[ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད།]དད་མོས་ཀྱི་རྩ་བ་ཇེ་བརྟན་དུ་བཏང་ནས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པས་སྒྲོག་བཤད་བྱེད་སྒོ་སྤེལ།
བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཚོགས་གཙོ་གཞོན་པ་ལིའུ་ཧྲིན་ཞན་དང་། ཁོངས་མི་མཱ་ཁྲང་ཏི་དང་། ཝང་ཏའོ་ཞིན། ཝེ་ཙིན་པོ། ཧྲི་ཧའོ་བཅས་སོ་སོར་མཚོ་སྔོན་དཔེ་སྐྲུན་སྨྱན་སྦྱོར་སྡེ་ཚོགས་དང་། ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཁང་། ཞིང་ཆེན་ལུས་རྩལ་ཅུའུ། མཚོ་སྔོན་སྒོ་འབྱེད་སློབ་ཆེན། ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིང་བཅས་སུ་བསྐྱོད་ནས་གཅིག་སྡུད་སྒྲོག་བཤད་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུར་ཁྲིད་སྟོན་བྱས་ཤིང་། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་བསྒྱུར།
སྒྲོག་བཤད་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ལ་གཞི་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་ཁོང་དུ་ཡང་དག་ཆུད་པར་བྱེད་པར་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་འཆད་འགྲེལ་དང་འགྲེལ་ཀློག་གཏིང་ཟབ་བྱས་ཤིང་། སྒྲོག་བཤད་བྱ་ཡུལ་དུ་ཚོགས་ཞུགས་མི་སྣས་ནན་ཏན་ངང་ཉན་པ་དང་གཟབ་ནན་གྱིས་ཟིན་ཐོ་ཞིབ་ཕྲ་འགོད་པ་སོགས་ཀྱི་རྣམ་པ་བཟང་བོས་ཁེངས་ཡོད།
མཚོ་སྔོན་དཔེ་སྐྲུན་སྨྱན་སྦྱོར་སྡེ་ཚོགས་ཚད་ཡོད་ཀུང་སིའི་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དབྱང་ཡུང་གིས་བཤད་རྒྱུར། དཔེ་སྐྲུན་སྨྱན་སྦྱོར་ལས་སྒོ་གཙོ་བོར་གཞི་ཚུགས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་འཐབ་ས་བརྟན་སྲུང་བྱས་ནས་ཏང་འཛུགས་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ལ། སྤུས་དག་དཔེ་སྐྲུན་དང་། དཔེ་སྐྲུན་འགྲེམ་སྤེལ། རིག་གནས་དམངས་ཕན་ཞབས་ཞུ་བཅས་དམ་འཛིན་ཏན་ཏིག་བྱེད་པ་དང་། རྒྱལ་དབང་རིག་གནས་ཁེ་ལས་ཀྱི་སྤྱི་ཚོགས་ཕན་འབྲས་སྔོན་ལ་འཇོག་པ་དང་། སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བའི་བླང་བྱར་རྩེ་གཅིག་ཏུ་དམིགས་ཏེ། སྤྱོད་ཚུལ་ནན་མོར་བརྟེན་ནས་རྒྱལ་དབང་རིག་གནས་ཁེ་ལས་ཀྱི་འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་དགོས།
མཚོ་སྔོན་ཞིང་ཆེན་ལུས་རྩལ་བྱ་བའི་རུ་ཆེན་གཉིས་པའི་རུ་གཙོ་གཞོན་པ་ཅི་ཞའོ་ཅིན་གྱིས་བཤད་རྒྱུར། ངས་རང་འཁྲིའི་ལས་གནས་ཐོག་རྐང་ཚུགས་ཏེ། ཕྱོགས་ཡོངས་ནས་རྒྱུན་འཁྱོངས་ལྷོད་སྒོས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་དེ་འགྲན་སྲོལ་དང་སྒྲིག་ལམ་དམ་འཛིན་དང་། དཔུང་ཁག་གི་སྤྱོད་ཚུལ་དམ་འཛིན། ཤེས་ལྡན་མི་སྣ་གསོ་སྐྱོང་དམ་འཛིན་བཅས་བྱེད་པའི་ལས་རིམ་སོ་སོར་ཁྱབ་ཏུ་འཇུག་དགོས་ལ། འགན་འཁྲི་ནན་མོ་འཁུར་བ་དང་དོ་དམ་ནན་མོ་དང་གཅེས་སྐྱོང་ཡག་པོ་བྱ་རྒྱུ་ཕན་ཚུན་ཟུང་འབྲེལ་བྱས་ཏེ་མཚོ་སྔོན་གྱི་ལུས་རྩལ་བྱ་གཞག་ཆེད་དགེ་མཚན་ལྡན་པའི་སྟོབས་ཤུགས་འབུལ་དགོས།
ཚང་མས་བསྟན་དོན། སྒྲོག་བཤད་ཀྱི་ལངས་གནས་མཐོ་ཞིང་དང་འབབ་ས་དོན་དངོས་ཡིན་ལ། ཕྱོགས་ཡོངས་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་ནན་སྐྱོང་བྱེད་པའི་གཙོ་ཐིག་འདི་དམ་པོར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཁྱབ་ཁོངས་སོ་སོའི་འགན་ནུས་ཁྱད་ཆོས་དང་ཟུང་འབྲེལ་དམ་པོ་བྱས་ནས། རིགས་པའི་གཞུང་ལུགས་ལ་དང་དོད་བྱེད་ལ་བྱེད་ཐབས་ཀྱང་ཁྲིད་པ་དེས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རང་འཁྲིའི་ལས་དོན་ཡག་པོར་སྒྲུབ་པའི་ཞིབ་ཕྲའི་བྱ་སྤྱོད་ལ་བསྒྱུར་རྒྱུར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། རྗེས་མར་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་། ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། བླང་བྱ་ནན་མོ་དེ་རང་འགན་གཙང་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་དང་ལག་བསྟར་གྱི་ཕན་འབྲས་ལ་ཞིབ་བཤེར་བྱ་རྒྱུ་ཡིན།
མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ།་ཀྲའོ་ཆང་གིས་བཤད་རྒྱུར། ང་ཚོས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་སྡེ་ཁག་གི་ཆབ་སྲིད་ལས་ཁུངས་ཀྱི་ངོ་བོ་སྟངས་འཛིན་ནན་མོ་བྱ་རྒྱུ་ཡིན་ལ། ཏང་གཤིས་ཆེར་སྐྱེད། འགན་འཁྲི་འཁུར་བ། དོན་འཁྱོལ་དམ་འཛིན། ཕྱོགས་ཡོངས་ནས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ནན་སྐྱོང་བྱེད་པའི་ཕན་འབྲས་གསར་པར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།