ཏང་འཛུགས་འཐུས་ཚང་ཅན་བཅུའི་ཉེར་བཅར་གཏམ་རྒྱུད།
ཐང་མགོ་གྲོང་རྡལ་གྱི་དཔེ་བཟང་མི་སྣ་བསོད་ནམས་དར་རྒྱས།
ཏང་འཛུགས་འཐུས་ཚང་ཅན་བཅུ་འཛུགས་སྐྱོང་གི་ལས་དོན་སྤེལ་བ་ནས་བཟུང་ཐང་མགོ་གྲོང་རྡལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མི་སྡོད་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ཁོངས་གཏོགས་ཁུལ་དུ་མང་ཚོགས་ཀྱིས་སྣེ་ཁྲིད་བྱེད་པ་དང་ཁྱིམ་སྲོལ་གྱིས་སྣེ་ཁྲིད་བྱེད་པ། བླ་མེད་ཀྱི་བྱས་རྗེས་འཇོག་པ་བཅས་ཀྱི་སྔོན་ཐོན་དཔེ་མཚོན་ཁག་ཅིག་ཐོན་ཡོད་པ་རེད། ཐང་མགོ་གྲོང་རྡལ་ན་རིན་སྡེ་བའི་འབྲོག་པ་བསོད་ནམས་དར་རྒྱས་ཀྱིས་ལོ་བཅུ་ལྷག་གི་རིང་ལ་སྒེར་སེམས་མེད་པའི་སྒོ་ནས་རང་གི་ཐོག་མའི་བསམ་འདུན་སྲུང་སྟེ་སྐྱེ་ཁམས་སྲུང་སྐྱོང་བྱས་ནས་མི་མང་པོ་དེས་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ཏེ་གཞུང་དྲང་བབ་ཆགས་ཀྱི་ཁྱིམ་སྲོལ་ལ་བརྟེན་ནས་དཔལ་ཡོན་ལྡན་པའི་གྲོང་སྲོལ་སྐྱེད་སྲིང་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གཞི་རིམ་གྱི་མིག་དཔེ་རུ་གྱུར་ཡོད།
འབྲོག་པའི་རྩྭ་ཐང་དུ་སྐྱེས་ཤིང་རྩྭ་ཐང་ནས་འཚར་ལོང་བྱུང་བའི་བསོད་ནམས་དར་རྒྱས་ཀྱིས་རི་ཆུར་སྲུང་སྐྱོང་བྱ་རྒྱུ་དེ་རང་གི་ཐོག་མའི་སེམས་འདུན་དང་དད་སེམས་དུ་སྒོམ་ཡོད། ལོ་མང་པོའི་རིང་ཁོའི་ཁེ་གྲགས་ལ་མི་ལྟ་བར་ཁ་རོག་གེར་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་སོགས་དང་བླངས་ཞབས་ཞུའི་ལས་དོན་ནང་རང་འགུལ་ངང་ཞུགས་པ་རེད། གྲོང་རྡལ་གྱིས་ཏང་འཛུགས་འཐུས་ཚང་ཅན་བཅུའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་ནས་བཟུང་ཁོ་གྲོང་རྡལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚན་ཆུང་ནང་ཞུགས་ནས་ཁྱིམ་གཞིས་ལ་གཅེས་སྐྱོང་དང་ཁོར་ཡུག་གཙང་སྦྲ། ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བཅས་བྱ་རྒྱུ་དེ་རྒྱུན་གཏན་གྱི་བྱ་བ་དང་ཟུང་འབྲེལ་གྱིས་རྒྱུན་འཁྱོངས་ལྷོད་མེད་ངང་བརྟན་སྲུང་བྱས་ནས་འབྲོག་ཁུལ་གྱི་མང་ཚོགས་དཀྱུས་མའི་འགན་འཁྲི་དང་ལས་འགན་འགྲེལ་བཤད་བརྒྱབ་པ་རེད།
འབྲོག་ཁུལ་གྱི་སྡོད་གནས་ཁ་ཐོར་དང་ལམ་ཐག་རིང་བ་སོགས་ཀྱི་དབང་གིས་ཁོར་ཡུག་གཙང་སྦྲ་བྱེད་པའི་ཁྱབ་རྒྱ་ཧ་ཅང་ཆེ་ལ་ལས་འགན་ལྕི་བས་དུས་རྒྱུན་གཙང་སྦྲ་བྱེད་རྒྱུར་དཀའ་ཁག་ཡོད་མོད། ཁོས་དེ་དག་གི་ངལ་བ་ཡོད་ཚད་ཁྱད་དུ་བསལ་ནས་ཁོར་སྲུང་གི་ལས་ལ་འབད་བཞིན་ཡོད། ཁོར་ཡུག་གཙང་སྦྲ་བྱེད་སྐབས་བསོད་ནམས་དར་རྒྱས་ཀྱིས་སུ་ལ་ཡང་འཁང་ར་དང་ལེ་བདའ་མི་བྱེད་པར་གཙང་སྦྲ་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་བཞིན་འདུག་ལ་ཁོ་ལོ་རེ་བཞིན་རང་འགུལ་ངང་གྲོང་ཚོའི་ནང་གི་སྲང་ལམ་དང་ཁང་པའི་མདུན་རྒྱབ་སོགས་སུ་བསྐྱོད་དེ་ཁོར་ཡུག་ལ་གཙང་སྦྲ་བྱེད་བཞིན་འདུགདུས་ཆེན་སོགས་ཀྱི་སྐབས་སུ་མི་ཚོགས་མང་བ་དང་དེ་ལ་བརྟེན་ནས་གད་སྙིགས་ཀྱང་མང་པོ་ཡོད་པས་ཁོས་ཐོག་མའི་བསམ་འདུན་མ་དོར་བར་རྒྱུན་འཁྱོངས་བྱས་ཏེ་ཁོར་ཡུག་གི་རྣམ་པ་དག་གཙང་ཡོང་བར་འབད་བརྩོན་བྱེད་བཞིན་འདུག
མི་གཅིག་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་ཁྱིམ་མི་ཚང་མའི་སྟོབས་ཤུགས་གཅིག་བསྡུ་བྱས་པ་དང་།ཆེས་གལ་ཆེ་བ་ནི་བསོད་ནམས་དར་རྒྱས་རང་ཉིད་ཀྱིས་རྒྱུན་འཁྱོངས་དང་ཡུན་རིང་ལས་ཀ་བྱས་པ་མ་ཟད།ཁོར་ཡུག་ལ་གཅེས་སྐྱོང་དང་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུ་དེ་ཁྱིམ་སྲོལ་དང་ཁྱིམ་ཚང་གི་བསླབ་བྱ་ཞིག་ཏུ་བརྩིས་ནས་ཁྱིམ་མི་ཡོངས་ཁོར་ཡུག་བཅོས་སྒྲིག་གི་དང་བླངས་ཞབས་ཞུའི་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་རེད། ངལ་གསོའི་དུས་སུ་ཁྱིམ་ཚང་དང་གཉེན་ཉེ། བུ་ཕྲུག་བཅས་མཉམ་དུ་བསྐྱོད་དེ་ཁྱིམ་ཚང་གཅིག་གིས་ལས་བགོས་མཐུན་སྦྱོར་བྱས་ནས་མཉམ་དུ་སྲང་ལམ་གཙང་བཤེར་དང་སྒོ་ར་ལེགས་བཅོས།གད་སྙིགས་གཙང་བཤེར་བཅས་བྱས་ཏེ་ཁྱིམ་མི་ཚང་མས་མཉམ་བཅོས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྡེ་བའི་ནང་གི་མི་སྡོད་ཁོར་ཡུག་ལ་སྲུང་སྐྱོང་བྱས་པ་རེད། ཁོས་ངག་སློབ་དཔེ་སྟོན་གྱིས་ཕ་ཡུལ་ལ་གཅེས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་།སྟོབས་ཤུགས་འབུལ་བ་བཅས་ཀྱི་ཁྱིམ་སྲོལ་བཟང་པོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་སྤྱིར་བཏང་ཁྱིམ་ཚང་གི་སྟོབས་ཤུགས་དེ་གྲོང་གསེབ་བཅོས་སྐྱོང་བྱེད་པའི་དྲོ་སྐྱིད་ཀྱི་རྨང་གཞིར་གྱུར་ཡོད་པ་རེད། མི་སེམས་གཅིག་ཏུ་སྒྲིལ་བ་དང་དཔེ་སྟོན་སྣེ་ཁྲིད་ཀྱིས་དར་སྲོལ་གསར་གཏོད་བྱེད་དགོས།དྭག་གཙང་གི་མཚོ་ལྷོའི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་དང་ཏང་འཛུགས་འཐུས་ཚང་ཅན་བཅུས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་བསོད་ནམས་དར་རྒྱས་ཀྱིས་སྦགས་བཙོག་ལ་མི་འཛེམ་པ་དང་དཀའ་ངལ་ལ་མི་སྐྲག་པ།དྲིན་ལན་འཇལ་མི་དགོས་པའི་སྙིང་སྟོབས་ཀྱིས་སྡེ་བའི་ཁྱིམ་མཚེས་ཀྱི་མང་ཚོགས་དང་གྲོང་རྡལ་ཡོངས་ཀྱི་ལས་བྱེད་ལས་བཟོ་བར་ཤུགས་རྐྱེན་ཟབ་མོ་ཐེབས་པ་རེད། ཁོས་དཔེ་སྟོན་སྣེ་ཁྲིད་འོག་ཐང་མགོ་གྲོང་རྡལ་གྱིས་དེ་སྔ་ལས་བྱེད་པ་གཅིག་པུས་བཅོས་སྒྲིག་བྱེད་པ་དང་མང་ཚོགས་ཞུགས་ཚད་མི་འདང་བའི་རྣམ་པར་འགྱུར་ལྡོག་བཏང་སྟེ་ལས་བྱེད་པ་དང་མང་ཚོགས་དེ་བས་མང་བ་རང་འགུལ་ངང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་རྩྭ་ཐང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ནང་ཞུགས་ནས་གྲོང་རྡལ་ཡོངས་སུ་ལས་བྱེད་པས་སྣེ་ཁྲིད་དང་།ཁྱིམ་ཚང་མཉམ་འགུལ།མང་ཚོགས་མཉམ་བཅོས།མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཏེ་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་རེད། སྤྱིར་བཏང་གི་བརྟན་སྲུང་ལས་ཐོག་མའི་བསམ་འདུན་མཐོང་ཐུབ་ལ།རྒྱུན་ལྡན་གྱི་སྤྱོད་བཟང་ལས་མཛེས་སྡུག་བསྐྲུན་ཐུབ།བསོད་ནམས་དར་རྒྱས་ལ་གནམ་ས་འགུལ་བའི་བྱས་རྗེས་མེད་མོད།འོན་ཀྱང་ཉིན་ཐོག་ཉིན་བརྩེགས་ཀྱིས་རྒྱུན་འཁྱོངས་བྱས་ཏེ་ལས་ཀར་འབད་འཐབ་བྱེད་པའི་སྙིང་སྟོབས་ཡོད་པ་རེད། ཁོས་རང་ཉིད་ཀྱི་གཟི་བརྗིད་ལ་བརྟེན་ནས་ཕ་ཡུལ་ལ་དྲོ་སྐྱིད་སྦྱིན་པ་དང་ཁྱིམ་སྲོལ་བཟང་པོར་བརྟེན་ནས་ཡུལ་སྲོལ་གོམས་གཤིས་བརྟན་སྲུང་བྱེད་པ།བྱ་སྤྱོད་དངོས་ལ་བརྟེན་ནས་རྩྭ་ཐང་གི་སྔོ་ལྗང་ལ་སྲུང་སྐྱོང་བྱེད་པ།བབ་ཆགས་ཀྱི་བརྟན་སྲུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱས་ཏེ་ཐང་མགོ་གྲོང་རྡལ་གྱི་གཞི་རིམ་བཅོས་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་དྲོ་སྐྱིད་ལྡན་པའི་མང་ཚོགས་ཀྱི་སྟོབས་ཤུགས་བསྣན་ཡོད་པ་རེད།