ཟླ11པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་གྱིས2026ལོའི་ལོ་འཁོར་གྱི་ལས་བཟོ་པའི་ལག་རྩལ་གསར་གཏོད་གྲུབ་འབྲས་ཕུལ་བྱུང་འགྲེམས་སྟོན་སྤེལ་རེས་བྱེད་སྒོ་ཟི་ལིང་དུ་གཉེར་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེ་ནི་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་ཚན་རྩལ་ཐིང་། བཟོ་ལས་ཆ་འཕྲིན་ཐིང༌། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང༌། སྤུས་ཚད་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན་ཞིང་། དེའི་ནང་ཞིང་ཆེན་ཡོངས་ཀྱི་ལས་བཟོ་པའི་ལག་རྩལ་གསར་གཏོད་དང་ལས་མིའི"ཆུང་གྲས་ལྔ"དེ་བཞིན་ངལ་རྩོལ་དཔེ་བཟང་ལག་ཤེས་མཁས་ཅན་གྱི་ལས་དོན་ཁང་གི་གྲུབ་འབྲས་ཁག200ལྷག་ཙམ་གཅིག་བསྡུས་སུ་བསྟན་ཡོད་པ་རེད།
བྱེད་སྒོའི་ཁྲོད་ལས་བཟོ་པས་ལག་རྩལ་གསར་གཏོད་རྣམ་གྲངས་ཁྱོན་བསྡོམས211ཕུལ་བ་དེ་དག་ལ་ཆེད་མཁས་པ་ཚོས་དཔྱད་ཞིབ་བྱས་པ་བརྒྱུད་རིམ་པ་དང་པོ་ནས་གསུམ་པ་བར་དང་ཁྱབ་གདལ་གཏོང་འོས་པའི་གྲུབ་འབྲས65བདམས་ཐོན་བྱུང་བ་མ་ཟད། ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་ལྗང་མདོག་རྩིས་འཁོར། ནུས་རྒྱུ་གསར་པ། ཁོར་ཡུག་སྲུང་སྐྱོང་། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། བྱེད་སྒོ་དེས་དངོས་གཟུགས་འགྲེམས་སྟོན་དང་ཡུལ་དངོས་སུ་འགྲེལ་བཤད། ཕན་ཚུན་བསམ་ཚུལ་བརྗེ་རེས་བཅས་ཀྱི་རྣམ་པའི་ཐོག་ནས་ཡུལ་དངོས་སུ་དཔྱད་འདེམས་འབྲས་བུ་ཁྱབ་བསྒྲགས་བྱས་ཤིང་། བྱ་དགའ་ཐོབ་མཁན་ཚོར་ལག་ཁྱེར་དང་རོགས་དངུལ་སྤྲད་པ་མ་ཟད་གཞི་རིམ་ལག་རྩལ་རྐང་འཛིན་པ6གིས་ལས་གནས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ལག་རྩལ་འགག་སྒྲོལ་དང་གསར་གཏོད་ཡར་རྒྱས། འགྲོ་གྲོན་གྲོན་ཆུང་ཕན་འབྲས་ཆེར་སྐྱེད་སྐོར་མཉམ་སྤྱོད་གནང་ཡོད།
ད་ལོར་གཙོ་སྒྲུབ་ཕྱོགས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་པ་གསར་གཏོད་གྲུབ་འབྲས་དཔྱད་འཇོག་བྱ་ཐབས(ཚོད་ལྟ)》ཞེས་པ་ཐོག་མར་བཏོན་ཏེ། དཔྱད་འཇོག་བྱ་ཡུལ་དང་རེ་ཞུ་ཆ་རྐྱེན། དཔྱད་འཇོག་གོ་རིམ། རྒྱབ་སྐྱོར་བྱེད་ཐབས་བཅས་ལམ་ལུགས་ཚད་ལྡན་བཟོས་ཡོད་ཅིང་། ཆེད་དོན་རོགས་སྐྱོར་སྲིད་ཇུས་ཁ་གསལ་བཟོས་པ་རེད།"ལོ་ལྔའི་འཆར་གཞི་བཅུ་བཞི་པའི"རིང་ལ། ཞིང་ཆེན་ཡོངས་ཀྱི་ལས་བཟོ་པས་ལག་རྩལ་ལེགས་བཅོས་ཐེངས8377དང་གསར་གཏོད་རང་བཞིན་ལྡན་པའི་བྱ་བ3839བསྒྲུབས་ཤིང༌། སྔོན་ཐོན་བཀོལ་སྤྱོད་ཐབས་ལམ་ཁྱབ་སྤེལ་བཏང་བ་ཐེངས3339ཟིན་པ་དང་ཁེ་བེད་བདག་ཐོབ་དབང་ཆ4254ཐོབ་པ་མ་ཟད། རིམ་ཁག་ངལ་རྩོལ་དཔེ་བཟང་ལག་ཤེས་མཁས་ཅན་གྱི་ལས་དོན་ཁང472བཙུགས་པའི་ནང་རྒྱལ་ཁབ་རིམ་པའི20དང་ཞིང་ཆེན་རིམ་པའི155ཟིན་ཡོད། 2026ལོར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི"ལས་བཟོ་བ་ཁྱིམ་ཚང་གཅིག"ཅེས་པའི་མཉེན་ཆས་བརྒྱུད་ལས་བཟོ་པས"ཆུང་གྲས་ལྔ"ཡི་གསར་གཏོད་གྲུབ་འབྲས1682ཕུལ་བས་གྲངས་འབོར་སླར་ཡང་ཟིན་ཐོ་གསར་པ་བཏོད་ཅིང་གཞི་རིམ་གསར་གཏོད་ཀྱི་རྣམ་པ་མུ་མཐུད་ཇེ་ཟབ་ཏུ་ཕྱིན་ཡོད། །