ། དམངས་གཉེར་ཁེ་ལས"གནད་ཆེ་གཉིས"འཛུགས་སྐྲུན་དང"གསར་པ་གཉིས"ཀྱི་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། སྲིད་ཇུས་དེ་དག་ཞིབ་ཅིང་ཕྲ་བའི་སྒོ་ནས་དོན་འཁྱོལ་བྱེད་དགོས་ལ། མིག་སྔར་གྱི་གནད་དོན་ཚབས་ཆེན་བསལ་དགོས་པར་མ་ཟད་ཡུན་རིང་དུ་ཕན་པའི་ནང་རྐྱེན་བསྐྲུན་ན། ད་གཟོད་དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་རྒྱུན་མཐུད་སྒོས་སྐུལ་སྤེལ་བྱེད་ཐུབ།

མཛའ་མཐུན་ལྡན་པའི་སྲིད་ཚོང་གི་འབྲེལ་བ་གཙང་མ་སྔར་བས་བསྐྲུན་པར་བསྐྱར་དུ་བལྟས་ན། དེ་ནི་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་གསར་སྐྲུན་དང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་འགན་སྲུང་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"ཁྱོན་ཡོངས་ནས་མཛའ་མཐུན་ལྡན་པའི་གཅིག་གྱུར་གྱི་སྲིད་ཚོང་གི་འབྲེལ་བ་གཙང་མ་གསར་པ་བཙུགས་ཏེ། ཏང་ཡོན་དང་ལས་བྱེད་པས་གཅིག་ནས་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། རང་འགུལ་གྱིས་དཀའ་ངལ་བསལ་བ། གཉིས་ནས་སྤྱོད་གཙང་གི་ཚད་མཐའ་བརྟན་སྲུང་བྱེད་དགོས་པ"ནན་གྱིས་བསྟན་ཡོད་ལ། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《ཐག་གཅོད》ཀྱིས"ཁྱོན་ཡོངས་ནས་མཛའ་མཐུན་ལྡན་པའི་སྲིད་ཚོང་གི་འབྲེལ་བ་གཙང་མ་འཛུགས་པ་དང་། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣ་བདེ་ཐང་ངང་ནར་སོན་པའི་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ"གསལ་བོར་བསྟན་ཡོད་པས། ལམ་སྲོལ་ནང་རྐྱེན་གྱི་འཛུགས་སྐྲུན་ཐད་བླང་བྱ་སྔར་ལས་མཐོན་པོ་བཏོན་ཡོད།

མཛའ་མཐུན་ལྡན་པའི་སྲིད་ཚོང་གི་འབྲེལ་བ་གཙང་མ་འཛུགས་པ་དོན་ཐོག་ཏུ་འཁྱོལ་དགོས་ན། ངོས་ཟིན་གྱིས་མི་འདང་བ་དང་བྱ་བ་ཕྱོགས་ལྷུང་ཅན་དང་སྟབས་བདེ་ཅན་དུ་གྱུར་བའི་གནད་དོན་ངེས་པར་དུ་ཐག་གཅོད་དགོས། "མཛའ་བརྩེ"དང"སྤྱོད་གཙང"ནི་ངོ་བོའི་སྟེང་ནས་ལས་སྒྲུབ་དང་སྤྱོད་གཙང་གི་འབྲེལ་བ་ཡིན་པས། རྩོད་སྒྲུབ་གཅིག་གྱུར་ཡིན་ལ། མཉམ་སྐྱོད་འགལ་མེད་ཡིན་པ་ཤེས་དགོས།  རིམ་པ་སོ་སོའི་ལས་བྱེད་པས་དབང་བཀོལ་བ་དམངས་ཀྱི་ཆེད་དང་ལས་འགན་ཁུར་ན་བྱ་བ་འགྲུབ་པ། སྤྱོད་པ་གཙང་མ་སྐྱོང་བའི་གནས་ལུགས་དེ་གསལ་བོར་རྟོགས་པར་བྱས་ཏེ།  རང་འགུལ་གྱིས་ཁག་ཁུར་དང་རང་གཅུན་གཉིས་གཅིག་གྱུར་བྱེད་པ་དང་། མཛའ་མཐུན་ལྡན་པའི་སྲིད་ཚོང་གི་འབྲེལ་བ་གཙང་མ་འཛུགས་པའི་ཐད་དུ་རྣམ་འགྱུར་ལེགས་པོའི་སྒོ་ནས་བྱ་བ་ལེགས་པོར་བསྒྲུབ་དགོས་ལ། མཛའ་མཐུན་ལ་ཚད་ཡོད་པ་དང་གཙང་མ་ལ་ཐབས་ཡོད་པ་བྱེད་དགོས། དམངས་གཉེར་ཁེ་ལས་པས་ལྷག་བསམ་རྣམ་དག་གི་སྒོ་ནས་ལས་བྱེད་པར་འགྲོ་འོང་བྱེད་པ་དང་། སྐད་ཆ་ངོ་མ་བཤད་པ་དང་གནས་ཚུལ་དངོས་མ་བརྗོད་པ། བསམ་ཚུལ་དག་མ་འདོན་པ། སྤྱོད་པ་གཙང་མས་དྲང་ལམ་དུ་སྐྱོད་པ་དང་། ཁྲིམས་སྲོལ་བརྩིས་ནས་ཁེ་ལས་གཉེར་བ། མངོན་ལྐོག་མེད་པར་ལས་གཉེར་བྱེད་པ་བཅས་བྱེད་དགོས་པ་ལས། ཁེ་ཕན་ལ་བརྟེན་ནས་ལས་བྱེད་པ་གཡོ་འགུག་བྱེད་མི་རུང་།

དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དངོས་ཡོད་ལ་རྐང་འཛུགས་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྲིད་ཇུས་བྱེད་སྟངས་དངོས་འབེབས་བྱེད་པར་གཅིག་གྱུར་སྒོས་ལེགས་འཛིན་བྱས་ཏེ། བསྒྲུབ་རུང་བ་དེ་མྱུར་དུ་སྒྲུབ་པ་ལས་འགོར་འགྱངས་བྱེད་མི་རུང་། སྲིད་ཇུས་སྣ་ཚོགས་ཇི་བཞིན་དུ་དངོས་འབེབས་བྱས་ན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་ཐུབ་ལ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་དྲག་པོ་གཅིག་ཏུ་བསྡུ་ཐུབ། ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།