ཟླ11པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཡོང་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཕུའུ་ལཱ་པོ་ཝོ་དང་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་གྲོས་མོལ་བྱེད་འགོ་ཚུགས་པ་ཁྱབ་བསྒྲགས་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བར་འཐབ་ཇུས་ཐད་ཕན་ཚུན་ཡིད་རྟོན་ཉིན་རེ་བཞིན་ཇེ་བརྟན་དུ་སོང་བ་དང་། གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་སྐས་རིམ་གསར་པར་སླེབས་ནས། རྒྱལ་ཁབ་གཉིས་ཀྱིས་རང་སའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རམ་འདེགས་གལ་ཆེན་འདོན་སྤྲོད་བྱས། དེང་སྐབས། རྒྱལ་ཁབ་གཉིས་ཀར་དེང་རབས་ཅན་སྐུལ་འདེད་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་མངོན་འགྱུར། ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་པའི་ཐུན་མོང་གི་ལས་འགན་ལ་གདོང་གཏོད་དགོས་པས། ཕྱོགས་གཉིས་ཀྱིས་འཐབ་ཇུས་མཐུན་སྦྱོར་དང་མཐུན་སྒྲིལ་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ཕན་ཚུན་ཡིད་རྟོན་རྨང་རྡོ་ཇེ་བརྟན་དུ་གཏོང་བ་དང་། ཐུན་མོང་གིས་ཕྱི་ཕྱོགས་ཀྱི་ཉེན་ཁར་སྔོན་འགོག་དང་མཁོ་བསྟུན། སྲིད་འཛིན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། རང་སའི་སྲིད་སྐྱོང་ནུས་པ་མཐོར་འདེགས་སུ་གཏོང་དགོས། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དང་། ཡ་ཝན་མྱུར་བགྲོད་ལྕགས་ལམ་དང“རྒྱལ་ཁབ་གཉིས་ཀྱི་ཐོན་ལས་གླིང་གཉིས”སོགས་ལས་གཞི་ཆེན་མོའི་མཉམ་ལས་དམ་འཛིན་ལེགས་པོ་བྱེད་པ་དང་། ནུས་ཁུངས་གཏེར་ཁའི་ཐོན་ཁུངས་དང་མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། དག་གཙང་ནུས་ཁུངས་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ལ། རྒྱ་མཚོའི་རོགས་ཟླའི་འབྲེལ་བ་ཧུར་ཐག་གིས་བཙུགས་ཏེ་སྔ་མོ་ནས་ཕྱོགས་ཡོངས་དང་ཆུ་ཚད་མཐོ་བའི་ཕྱོགས་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་འཇོག་དགོས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལྟ། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་འབྱུང་བཞིན་པ་དང་། ཉེན་ཁ་དང་འགྲན་སློང་རྫོགས་མཐའ་མེད་པར་ཐོན་བཞིན་ཡོད། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་མཉམ་དུ་དུས་རབས་ཀྱི་འགན་འཁྲི་འཁུར་ནས། བློ་བརྟན་འགྱུར་མེད་ངང་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་གི་དྲང་བདེན་སྟོབས་ཤུགས་དང་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མཐུན་སྒྲིལ་དང་འཐབ་ཇུས་རང་བདག་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ནས། ས་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་སྲུང་སྐྱོང་དང་། འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་སྟོབས་སྤེལ་ལ་སྣེ་ཁྲིད་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་བཅོས་སྒྱུར་འཐུས་ཚང་དུ་གཏོང་དགོས། ཕུའུ་ལཱ་པོ་ཝོ་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ང་རང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་བར་མཇལ་འཛོམས་ཐེངས་བཞི་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རིམ་གལ་ཆེན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་བར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་དེ་སྔའི་དུས་གང་ཞིག་ལས་ཀྱང་ཤུགས་ཆེན་པོ་ལྡན། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་རྟོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། མཚོ་ཐོག་ཐུན་མོང་གསར་སྤེལ་ཐད་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཐའེ་ཝན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད། ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོ་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཧིན་རྡུ་ཉི་ཞི་ཡར་དངུལ་གཏོང་ལས་སྤེལ་བྱེད་པར་ཡོང་བར་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་དང་། བློས་འགེལ་ཆོག་པ་དང་བརྟན་རླིང་། སྔོན་དཔག་ཐུབ་པའི་ཚོང་གཉེར་གྱི་ཁོར་ཡུག་མཁོ་འདོན་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་བདེ་བླག་ངང་གཙོ་གཉེར་བྱས་པར་རྟེན་འབྲེལ་ཞུས་པ་དང་། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ལ་གྲུབ་འབྲས་གསར་པ་ལོན་པར་སྣེ་ཁྲིད་བྱེད་ཐུབ། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་རྒྱལ་སྤྱིའི་ལས་དོན་ཁྲོད་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་བྱས་པར་ཚད་མཐོའི་བསྔགས་བརྗོད་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལ་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས། རྒྱལ་སྤྱིའི་འདུམ་འགྲིག་ཁང་སོགས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དང་། ཕྱོགས་མང་རིང་ལུགས་བརྟན་སྲུང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་འདོད་ཡོད། ཚའེ་ཆི་དང་ཝང་དབྱི། ཧོང་ཁུན་མིང་སོགས་མཇལ་འཕྲད་ལ་ཞུགས།m