ནན་སྐྱོང་དངོས་གཉེར་གྱི་སྤྱོད་སྟངས་ཞུན་བརྡར་བྱས་ནས་ལས་སྒྲུབ་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ལ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དོ་སྣང་ཆེན་པོ་བྱས།
བསྟུད་མར་ཉིན་ཤས་རིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས། ཚང་མས། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་སུ་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྱོང་གི་བྱ་བ་དང་ལྟེ་བའི་བྱ་བ་བར་འགྲོས་མཉམ་འཕེལ་རྒྱས་དང་ཕྱོགས་གཅིག་ཤུགས་འདོན་ཡོང་བར་སྐུལ་འདེད་གཏོང་བ། སྤྱོད་གཙང་དྲང་གཞག་གི་ཆབ་སྲིད་ཁོར་ཡུག་ལ་བརྟེན་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན།
ཚང་མས་གཅིག་མཐུན་ཏུ་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་འགག་རྩའི་དུས་རིམ་དུ་འཚོགས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། དེས་ཞིང་ཆེན་ཡོངས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་འགན་སྲུང་བརྟན་པོ་མཁོ་འདོན་བྱས། ཐུན་མོང་གི་ངོས་འཛིན་རྒྱ་ཆེན་པོར་གཅིག་ཏུ་བསྒྲིལ་བ་དང་། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ནས། འབད་འབུངས་ཡར་བརྩོན་གྱི་སྒུལ་ཤུགས་ཇེ་ཆེར་བཏང་ཡོད།
མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནགས་ཚལ་རྩྭ་ཐང་མེ་ཟོན་ཁྲུའུ་ཡི་ཁྲུའུ་ཀྲང་ཨ་ཡུང་གིས་བཤད་རྒྱུར།
ནན་གྱིས་སྐྱོང་བའི་རྩ་བའི་དགོངས་གཞི་དེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། སྐྱེ་ཁམས་ཉམས་གསོ། རང་བྱུང་ཐོན་ཁུངས་ལྟ་སྐུལ་དོ་དམ། ད་རུང་སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་སྐྱེ་ཁམས་ལྕགས་རི་བརྟན་པོ་སྐྲུན།
མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སྤྱི་ཚོགས་ལས་དོན་ཁྲུའུ་ཡི་ལས་བྱེད་པ་ཞུས་ཞན་ཏ་ཡིས་བཤད་རྒྱུར།
ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱེད་པ་དང་རང་ངོས་ལ་བླང་བྱ་ནན་པོ་འདོན་པ། སྤྱོད་སྟངས་གཟབ་ནན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དེ་དུས་རྒྱུན་འགན་བསྟར་ཁྲོད་ཀྱི་དོན་དངོས་ཐོག་འབབ་པར་བྱེད་དགོས།
ཡུས་ཧྲུའུ་ཁུལ་གྱི་འགོ་གཙོ་གཞོན་པ། རྫ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་ཀྲའོ་པང་ཚའེ་ཡིས་བཤད་རྒྱུར།
ཉམས་སད་ཐེག་ཐུབ་པའི་གཞི་རིམ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་སྟོབས་ལྡན་དུ་གཏོང་བ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཚང་མས་བསྟན་དོན། བསམ་སྦྱོར་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། ཏང་གཤིས་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་བའི་རང་བཞིན་གྱི་ལས་འགན་དུ་བརྩིས་ནས། ཧུར་བརྩོན་རྒྱལ་སྐྱོང་དང་ཤུགས་སྐྱེད་སྟོབས་སྤེལ་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་ནན་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། དངོས་སྒྲུབ་གྲུབ་འབྲས་དངོས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་སྔོན་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར། བྱ་བའི་ལས་གནས་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་དེ་བོད་སྐད་གསར་འགྱུར་དྲིལ་སྒྲོག་གི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་གཏོང་བའི་དངོས་ཡོད་བྱ་སྤྱོད་དུ་བསྒྱུར་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་བོད་སྐད་གསར་འགྱུར་དྲིལ་སྒྲོག་བྱ་བའི་གཙོ་གནད་དུ་འཛིན་པ་དང་། སྐད་གཉིས་བརྒྱུད་སྒྲོག་གནད་འཁེལ་བྱས་ནས། བོད་རྒྱ་སྐད་གཉིས་ཀྱི་ཡིག་སྒྱུར་དང་སྒྲིག་སྦྱོར། བཅར་འདྲི་སོགས་ཀྱི་བྱ་བ་ཚད་ལྡན་དུ་བཏང་སྟེ། མང་ཚོགས་ཀྱིས་ཤེས་སླ་བ་དང་གོ་བདེ་བའི་སྐད་ཆར་བརྟེན་ནས་བྱེད་ཐབས་སྣ་མང་སྤྱད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་ཁྱབ་བསྒྲགས་བྱེད་པ་དང་། ཕྱོགས་ཡོངས་ནས་དྲིལ་སྒྲོག་བྱ་བ་རིམ་སྤོར་བྱས་ཏེ། ཏང་གི་གསུངས་སྐད་ཐད་ཀར་ཕྱུགས་ལས་སུ་སྐྱེལ་བ་དང་གཞི་རིམ་དུ་རྐང་ཚུགས་པར་བྱེད་དགོས།
མཚོ་ནུབ་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གི་མི་དོན་དང་སློབ་གསོ་སྦྱོང་བརྡར་ཁོ་ཡི་ཁོ་ཀྲང་ཀྲུའུ་ཧའོ་རན་གྱིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། མཚོ་ནུབ་ས་ཁོངས་ཀྱི་དོན་དངོས་ལ་དམ་པོར་འབྲེལ་ཏེ། གཞི་རིམ་གྱི་མེ་ཟོན་བཅོས་སྐྱོང་བཟང་པོ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་། དངོས་འཐབ་འགག་སྒྲོལ་གྱི་ནུས་པ་ཆེ་རུ་གཏོང་དགོས།
མཚོ་བྱང་ཁུལ་རྐང་ཚ་རྫོང་ཏང་ཨུའི་ཧྲུའུ་ཅི་ཀྲང་ཆི་ཧྥུང་གིས་བཤད་རྒྱུར། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་ཀྱི་གནད་དོན་ལ་དམིགས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཞི་རིམ་དུ་སྲིང་སྟེ་རོང་འབྲོག་ས་ཁུལ་དུ་ཁྱབ་པར་སྐུལ་འདེད་བཏང་སྟེ། སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་དངོས་སྒྲུབ་ལ་སྣེ་ཁྲིད་དེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཕན་འབྲས་དངོས་ལ་བརྟེན་ནས་ཁུལ་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས།