མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་ཚད་རིམ5.6གི་ས་ཡོམ་བྱུང་ཞིང་གནས་སྐབས་སུ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཐེབས་མེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས21ཉིན་གྱི་དུས་ཚོད18དང་སྐར་མ45སྟེང་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་ཚད་རིམ5.6གི་ས་ཡོམ་བྱུང་། མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་།  གཏེར་ལེན་ཁ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་དུས་ཐོག་ཏུ་འཕྲལ་བསྟུན་དང་ལེན་འགོ་བརྩམས་ཤིང་།   རིམ་པ་སོ་སོའི་ལས་ཁུངས་ཀྱིས་མགྱོགས་མྱུར་ངང་བསྡུ་རུབ་དང་མཉམ་འགུལ་ཐག་གཅོད་བྱས་ཏེ།  གནོད་འཚེའི་གནས་ཚུལ་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་གྲལ་བཤེར།  དམངས་འཚོ་འགན་ལེན་བཅས་ཕྱོགས་ཡོངས་ནས་སྤེལ།  མིག་སྔར་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ།  སྒྲིག་ལམ་བཅས་གོ་རིམ་ལྡན་ཞིང་རྗེས་མཐུད་ཀྱི་ཐག་གཅོད་བྱ་བ་སོ་སོ་བརྟན་པོའི་ངང་སྤེལ་བཞིན་ཡོད།

མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལིའུ་ཅིན་མིང་གིས་བཤད་རྒྱུར།   

ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད། གྲོང་ཁྱེར་ཡོངས་སུ་མི་སྣ་ཤི་རྨས་ཀྱི་གནས་ཚུལ་མེད་ལ། ཆུ་དང་གློག་མཁོ་འདོན་བྱེད་པ་དང་།  འཕྲིན་གཏོང་དང་ལམ་གྱི་འགྲིམ་འགྲུལ་སོགས་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་ནས་མང་ཚོགས་ཀྱི་འཚོ་བ་བརྟན་པོ་ཡིན་ཞིང་གོ་རིམ་ལྡན་པ་ཞིག་རེད།  རྗེས་མར་ང་ཚོས་མུ་མཐུད་དུ་ཡོམ་འཕྲོར་ལྟ་ཞིབ་ཚད་ལེན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཡག་པོ་བྱས་ནས།  ཞོར་ཐོན་གནོད་འཚེ་མི་འབྱུང་བར་ཁག་ཐེག་བྱ་རྒྱུ་ཡིན།

ནུས་མཐོའི་འཕྲལ་བསྟུན་ཐག་གཅོད་ཀྱི་ནུས་ལྡན་འགན་སྲུང་འོག་གཏེར་ལེན་ཁ་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་འགྲོ་ལམ་ཤར་བགྲོད་ཐུབ་ཡོད་པ་དང་།  ཚོང་ཁང་དང་ཚོང་ར་རྒྱུན་ལྡན་ལྟར་གཉེར་སྐྱོང་བྱེད་བཞིན་ཡོད་ལ། སྨན་བཅོས་སོགས་སྤྱི་པའི་ཞབས་ཞུ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་ནས་གྲོང་མིའི་རྒྱུན་གཏན་གྱི་འཚོ་བར་ཤུགས་རྐྱེན་ཐེབས་མེད་པ་དང་གྲོང་ཁྱེར་ཧྲིལ་པོའི་འཁོར་སྐྱོད་བརྟན་ཞིང་གོ་རིམ་ལྡན།

​ མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧོའུ་ཕུང་གིས་བཤད་རྒྱུར།

མིག་སྔར་ཁོངས་གཏོགས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བརྟན་པོ་ཡིན་ཞིང་སྒྲིག་ལམ་བཟང་པ་དང་།  རྗེས་སུ་ང་ཚོས་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་ལས་རེས་ལ་མུ་མཐུད་དུ་ཤུགས་བསྣན་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་འཚོ་བ་བརྟན་པོ་ཡོང་བ་དང་ཁོངས་གཏོགས་ས་ཁུལ་གྱི་སྤྱི་ཡོངས་དུས་བདེ་བརྟན་ལྷིང་ཡོང་བར་འགན་ལེན་བྱ་རྒྱུ་ཡིན།

མིག་སྔའི་བར་ས་ཡོམ་གྱི་རྗེས་མཐུད་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།