ཞི་ཅིན་ཕིང་གིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”རྗེས་དྲན་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས23ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”རྗེས་དྲན་ཚོགས་ཆེན་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ཕ་ལེ་སི་ཐན་གྱི་གནད་དོན་ནི་དབུས་ཤར་གནད་དོན་གྱི་སྲོག་ཤིང་ཡིན། མིག་སྔར་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ལ་དོ་ཁུར་བྱ་རྒྱུར་བསྒྱུར་མི་རུང་། ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ནི“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”ཡང་དག་པའི་ཁ་ཕྱོགས་གཏན་འཁེལ་བྱས་ནས། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཞི་བའི་གྲོས་མོལ་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། “ཕ་ལེ་སི་ཐན་གྱི་མིས་ཕ་ལེ་སི་ཐན་བཅོས་སྐྱོང་བྱེད་པའི”རྩ་དོན་གཞིར་བཟུང་ནས་ཅོར་ཏན་གཙང་པོའི་ནུབ་འགྲམ་བཅོས་སྐྱོང་དང་ཅ་ཧྲ་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཕ་ལེ་སི་ཐན་ལ་དམིགས་པའི་ས་བཟུང་དབང་གནོད་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་ཐུན་མོང་གི་ངོས་འཛིན་དང་ཁས་ལེན་བྱ་སྤྱོད་དུ་བསྒྱུར་ཏེ། ཅ་ཧྲ་ས་ཁུལ་དུ་ཡུན་རིང་འཁྲུག་རྩོད་མཚམས་འཇོག་པ་དང་མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  རྒྱུ་འབྲས་མི་ཡི་སེམས་སུ་ཡོད། དྲང་བདེན་ནམ་ཡང་མེད་མི་རུང་།  ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱིས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་གྱི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་བདེ་ལ་དགའ་བ་དང་དྲང་བདེན་བརྟན་སྲུང་བྱེད་པའི་རྒྱལ་ཁབ་ཡོད་ཚད་དང་མཉམ་དུ་རྒྱལ་སྤྱིའི་ཁྲིམས་སྐྱོང་རྨང་གཞིར་བྱེད་པ་དང་། རྩ་ལག་མཉམ་བཅོས་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས། དངོས་གཉེར་ལ་བརྟེན་ནས་ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཕྱོགས་ཡོངས་དང་། དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་ཡོང་བར་སྐུལ་འདེད་གཏོང་བ་དང་། དབུས་ཤར་ས་ཁུལ་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་དགོས་ལ། འཛམ་གླིང་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་བྱས་རྗེས་འཇོག་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།