——སྙིང་སྟོབས་ཀྱི་འོད་སྣང་མཐོ་སྒང་དུ་འཕྲོས།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཐོ་སྒང་དུ་གཞི་ཚུགས་ཏེ། མི་དམངས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་བསྒྲུབས་པ་དང་། གཞན་དོན་ལྷུར་ལེན་གྱིས་ལེགས་སྐྱེས་འབུལ་བ། དངོས་སྒྲུབ་དོན་གཉེར་གྱིས་ཁག་འགན་ཁུར་དུ་ལེན་མཁན་བློ་མཐུན་སྐལ་བཟང་གི་བླ་ན་མེད་པའི་སྙིང་སྟོབས་དེ་སྔ་མོ་ཞིག་ནས་མཚོ་སྔོན་གྱི་ས་གཞི་ཆེན་མོའི་ཁྲག་རྒྱུན་དང་འདྲེས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་རྣམས་ལ་སྐུལ་ལྕག་ཐེབས་ཤིང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་སྒུལ་ཤུགས་སུ་གྱུར་ཡོད། སྐལ་བཟང་གི་སྒེར་སེམས་མེད་པའི་སྙིང་སྟོབས་ཀྱི་འབོད་སྐུལ་འོག མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མིག་དཔེ་བཟང་པོའི་རྗེས་སུ་འབྲངས་ཏེ། འབད་འཐབ་ལྷོད་མེད་ཀྱི་བློ་རྩ་མ་ཉམས་པར་སྐྱེ་ཁམས་གྱི་བརྩེ་སེམས་ཟབ་མོ་དར་སྤེལ་དང་། ལྟ་སྲུང་གི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ཞིང་། དངོས་སྒྲུབ་འགན་ལེན་གྱི་སྒོ་ནས་ས་མཐོའི་རི་ཀློང་ལ་བྱ་ར་དང་། སྔོ་ལྗང་གི་རི་མོ་ཇུས་འགོད་ལ་རྒྱུན་འཁྱོངས་ལྷོད་མེད་བྱས་པ་དང་། ཆུ་གསུམ་མགོ་ཁུངས་ཀྱི་རྩི་ཤིང་དང་རི་ཀླུང་ཐང་གསུམ་ལ་ལྟ་སྲུང་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་ཐོག་དུས་རབས་གསར་པར་ལན་ཞིག་སྤྲད་བཞིན་ཡོད།

རི་བོ་སྲུང་ཞིང་སྡོང་བོ་བཙུགས་ཏེ། སྐྱེ་ཁམས་ཚིས་གཞིར་ནེམ་ཤ་བསྣན།
ཟི་ལིང་གྲོང་ཁྱེར་གྱི་ལྷོ་རིའི་ལྗོངས་གཟིགས་སྟེགས་བུར་འགོས་ཏེ་རྒྱང་རིང་ལ་བལྟས་ན། ལྷོ་བྱང་གི་རི་ངོས་ན་མཐོ་དམའ་མི་འདྲ་བའི་ལྗོན་ཤིང་གི་འདབ་ལོ་ཚང་ཚིང་དུ་འཁྲུགས་ཤིང་། སྔོ་ཐིང་ཐིང་མིག་ལ་མཛེས་ཡོང་། རི་ལེབ་སྐྱ་བོ་ཞིག་སྐྱ་ཐིང་ཐིང་ནས་སྔོ་ཐིང་ཐིང་དུ་བསྒྱུར་བའི་ངོ་མཚར་གཏམ་རྒྱུད་ནི་སྐལ་བཟང་གིས་ཚེ་མཇུག་ཏུ་འགན་འཁྲི་ཁུར་ཏུ་འཁྱེར་ནས་བཏབས་པའི་རེ་བ་ཡིན་ལ། མི་རབས་ནས་མི་རབས་སུ་མཚོ་སྔོན་གྱི་ལྗང་སྒྱུར་བས་སྲོལ་བཟང་དར་སྤེལ་དང་ཉམས་མེད་རྒྱུད་འཛིན་བྱས་པའི་གྲུབ་འབྲས་ཀྱང་རེད།
མི་བུ་འདི་འཇིག་རྟེན་དཀར་ངོགས་ན་མེད་ཀྱང་། ལྗོང་ཤིང་གི་འདབ་མར་ནམ་ཡང་གསོན་ཤུགས་ཀྱིས་བརྟས། སྐལ་བཟང་གིས་དངོས་སུ་བཙུགས་པའི་སྡོང་ཕྲུག་དག་ཀྱང་ད་ནི་ནགས་ཚལ་དུ་གྱུར་ཏེ། མི་རབས་ནས་མི་རབས་སུ་རི་ཁུལ་དུ་རྐང་ཚུགས་པའི་ནགས་སྲུང་བ་མང་པོ་ཞིག་ལ་ཁོང་གི་འགྱུར་མེད་ཀྱི་སྐྱེ་ཁམས་སྙིང་སྟོབས་ཀྱིས་སྐུལ་ལྕག་ཐེབས་བཞིན་ཡོད་པས། ལྷོ་རི་དང་བྱང་རིའི་ལུང་བ་རེ་རེ་དང་རི་ངོས་རེ་རེ་ན་ཁོམ་ལོང་མེད་པའི་སྐྱེ་ཁམས་ལྟ་སྲུང་བའི་གཟུགས་བརྙན་ང་ཚོའི་མིག་ལམ་དུ་མངོན་གྱི་ཡོད། རི་བོར་སྐོར་ཞིབ་ཀྱི་རྐང་རྗེས་རེ་རེ་ནི་སྐྱེ་ཁམས་ལ་དམ་བཅའ་བཞག་པའི་ཉམས་ལེན་རེ་རེ་ཡིན་པ་མ་ཟད། སྐལ་བཟང་གི་སྙིང་སྟོབས་མི་ཉམས་རྒྱུན་འཛིན་བྱེད་མཁན་དེ་བས་ཀྱང་རེད།
ལྟ་སྲུང་བའི་དཔུང་སྡེ་ཁྲོད་ཀྱི་ཏུན་ཀའོ་ལུའུ་ནི་སྐལ་བཟང་དང་མཉམ་དུ་རི་ལ་འཛེག་ནས་ལྗང་སྒྱུར་དུ་བྱོན་མཁན་ཆེས་སྔ་བ་ཡིན། 1991ལོར་ཁོ་རང་ལོ18ལ་སོན་ཞིང་། ལོ་དེར་བྱང་རིར་ཡོང་ནས་སྐལ་བཟང་གི་རྗེས་འབྲངས་ནས་རྡོ་རྐོས་ས་གཤགས་དང་། ས་ཁུར་སྤོ་བརྗེ་ལ་སོགས་ཀྱི་བྱས་མྱོང་བ་དང་། སྲ་ཞིང་མཁྲེགས་ལ་ས་དམར་ཟེགས་རྡོ་མང་སའི་རིའི་གདོང་དང་གཟར་ངོས་སུ་ལྗང་མདོག་གི་རེ་བའི་ས་བོན་གཏོར་མྱོང་། གྲང་ལྷགས་ཆེ་ལ་སྐམ་ཤས་ཆེ་བའི་བྱང་རིར་མཚོན་ན་སྡོང་པོ་འཛུགས་དཀའ་ལ་སྡོང་ཕྲུག་དེ་ལས་ཀྱང་གསོན་དཀའ་བ་མ་ཟད། ཟེགས་བྱེ་འདྲེས་མའི་རླུང་ཆེན་གྱིས་དུས་རྒྱུན་སྦྲ་གུར་ཧམ་གྱིས་མགོ་རྟིང་སློག་སྲིད། ཆུ་རི་ལ་ཁུར་ནས་སྟོང་ཕྲུག་གསོ་བ་དང་། ཉིན་མཚན་དབྱེར་མེད་ལ་རི་སྲུང་དགོས་པ་ནི་རྒྱུན་ལྡན་གྱི་ལས་ཀའི་རྣམ་པ་ཞིག་ཡིན། སྐལ་བཟང་གིས“སྔོན་ལ་ཞྭ་མོ་གོན་དེ་ནས་ལྷམ་གྱོན་དགོས”ཞེས་པའི་ཚན་རིག་དང་མཐུན་པའི་ནགས་འདེབས་ཀྱི་བསམ་བློ་དེ་ཏུན་ཀའོ་ལུའུ་ཡི་སེམས་ལ་རི་མོ་བཞིན་བརྐོས། ལོ་ངོ་སུམ་ཅུའི་རིང་གི་ལོ་ཟླའི་བཞུར་རྒྱུན་ཁྲོད། ཁོ་ནི་ཐོག་མའི་ནགས་འཛུགས་པ་ཆུང་ཆུང་ཞིག་ནས་རིམ་བཞིན་བྱང་རིའི་ཏ་ཏུན་ལིན་ལྗང་སྒྱུར་ས་ཁོངས་ཀྱི་ལྟ་སྲུང་རུ་ཁག་གི་འགན་ཁུར་བར་གྱུར་ཏེ། ཉིན་མཚན་དབྱེར་མེད་ལ་རི་ཡི་ནགས་ལ་སོ་སྲུང་བྱེད་བཞིན་ཡོད། ཁོས་མིག་ནང་དུ་རིའི་སྟེང་དུ་བཙུགས་པའི་སྡོང་ཕྲུག་རེ་རེ་ནི་བདག་སྐྱོང་ཡག་པོ་བྱེད་དགོས་པའི་བྱིས་པ་དང་འདྲ། དུས་རྒྱུན་ཡང་ངས་སྲུང་བ་ནི་ནགས་རི་ཁོ་ན་མིན། ངས་སྲུང་བ་ནི་ཧྲིན་ཀྲང་རྙིང་པས་མཐོ་སྒང་དང་མི་རབས་རྗེས་མར་བཞག་པའི་སྐྱེ་ཁམས་ཀྱི་འདུན་པ་དེ་ཡིན་ཟེར།
ཏུན་ཀའོ་ལུའུ་དང་ཆ་འདྲ་བའི་དབྱང་ཡུས་ལིན་གྱིས་ཀྱང་གཞོན་ནུའི་ལང་ཚོ་ཕྲེང་བསྟར་བརྒྱུས་པའི་རི་ཚོགས་ལ་བསྟམས། ལོ་ངོ20ལྷག་གི་ཡར་སྔོན་ལ། ཁོས་སྐོར་སྲུང་བའི་རྡོག་མཁྲེས་རྒྱབ་ཏུ་ཁུར་ཏེ་རི་ཁུལ་དུ་གཞི་ཚུགས་ནས་དཔྱིད་ལ་མེ་ཟོན་དང་། དབྱར་ལ་སྡོང་འཛུགས། སྟོན་ལ་གསོ་སྐྱོང་། དགུན་ལ་སྐོར་ཞིབ་བཅས་དུས་བཞི་རེས་མོས་སུ་མཚམས་ཚིགས་མེད་པར་ལས་ཀ་ལྷོད་མེད་བསྒྲུབས། ལམ་མེད་པའི་ས་ཁོངས་ལ་འཕྲད་དུས་འགན་ཁུར་ས་ཁོངས་སུ་རྒྱང་སྐོར་བྱས་ཏེ་ལུང་པ་རེ་རེ་མ་ལུས་པ་ཞིག་སྐོར་ཞིབ་བྱས། སྐམ་ཤས་ཆེ་བའི་དགུན་དུས་ལས་རོགས་ཚོ་དང་མཉམ་དུ་ཆུ་སྐྱེལ་བ་དང་། སྡོང་བོ་རེ་རེ་ལ་བདག་སྐྱོང་ཡག་པོ་བྱས་ནས་སྡོང་ཕྲུག་ཡར་སྐྱེས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས། སྐོར་ཞིབ་ཀྱི་ལམ་དུའང་ཁོ་དང་ལས་རོགས་ཚོས་མེ་ཡི་ཉེན་ཁར་ལྟ་བཤེར་དང་གནོད་འབུའི་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་ཞོར་ཏུ་རི་ཁུལ་དུ་ཡོང་མཁན་མང་ཚོགས་ལ་ནགས་ཚལ་གྱི་མེ་ཟོན་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས། དེ་ལྟར་ཁོ་ཚོས་ཉི་མ་རེ་རེར་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་པས། སྐལ་བཟང་གི་སྡོང་འཛུགས་ལ་བཅངས་པའི་འགྱུར་མེད་སྙིང་སྟོབས་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱི་ཐོག་མའི་སེམས་འདུན་དེ་རི་ཁྲོད་དང་ནགས་གསེབ་ན་མི་ཉམས་པར་དར་སྤེལ་གྱི་རྒྱུན་རིང་དུ་བསྲིངས་ཡོད།
མི་རབས་ནས་མི་རབས་སུ་ནགས་ལས་པས་སྙིང་སྟོབས་རྒྱུད་འཛིན་གྱི་སྲོལ་བཟང་གཅིག་ནས་གཅིག་ལ་བརྒྱུད་དེ། རི་སྒང་དུ་གཞི་ཚུགས་ནས་ཁ་ཁུ་སིམ་པོར་ལས་ཀ་བརྟན་སྲུང་བྱས་པ་དང་། རི་རྒྱུད་གོམ་གྱིས་གཞལ་ཏེ་རྔུལ་ཆུས་ལྗོན་ཤིང་བརླན། “བྱས་རྗེས་ང་ཡིས་བཞག་པ་མ་ངེས་ཀྱང་། འགྲུབ་པའི་ལས་ཁྲོད་ཅིས་ཀྱང་ང་རང་དགོས”ཞེས་པའི་ཁག་འགན་ལག་ལེན་བྱས་ཏེ། ལྷོ་རི་དང་བྱང་རིའི་ལྗང་མདོག་གི་རྒྱུན་རིང་དུ་བསྲིངས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་གཞག་ལ་ཆུ་རྒྱུན་བཞིན་དུ་འབབ་པའི་སྟོབས་ཤུགས་བསྩལ།
རིག་གནས་ཡོན་ཏན་ཀྱིས་སེམས་རྒྱུད་གསོས་ཏེ། ལྗང་མདོག་གི་ས་བོན་གཏོར།
དགུན་གྱི་དུས་མགོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཐོ་རིམ་སློབ་འབྲིང་གསུམ་པའི་སློབ་ཁང་དུ་དྲོད་འཇམ་གྱི་ཉི་འོད་ཅོག་ཙེ་སྟེང་དུ་ཕོག་འདུག ཀྲེན་ལི་མའེ་ཡིས་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་བཞིན་ཡོད། མཐོ་སྒང་གི་སློབ་གསོའི་ལས་རྐང་དང་པོར་རྐང་ཚུགས་པའི་རིམ་གཉིས་དགེ་རྒན་ཞིག་ཡིན་པའི་ཆ་ནས། མོ་དང་སྐལ་བཟང་གི་སྙིང་སྟོབས་བར་གྱི་འབྲེལ་བ་དེ་བརྗོད་དོན་ཏང་གི་ཉིན་མོ་དང་དགེ་རྒན་གྱི་ཀུན་སྤྱོད་སློབ་སྦྱོང་བྱེད་ཐེངས་རེ་ནས་མགོ་བརྩམས་ཤིང་། ཉིན་རེ་ཡི་སློབ་ཁྲིད་དང་སློབ་བུ་གསོ་སྐྱོང་གི་བརྡར་ཞུན་ཁྲོད་ནས་རིམ་བཞིན་ཇེ་གསལ་དུ་གྱུར་བ་ཡིན།
ཀྲེན་ལི་མའེ་ཡིས་སྐལ་བཟང་གི་མཛད་རྗེས་ལ་ཞིབ་ཀློག་ཆ་ཚང་བྱས་ཏེ། བརྗོད་དོན་སློབ་གསོའི་སློབ་ཁྲིད་ནས་གསར་འགྱུར་སྒྲོག་སྤེལ་བར་དང་། མཛད་རྗེས་ཀློག་དེབ་ནས་ཆེད་དོན་དངོས་བཤུས་གློག་བརྙན་བར་གྱི་གཏམ་རྒྱུད་རེ་རེ་ལས་མཐོ་སྒང་གི་བློ་དཀར་བའི་མི་བུ་ལྷག་བསམ་ཅན་འདིའི་དགོངས་པ་རྟོགས། དེ་ལས་ཀྱང་མོ་ལ་ཆེས་ཡིད་འགུལ་ཐེབས་པ་ཞིག་ནི་སྐལ་བཟང་ལས་འཁྱུར་ངལ་གསོ་བྱས་རྗེས་སུ། སྔར་བཞིན་མདོག་མ་ཡལ་བར་ཚེ་མཇུག་གི་དུས་ཚོད་ཡོངས་སྐྱ་ཐིང་ཐིང་གི་རི་ཀློང་ལ་གཏིམས་པ་དེ་དང་། འགྱུར་མེད་དམ་བཅའ་བཞག་སྟེ་ལྷོ་རི་དང་བྱང་རི་ལྗང་སྒྱུར་བྱེད་པའི་གདམས་ག་དེ་ཡིན།
ང་ནི་དང་ཐོག་ལུག་རྫི་ཆུང་ཆུང་ཞིག་ཡིན། གུང་ཁྲན་ཏང་གིས་ང་སྐྱེད་སྲིང་བྱས་པ་ཡིན་པས། ངས་བེ་སང་ལ་དོན་དག་མང་ཙམ་བསྒྲུབ་དགོས་པ་དང་། མི་རབས་རྗེས་མ་རྣམས་ལ་སྔོ་ལྗང་གི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། ཞེས་པའི་སྐད་ཆ་དེ་ཀྲེན་ལི་མའེ་ཡི་སེམས་གཏིང་ལ་རི་མོ་བཞིན་བརྐོས་ཡོད། མོས་དུས་རྒྱུན་བསམ་བློ་གཏོང་དུས། དགེ་རྒན་གྱི་འགན་འཁྲི་ནི་ལོ་ཆུང་བྱིས་པ་དག་གི་སེམས་རྒྱུད་ལ་མཐོ་སྒང་ལ་དབང་བའི“རི་སྔོན་པོ”ཡི་ས་བོན་གཏོར་རྒྱུ་དེ་ཡིན་འདོད་ཡོད། སློབ་བུ་སྐྱེད་སྲིང་དང་རི་སྐྱ་བོར་ལྗོན་བཟང་འདེབས་པའི་དཔེ་དེ་གཉིས་ནི་ཇི་འདྲའི་མཚུངས་པ་ལའང་། ཚང་མར་འབད་པ་ལྷོད་མེད་ཀྱི་བརྟན་སྲུང་དགོས་ལ། ཁ་ཁུ་སིམ་པོས་བྱས་རྗེས་འཇོག་དགོས་པ་དང་། སྐབས་སུ་བབ་པའི་དོན་ལ་གཞི་ཚུགས་ཏེ་རྗེས་རབས་པར་རྩ་ཆེ་བའི་ལོངས་སྤྱོད་གསོག་དགོས་པ་དེ་རེད།
ཉིན་རྒྱུན་གྱི་སློབ་ཁྲིད་ཁྲོད་དུ། ཀྲེན་ལི་མའེ་ཡིས་སྣོད་བསྟུན་སློབ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། སློབ་བུ་རེ་རེ་ལ་འདྲ་མཉམ་གྱི་ལྟ་བ་བཟུང་བ་དང་། རྨང་གཞི་ཞན་ཞིང་གཤིས་ཀ་གཉོམ་པའི་བྱིས་པར་འཕྲད་དུས། མོས་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་དེ་ལ་ཟུར་ཁྲིད་བྱེད་ཅིང་། སེམས་ཁམས་ཕྱོགས་ལ་སློབ་སྟོན་དང་། ཞི་དུལ་གྱི་ངང་ནས་ཁོ་ཚོའི་འཚར་ལོངས་ལ་རོགས་དན་མཛད། སློབ་ཁྲིད་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ལ་ཁ་ཕྱོགས་ནས་མོས་སྐལ་བཟང་དང་འདྲ་བར་སྐྱ་ཐིང་ཐིང་གི་རི་ཀླུང་དུ་སེམས་རྣལ་དུ་ཕབ། བློ་གཅིག་ལ་གཏད་དེ་མུ་མཐུད་དུ་སློབ་ཁྲིད་བྱེད་ཐབས་ལ་ཞིབ་འཇུག་དང་།
ཁྲིད་སྟེགས་ཆུང་ཆུང་ལ་ཉི་ཟླ་ཤོང་། ས་སྨྱུག་རྐང་གཅིག་གིས་དུས་བཞི་རྩོམ། ཀྲེན་ལི་མའེ་དང་མཐོ་སྒང་གི་སློབ་གསོ་པ་ཁྲི་སྟོང་མང་པོས་དཀྱུས་གཅིག་ཏུ་སྐལ་བཟང་གི་སྙིང་སྟོངས་དེ་སློབ་ཁྲིད་དང་སློབ་མ་སྐྱེད་སྲིང་གི་བྱ་བ་ཕྲན་ཚེགས་ཁྲོད་བཅུག་སྟེ། བརྩེ་སེམས་དང་། གཟོད་བསྲན། འགན་སེམས་ལ་བརྟེན་ནས་བྱིས་པ་རྣམས་ཀྱི་སློབ་སྦྱོང་གི་ཕུགས་འདུན་དམ་སྲུང་བྱས་ཤིང་། གཞོན་ནུ་ལོ་ཆུང་གི་སེམས་རྒྱུད་ལ་མཐོ་སྒང་ལ་དགའ་ཞེན་དང་། ཆུ་མགོའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས་པའི་ས་བོན་གཏོར་དང་གཏོར་བཞིན་ཡོད། ཁོ་ཚོས་དེ་རིང་གཏོར་བའི་རེ་བའི་ས་བོན་རེ་རེ་མཐའ་མར་ཨ་སྔོན་དགོང་དུ་ཟུག་པའི་སྡོང་བོ་ཆེན་པོར་རྒྱས་ངེས་པར་ཡིད་ཆེས་ཡོད། དེ་ནི་མི་བུ་སྐལ་བཟང་གིས་སྔོན་ཆད་བཙུགས་པའི་སྡོང་ཕྲུག་ད་ལྟ་སྔོ་ཐིང་ཐིང་ང་ཚོའི་མིག་ལ་བརྒྱན་ནས་རྗེས་རབས་པར་ཕན་བདེ་བསྐྲུན་ཡོད་པ་ལྟར་རོ། །
གླུ་གར་གྱིས་དུང་བ་བརྗོད་དེ། སྐྱེ་ཁམས་ཀྱི་ཐོག་མའི་སེམས་འདུན་མི་སེམས་ལ་འཇགས།
སྐལ་བཟང་གི་གཏམ་རྒྱུད་དེ་ཆིན་ཆིང་ཟློས་གར་གྱི་གར་སྟེགས་སུ་འཁྲབ་པ་ནི་ཟི་ལིང་སྒྱུ་རྩལ་ཟློས་གར་གླིང་གི་ཐབས་མཁས་ཀྱིས་བརྩམས་པའི་གསར་རྩོམ་ཞིག་ཡིན། གར་སྟེགས་སུ་འཁྲབ་སྟོན་པ་རྣམས་ཀྱིས་ལུས་ཀྱི་ཉམས་འགྱུར་ཕྲ་མོ་དང་གླུ་ཡི་འགུགས་ལུགས་སྙན་མོ་ལ་བརྟེན་ནས“འབྲོག་པ་ཧྲིན་ཀྲང”སྐལ་བཟང་གི་བརྗིད་ཆེ་ལ་བབ་ཆགས་པའི་མི་ཚེ་ཧྲིལ་བོ་རང་བཞིན་གྱིས་བརྗོད། གཟིགས་མོ་བ་རྣམས་ཀྱིས་སྐད་ཀྱི་འགྱུར་བ་སྣ་ཚོགས་དང་བསྡེབས་ནས་ལོ་ཟླའི་ཕ་རོལ་ཏུ་བརྒལ་ཏེ། མཐོ་སྒང་གི་མི་བུ་ལྷག་བསམ་ཅན་དེས་ས་ཆེན་གྱི་སྟེང་དུ་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ནས་གཞན་ཕན་ལ་བློས་གཏོང་བའི་གཟུགས་བརྙན་ངོ་མ་ངང་གིས་མཐོང་ཐུབ་པར་གྱུར།
2015ལོར་ཟི་ལིང་སྒྱུ་རྩལ་ཟློས་གར་གླིང་གིས་མཚོ་སྔོན་གྱི་ཟློས་གར་རྩོམ་སྒྲིག་པ་གྲགས་ཅན་ཝང་ཅིན་ཧྲན་གདན་དྲངས་ནས་ཆིན་ཆིང་གི་དེང་རབས་ཟློས་གར《སྐལ་བཟང》ཞེས་པའི་འཁྲབ་གཞུང་གསར་རྩོམ་གྱི་མགོ་བརྩམས། མི་སྣ་ཞིག་བཞེངས་དགོས་ན། ཡིག་ངོས་ཀྱི་རྒྱུ་ཆ་ཁོ་ན་ཙམ་གྱིས་མི་ཆོག་པས། གསར་རྩོམ་དཔུང་སྡེ་ཐེངས་དུ་མར་རྒྱ་མདོ་རྫོང་དུ་བསྐྱོད་དེ། སྐལ་བཟང་གི་ཁྱིམ་དང་། ཁོའི་ཉེ་ཚན་དང་གྲོགས་པོ། ལས་གྲོགས། དེ་མིན་ཁོའི་རོགས་སྐྱོབ་ཐོབ་མྱོང་མཁན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གམ་དུ་བཅར་ནས་རྒྱུ་ཆ་ཡང་དག་འཚོལ་སྡུད་བྱས། ཁོ་རང་གསེར་དངུལ་ཐང་གི་རྩྭ་ཐང་དུ་འཚར་ལོངས་བྱུང་བའི་ལོ་ཆུང་དུས་ཀྱི་ལོ་ཟླ་ནས་གཞི་རིམ་དུ་ཚུགས་ཏེ་མང་ཚོགས་སེམས་ལ་བཅངས་པའི་བར་དང་། དེ་ནས་ལས་འཁྱུར་ངལ་གསོ་བྱས་པ་ནས་སྐྱ་ཐིང་ཐིང་གི་རི་བོར་སྡོང་འཛུགས་བྱས་པའི་བར་གྱི་གཏམ་རྒྱུད་བརྗོད་པའི་ཁྲོད་དུ། བརྗོད་བྱེད་ཀྱི་དོན་གནད་ཕྲ་མོ་ལ་གསར་རྩོམ་དཔུང་སྡེ་ཡིས་ཡང་དང་བསྐྱར་དུ་བརྡར་ཞུན་བྱས་ཏེ། ཟོལ་དང་བྲལ་ཞིང་ཉེ་ཞིང་མཐུན་པ། མི་དམངས་སེམས་ལ་བཅངས་པའི་སྐལ་བཟང་གསོན་པོ་ཞིག་བཞེངས་པར་ནུས་ཤུགས་ཡོད་རྒུ་བཏོན།
འཁྲབ་སྦྱོང་གི་གོ་རིམ་ལ་དཀའ་སྡུག་ཧ་ཅང་ཆེ། མི་སྣ་དེ་ཡག་པོ་ཞིག་འཁྲབ་ཆེད། འཁྲབ་སྟོན་པས་ཡང་དང་བསྐྱར་དུ་མི་སྣའི་ལོ་རྒྱུས་ལ་ཞིབ་ཏུ་ཀློག་ཅིང་། འབྲེལ་ཡོད་ཀྱི་བརྙན་གཟུགས་རྒྱུ་ཆར་བལྟས་ཏེ་མི་བུ་སྐལ་བཟང་གི་བཞིན་གྱི་ཉམས་འགྱུར་དང་སྐད་ཆ་བཤད་སྟངས་སོགས་ལ་བློ་རིག་པས་བརྟག་པ་དང་། སྨྲ་ལྕེ་དང་བྱ་སྤྱོད། ལུས་ཀྱི་ཉམས་འགྱུར་སོགས་ཇི་བཞིན་ལད་ཟློས་བྱས་པར་མ་ཟད། ཁོའི་རུས་རྐང་ལ་ཟུག་པའི་ཞེན་འཛིན་དང་བློ་དཀར་ལྷག་བསམ་གོ་རྟོགས་ཟབ་མོ་བླངས།
“མི་བཟང་པོ་ཞིག་བྱེད་པའི་རྩ་དོན་དང་། བློ་འགྱོད་མེད་པའི་རང་ཉིད་་བརྟན་པོར་སྲུང་།”ཞེས་བརྗོད་དོན་གླུ་དབྱངས《བརྟན་སྲུང》ཞེས་པ་སྙན་པའི་བུ་གར་གྲགས་འོང་ཚེ། གར་སྟེགས་མདུན་དང་ཡོལ་བའི་རྒྱབ་ལོགས་ཀྱི་མི་ཚང་མར་སེམས་འགུལ་ཐེབས། གར་སྟེགས་ཀྱི་འཁྲབ་སྟོན་པ་དང་། གློག་འོད། སྒྲ་དབྱངས། འཁྲབ་གོས་ལ་སོགས་གར་སྟེགས་རྒྱབ་ཀྱི་ལས་བྱེད་པ་རྣམས་སྐལ་བཟང་གི་བརྟན་སྲུང་ལ་སེམས་འཁོར་ནས་འདུག ཁོ་ཚོས་སེམས་ལ་ཐོག་མར་ཟློས་གར་འདི་འཁྲབ་སྦྱོང་ཡག་པོ་བྱེད་དགོས་པ་དང་། མང་ཚོགས་ཀྱིས་ལྟ་འདོད་པ་དང་ཉན་སྤྲོ་བའི་ཆིན་ཆིང་གི་སྒྱུ་རྩལ་ལ་བརྟེན་ནས་སྐལ་བཟང་གི་སྙིང་སྟོབས་དེ་མི་མང་པོའི་བློ་ངོར་འབབ་ཐུབ་དགོས་པ་མ་ཟད། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་མཛེས་པའི་ཁྱིམ་གཞིས་སྲུང་སྐྱོབ་ཀྱི་ལས་ལ་གཞོལ་བར་ཁྲིད་སྟོན་ཡག་པོ་ཞིག་ཐུབ་དགོས་པ་དེ་ཡིན་པས་ཚང་མར་འདི་ལྟ་བུའི་དམིགས་འབེན་གསལ་བོ་ཞིག་འཁོར།
ཐོག་མར་འཁྲབ་སྟོན་བྱས་པའི་དགོང་མོ་དེར། སྐལ་བཟང་གིས“འབྲོག་པའི་ཚོང་ཁང”ཞིག་གཉེར་ཏེ། རིན་མེད་ངང་ནས་རོང་འབྲོག་མང་ཚོགས་ལ་སྣེ་ལེན་བྱེད་པའི་འཁྲབ་ཚན་ཞིག་ཡོད་ཅིང་། གཟིགས་མོ་བ་མི་ཉུང་བ་ཞིག་གི་མིག་མཐའ་མཆི་མའི་བརླན། དེ་ནས་འཁྲབ་སྟོན་གྱི་རིམ་པ་དེ་རི་སྐྱ་བོས་གོས་ལྗང་བཀླུབས་པ་དང་། སྐལ་བཟང་རི་མགོར་འཛེག་སྟེ་ཡངས་པའི་ནགས་ཚལ་ལ་རྒྱང་གཟིགས་བྱེད་པའི་དུས་དེར་གཟིགས་མོ་བ་རྣམས་ཀྱི་ཐེབ་མོའི་རྡེབ་སྒྲ་ལྷང་ལྷང་དུ་གྲགས་ནས་ཡུན་ཙམ་ཕྱིན། ཕྱིས་སུ་ཟློས་གར་ཚོགས་པ་དེས 《སྐལ་བཟང》གི་འཁྲབ་སྟོན་འཁྱེར་ནས་གཞི་རིམ་དང་འབྲོག་ཁུལ་དུ་སྐྱོད་དེ། སྐལ་བཟང་གི་སྙིང་སྟོབས་མཚོ་སྔོན་གྱི་རི་ཀླུང་ཐང་གསུམ་ལ་བསྒྲགས་ཤིང་། ཆུ་གསུམ་མགོ་ཁུངས་ཀྱི་ས་གཞི་ཆེན་པོར་གསོན་ཤུགས་བསྣན།
སྨན་པའི་འགན་འཁྲི་ཁུར་དུ་བླངས་ཏེ། མཐོ་སྒང་གི་ཚེ་སྲོག་དང་སྐྱེ་སྟོབས་བརྟན་པོར་སྲུང་།
ཞོགས་པ་སྔ་མོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་སྨན་རྫས་ཞིབ་འཇུག་བེད་སྤྱོད་ལྟེ་གནས་ཀྱི་ཀྲུའུ་རེན། མཚོ་བྱང་ཁུལ་མི་དམངས་སྨན་ཁང་དང་པོའི་མགོ་གཙོ་རིན་དབྱིན་གྱི་གོམ་སྒྲ་དེ་ནམ་ཡང་ལས་ཚོགས་ཀྱི་ཅོང་བརྡ་མ་གྲགས་གོང་ནས་སྨན་ཁང་གི་ཁྱམས་ར་གྲགས་འོང་།
ཡར་སྔོན་རིན་དབྱིན་གྱིས་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་རྒྱ་མདོ་རྫོང་གི་དུས་རབས་མིག་དཔེ་རྗེས་དྲན་ཁང་དུ་དུས་དང་བར་སྟོང་བརྒལ་བའི་གསར་བརྗེའི་སྙིང་སྟོབས་ཀྱི་མཇལ་འཛོམས་ལ་ཞུགས། སྐལ་བཟང་གི་འདྲ་སྐུའི་མདུན་དུ་འགྲེང་སྟེ། རྙིང་ཧྲུལ་དུ་གྱུར་བའི་དངོས་པོ་དང་། མདངས་ཤོར་བའི་འདྲ་པར་སོགས་དྲོད་ཁོལ་ལྡན་པའི་འདས་དོན་རེ་རེ་མདུན་དུ་རིམ་པ་བཞིན་བསྟར་བ་ནི། ཁོས“འབྲོག་པའི་ཚོང་ཁང”གཉེར་ཏེ། ནུས་ཤུགས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ལ་རོགས་སྐྱོར་བྱེད་པ་དང་། ལས་འཁྱུར་ངལ་གསོ་བྱས་རྗེས་སུ་ཐོག་མའི་སེམས་མདུན་མི་བརྗེད་པར། ཟི་ལིང་གི་ལྷོ་རི་དང་བྱང་རིར་སྡོང་འཛུགས་ནགས་སྐྲུན་བྱས་ནས་ལོ་ཟླ་འཁོར་མོར་སེམས་རྩ་ཁོལ་པོ་ཞིག་གི་ངང་ནས་ས་སྐྱ་བོ་མྱ་ངམ་ཐང་འདྲ་བའི་ས་རྒོད་མུག་རིའི་སྟེང་དུ་རེ་བའི་ས་བོན་གཏོར་ནས་རིམ་བཞིན་ལྗང་མྱུག་རྒྱས་པའི་ཚུལ་རེད་ལ། གཏམ་རྒྱུད་དེ་དག་གིས་མཐོ་སྒང་དུ་དུས་ཡུན་རིང་པོར་གཞི་ཚུགས་པའི་སྨན་ཁང་གི་དོ་དམ་པ་ཞིག་ཡིན་པའི་ཁོ་རང་ཡིད་འགུལ་ཆེན་པོ་ཐེབས་ཏེ་ཡུན་ཙམ་ལ་ཞི་ཐབས་བྲལ་བར་གྱུར།
དྲན་གསོ་ཁང་དེར་འཁོད་པའི“འབྲོག་པའི་ཚོང་ཁང”གི་གཏམ་རྒྱུད་ལ་དེར་ཡོད་ཀྱི་སྨན་དོན་ལས་ཀ་པ་རྣམས་ཀྱང་ཡིད་འགུལ་ཐེབས་བཞིན་འདི་སྐད། སྐལ་བཟང་གིས་རང་ཁྱིམ་གྱི་ས་ཁང་ཧྲུལ་པོ་ཞིག་ཡོད་པ་དེ་འབྲོག་པ་གྲོང་མཁར་དུ་ཡོང་དུས་སྡོད་སའི་གཞི་མ་རུ་བསྒྱུར་ཏེ། ལོ་ངོ30ལྷག་གི་རིང་ལ་རྒྱང་རིང་ནས་ཕེབས་པའི་མང་ཚོགས་ཁྲི་གཉིས་ལྷག་ལ་སྣེ་ལེན་བྱས། ཁོས་རང་གི་གླ་ཕོགས་ལ་བརྟེན་ནས་ཉལ་ཆས་ཉོ་སྒྲུབ་དང་། ཟ་མ་ཁ་གསབ་ཕྱོགས་ལ་བཀོལ་ཏེ། འབྲོག་པའི་དཀའ་ངལ་དང་དོན་དག་རྣམས་རང་གི་དོན་དག་བཞིན་བསྒྲུབས། དེ་ལྟར་མི་དམངས་རང་གི་ནང་ཉེ་རུ་འཛིན་པའི་ལྷག་སེམས་དང་། ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱི་སྡོང་འཛུགས་ལ་བཅངས་པའི་འགྱུར་མེད་སེམས་ཤུགས། འབད་པ་ལྷོད་མེད་ཀྱིས་བརྟན་སྲུང་། སྨན་པའི“ཚེ་སྲོག་གོང་དུ་བཀུར། སྲོག་སྐྱོབ་རྨས་གསོ་བྱེད། ”ཅེས་པའི་ཐོག་མའི་སེམས་འདུན་བཅས་གཅིག་རྒྱུན་གཅིག་འཛིན་བྱས་ཡོད། སྡོང་འཛུགས་ནགས་སྐྲུན་བྱས་ནས་ཡུལ་ཕྱོགས་གཅིག་གི་ས་ཆུང་སྲུང་བ་དང་། ཆུ་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་གཞི་རྩར་སྲུང་སྐྱོབ་བྱེད་པ། ཡང་ན་ནད་པའི་ནད་གཞི་འདྲི་བརྟག་དང་སྨན་བཅོས་ལ་གཞོལ་ཏེ་མང་ཚོགས་ཀྱི་བདེ་ཐང་སྲུང་མཁན་སོགས་གང་ཞིག མཐར་ཐུག་ན་ཚང་མ་མཐོ་སྒང་གི་སེམས་ཅན་ལ་སྲུང་སྐྱོང་དང་། མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཆེད་རེད།
རིན་དབྱིན་གྱིས་གསལ་བོར་ཤེས་ཐུབ་པ་ནི། མཚོ་བྱང་ཁུལ་ཁོངས་གཏོགས་ནི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ། འབྲོག་པའི་ཁྱིམ་ཚང་རྣམས་ཐར་ཐོར་དུ་སྡོད་པ། མང་ཚོགས་སྨན་པར་སྟོན་པ་ལ་ཆུ་ཚོད་མང་པོ་ཞིག་བརྒྱུད་ནས་ཡོང་དགོས་པ། དེ་མིན་རྒྱུན་མཐོང་གི་མཐོ་སྒང་གི་ནད་མང་ཞིང་། ནད་གཞི་ལྕི་མོ་རིགས་བཅོས་སྐྱོབ་དཀའ་བ། གཞི་རིམ་སྨན་བཅོས་འཇོན་མི་དཀོན་པ། ལག་རྩལ་ཞན་པ་བཅས་ནི་ཡུན་རིང་གི་གནད་དོན་ཞིག་ཏུ་གྱུར་ཡོད། དེ་ལྟ་ན་ཡང་སྐལ་བཟང་གི་མི་ཚེ་གང་བོར་རྩྭ་ཐང་དུ་གཞི་བཅོས་ཤིང་། འབྲོག་པའི་འཚོ་བ་གཙིགས་སུ་བཟུང་སྟེ། ཁེར་ཆད་ཀྱི་སྡོང་བོ་ཞིག་དང་འདྲ་བར་བློ་རྣལ་ལ་ཕབ་ནས་ཐབས་རྒྱ་ཇུས་སྟོང་གིས་དོན་དག་སྒྲུབ་པའི་རྩ་དོན་མ་གློད་པ་ནང་བཞིན་དུ། ཁོས་ཀྱང་སྨན་ཁང་གི་དཀའ་གནད་དང་འགག་གནད་ཐག་གཅོད་ལ་ཁ་ཕྱོགས་བསྟན་པ་ནི། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ། རེ་བ་དེ་སྨན་བཅོས་ཞབས་ཞུ་ཡི་མགོ་ཚུགས་ས་རུ་བཟུང་ཡོད་དེ་རེད།
དེ་བས་སྨན་ཁང་གིས་སྐོར་ཞིབ་སྨན་བཅོས་ཞབས་ཞུ་རུ་ཁག་དུ་མ་བཙུགས་ཏེ། སྨན་སྒམ་རྒྱབ་ཏུ་ཁུར་ཞིང་། སྒྲིག་ཆས་ལག་ཏུ་བཟུང་སྟེ་འབྲོག་ཁུལ་དུ་བསྐྱོད་ཅིང་། སྦྲ་ནག་དུ་ཕྱིན་ནས་རྒྱུན་ཚུལ་ཅན་གྱི་ནད་བརྟག་དང་། བདེ་ཐང་ཞིབ་བཤེར། རྒྱུན་ནད་ངེས་མེད་འདྲི་ཞིབ། བདེ་ཐང་ཤེས་བྱ་དྲིལ་སྒྲོག ཁྱིམ་ཚང་དུ་དཔྱད་བཅོས་བྱེད་པ་སོགས་བྱས་ནས་སྤུས་ལེགས་པའི་སྨན་བཅོས་ཞབས་ཞུ་འབྲོག་པའི་སྒོ་ཁར་བསྒྲུབས། སྨན་ཁང་དུ་དུས་མཉམ་དུ་སྨན་བཅོས་གོ་རིམ་ལེགས་སྒྱུར་དང་དཔྱད་བཅོས་གོ་རིམ་སྟབས་བདེར་བཟོས་པ་མ་ཟད། སྨན་དོན་མི་སྣ་རེ་ཡིས་སེམས་རྣལ་ལ་ཕབ་ནས་བརྟག་དཔྱད་དང་། སྨན་བཅོས་གཟབ་ནན་བྱེད་དགོས་པ་ལས། རང་འགན་གཞན་དཀྲི་བྱེད་པར་གཏན་འགོག་བྱས་པ་དང་། དྲོད་ཁོལ་ལྡན་ཞིང་སྤུས་ལེགས་པའི་ཞབས་ཞུ་ལ་བརྟེན་ནས་སྨན་པ་དང་ནད་པའི་བར་ཐག་ཇེ་ཉེར་བཏང་། དེ་ནིི་སྐལ་བཟང་གི་རྒྱུན་སྲིང་ལྷོད་མེད་ཀྱིས་སྡོང་རྐང་རེ་རེ་བཙུགས་པ་ནང་བཞིན། སེམས་ཤུགས་གང་ཡོད་བཏོན་ནས་འབྲོག་ཁུལ་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་ཡག་པོ་དང་། མཐོ་སྒང་འཛིན་མའི་སྐྱེ་སྟོབས་དང་གསོན་ཤུགས་ལ་སྲུང་སྐྱོབ་བྱས་ནས་འབྲོག་ཁུལ་མང་ཚོགས་ཀྱིས་ནད་སྟོན་པ་ལ་བློ་བདེ་མོ་དང་སེམས་དྲོ་དྲོ་ཡོང་དུ་བཅུག་ཡོད།
ས་ཤུན་མེད་པའི་ས་སྐྱ་བོ་ནས་ནགས་རྫོང་མཐུག་པོས་རི་ངོས་ཁེབས་པའི་བར་དང་། སྐྱ་ཐིང་ཐིང་གི་ས་སྟོང་མུག་རི་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཡུལ་ལྗོངས་སྡུག་པོའི་བར་དུ་སྐྱེ་ཁམས་ལ་བློ་ཡུལ་ལས་འདས་པའི་འཕོ་འགྱུར་བྱུང་བ་དང་། དེ་ནི་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱས་པའི་སྙིང་སྟོབས་ལ་རག་ལས། སྐལ་བཟང་གིས་ཤུལ་དུ་བཞག་པ་ནི་ཟི་ལིང་གི་ལྷོ་རི་དང་བྱང་རིར་ལྟེམ་པའི་སྔོ་ལྗང་གི་ནགས་ཚལ་ཁོ་ན་མ་ཡིན་པར། དཀའ་སྤྱད་སྡུག་རུས་དང་འབད་པ་ལྷུར་ལེན། བརྩོན་པ་ལྷོད་མེད། སེམས་ཅན་སྙིང་ཁོང་དུ་བཅངས་པའི་སྙིང་སྟོབས་ཡིན་པས། ང་ཚོ་མཐོ་སྒང་གི་བུ་དང་བུ་མོ་ཚོར་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་དམིགས་འབེན་གྱི་ལམ་སྣར་དྲངས་ཏེ། ཆུ་གསུམ་མགོ་ཁུངས་དང“ཀྲུང་ཧྭའི་ཆུ་མཛོད”ལ་ཁ་ཞེ་གཉིས་མེད་ཀྱིས་སྲུང་སྐྱོབ་དང་། མཚོ་སྔོན་གྱི་རི་ཆུ་ནགས་རྩྭ་ལ་སྲུང་སྐྱོབ་ལེགས་པོ་བྱེད་དུ་བཅུག་ཡོད་དོ། །
ད་ལྟ་སྐལ་བཟང་ལ་དགའ་ཞེན་དང་དུང་ཞེན་ཆེ་བའི་མཐོ་སྒང་གི་འཛིན་མའི་གཞི་རུ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཁོང་གི་ཞབས་རྗེས་སུ་སྙེག་ཏེ། རི་སྐྱ་བོ་ནགས་རིར་བསྒྱུར་བའི་གཏམ་རྒྱུད་དེ་ཆུ་གསུམ་མགོ་ཁུངས་སྲུང་སྐྱོབ་ཀྱི་བྱ་སྤྱོད་དངོས་ལ་བསྒྱུར་ནས་རང་རང་སོ་སོ་ནས་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་བྱེད་པར་མུ་མཐུད་དུ་ལེའུ་གསར་པ་བརྩམས་དང་རྩོམ་བཞིན་ཡོད།