ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས3ཉིན་ནས་ཚེས5ཉིན་བར། 2026ལོའི་ལོན་ཏོན་འཛམ་གླིང་ཡུལ་སྐོར་ཉོ་ཚོང་ཚོགས་འདུ་དེ་ལོན་ཏོན་ཨེ་ཁིར་སེ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་འཚོག་པ་དང་། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་འགྲེམས་སྟོན་ཚོགས་པའི་ཁོངས་སུ་ཞུགས་ཏེ། ཡོ་རོབ་ཁྲོམ་རར་དམིགས་ནས“རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན”ཞེས་པའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་དང་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཏེ། ཡོ་རོབ་ཀྱི་ཕྱི་རྒྱལ་ཡུལ་སྐོར་བ་ནང་འདྲེན་གྱི་ཁྲོམ་ར་ཧུར་ཐག་གིས་རྒྱ་སྐྱེད་བཏང་།
ཐེངས་འདིའི་འགྲེམས་ཚོགས་ནི་མཉེན་ཤུགས་དང་སླར་གསོ། བསྐྱར་བཞེངས་སྟེ། འཛམ་གླིང་ཡུལ་སྐོར་གྱི་དུས་རབས་གསར་པ་ཞེས་པ་བརྗོད་གཞིར་བཟུང་སྟེ། འཛམ་གླིང་རྒྱལ་ཁབ་དང་ས་ཁུལ180ལྷག་གི་འགྲེམས་སྟོན་ཚོང་པ4000ལྷག་འདུ་འཛོམས་བྱུང་བས། འཛམ་གླིང་ཐོག་གཞི་རྒྱ་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་རིག་གནས་ཡུལ་སྐོར་ཆེད་ལས་འགྲེམས་ཚོགས་ཤིག་ཡིན། སྤྱི་ལོ2026ལོ་ནི་ཀྲུང་གོས་དབྱིན་ཇིའི་ཕྱི་བསྐྱོད་ལག་འཁྱེར་ཡོད་པའི་མི་སྣར་ཉིན30རིང་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་པའི་ལོ་དང་པོ་ཡིན་པས། ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་ཕན་ཚུན་འགྲོ་འོང་གི་ཚ་རླབས་མུ་མཐུད་དུ་འཕེལ་བཞིན་ཡོད། ཀྲུང་གོའི་འགྲེམས་སྟོན་ཁུལ་གྱིས་རི་བོའི་བང་རིམ་བརྟོལ་ནས་ཀྲུང་ཧྭའི་མཛེས་སྡུག་མཐོང་ཞེས་པ་ཇུས་འགོད་འདུ་ཤེས་སུ་བཟུང་ཡོད་ལ། མཚོ་སྔོན་གྱི་འགྲེམས་སྟོན་ཁུལ་དུ་སྤྲིན་པའི་གསེབ་ཏུ་མཚོ་སྔོན་གངས་རི་མཐོང་། ཡུས་མོན་འགག་སྒོ་ཧྲེང་པོར་རྒྱང་ལྟ་བྱེད་ཞེས་པའི་སྙན་ཚིག་བཀལ་ཏེ། ཕྱི་རྒྱལ་གྱི་ཚོང་ཤག་རྣམས་ལ་མཐོ་སྒང་གི་སྙན་ངག་ལྟ་བུའི་མཛེས་ལྗོངས་དང་རིག་གནས་ཀྱི་གཏིང་ཟབ་པའི་ནང་དོན་མངོན་སུམ་དུ་མྱོང་ཚོར་ཐུབ་པར་བྱས་ཡོད།
མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ནང་ཁུལ་གྱི་ཕྱི་རྒྱལ་ཡུལ་སྐོར་ཚོགས་པ་གཙོ་བོ་ཁག་གཅིག་འགྲེམས་སྟོན་ལ་ཞུགས་པར་སྒྲིག་འཛུགས་བྱས་ཤིང་། མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་གྱི་གནས་བབ་ལ་གཞི་བཅོལ་ཏེ། ཡོ་རོབ་ཁྲོམ་རས་སྐྱེ་ཁམས་གཏིང་ཟབ་ཀྱི་ཡུལ་སྐོར་དང་། ཤུལ་བཞག་རིག་གནས་ཉམས་ལེན་གྱི་ཡུལ་སྐོར། མཐོ་རིམ་ཆེད་བཀོད་ཡུལ་སྐོར་བཅས་ལ་དགའ་མོས་བྱེད་པའི་ཁྲོམ་རའི་ཁྱད་ཆོས་དང་དམ་པོར་སྦྲེལ་ནས། གཙང་གསུམ་མགོ་ཁུངས་དང་མཚོ་སྔོན་པོ། ཚྭ་ཁ་ཚྭ་མཚོ། ཨ་ཆེན་གངས་རྒྱབ་སོགས་འཛམ་གླིང་རིམ་པའི་སྐྱེ་ཁམས་ཐོན་ཁུངས་དང་། རེབ་གོང་ཐང་ག་དང་མཚོ་སྔོན་གྱི་འཚེམ་དྲུབ་སོགས་གཟུགས་འདས་ཤུལ་བཞག་རིག་གནས། དེ་བཞིན་མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་དང་ཡུས་ཧྲུའུ་རྟ་རྒྱུག་དུས་ཆེན་སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རྣམས་གཅིག་བསྡུས་ཀྱིས་འོས་སྦྱོར་བྱས་པ་མ་ཟད། མཐོ་སྒང་གི་བདེ་ཐང་ཁམས་གསོ་དང་། སྒེར་འཁོར་གཏོང་བའི་ཡུལ་སྐོར། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་མཉམ་སྦྲེལ། སློབ་སྦྱོང་དང་རྟོག་ཞིབ་ཀྱི་ལམ་ཐིག་སོགས་ཕུལ་བྱུང་ཡུལ་སྐོར་ལམ་ཐིག་རྣམས་དྲིལ་བསྒྲགས་བྱས་ཡོད། འགྲེམས་ཚོགས་ཀྱི་རིང་ལ། མཚོ་སྔོན་གྱིས་ཆེད་དོན་འོས་སྦྱོར་ཐེངས་གཉིས་སྤེལ་ཞིང་། མཛེས་སྡུག་ལྡན་པའི་ལྷ་ལམ་ཨང་རྟགས་ཅན་ཞེས་པའི་མཐོ་སྒང་གི་ཡུལ་སྐོར་མེ་འཁོར་རྩེ་གྲ་དང་། 2027ལོ་ནས2028ལོའི་བར་གྱི་ཆེད་བཀོད་འགྲུལ་བཞུད་འཆར་གཞི་བཅས་གཙོར་བཟུང་ནས་འོས་སྦྱོར་བྱས་པ་རེད།
རྒྱུས་ལོན་པ་ལྟར་ན། རྒྱལ་སྤྱིའི་སྟེགས་བུ་འདི་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱི་འགྲེམས་སྟོན་ཁེ་ལས་ཁག་གིསB2Bགནད་འཁེལ་མཐུད་སྦྱོར་དང་། རྐང་ཐང་དང་རྐང་འཁོར་བཞོན་པའི་ཆེད་དམིགས་ཚོང་ཤག་མཐུད་སྦྱོར་སོགས་སྤེལ་ཏེ། དབྱིན་ཇི་དང་སུའེ་ཙེར། ཐེ་གོ ། ཨ་རི་སོགས་རྒྱལ་ཁབ་མང་པོའི་ཡུལ་སྐོར་ཚོང་པ་དང་རྒྱ་ཁྱབ་ཏུ་གྲོས་མོལ་བྱས། ཡུལ་དངོས་སུ་རྒྱལ་སྤྱིའི་ཚོང་ཤག70ལྷག་ལ་མཐུད་སྦྱོར་བྱས་པ་ལས། དེའི་ནང་ནས་ཚོང་ཤག39ཡིས་མཉམ་ལས་ཀྱི་འདུན་པ་བཏོན་པ་དང་། ཚོང་ཤག18ཀྱིས2027ལོར་ཚོགས་པ་སྒྲིག་པའི་འཆར་གཞི་གསལ་པོར་བཏོན་ཅིང་། ཚོགས་པའི་གཞི་ཁྱོན་མི་གྲངས2800ལྷག་ལ་སླེབས་པར་ཚོད་དཔག་བྱས། དབྱིན་ཇིའིWendy Wu Toursསོགས་སྒྲིག་གཞིས2027ལོར་མཚོ་སྔོན་དུ་དངོས་སུ་བརྟག་དཔྱད་བྱེད་པར་འགྲོ་རྒྱུའི་འཆར་གཞི་ཡོད་པ་དང་། ཡུལ་སྐོར་ཚོང་པ་ཁ་ཤས་ཀྱིས་མཛེས་སྡུག་ལྡན་པའི་ལྷ་ལམ་ཨང་རྟགས་ཅེས་པའི་མེ་འཁོར་ཆེད་བསྐྱོད་དེ་རྗེས་མཐུད་ཐོན་རྫས་ཁྱབ་གདལ་གྱི་ནང་དུ་འཇུག་རྩིས་ཡོད། མཚོ་སྔོན་གྱིས་ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀྱི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་ཁེ་ཕན་དམ་འཛིན་བྱས་ཏེ། ཡོ་རོབ་གླིང་གི་ཡུལ་སྐོར་ཚོང་པ་རྩེ་གྲ་དག་དང་མཐུད་སྦྱོར་གྱི་བརྒྱུད་ལམ་ཤར་གཏོང་བྱེད་བཞིན་པ་དང་། རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན་ཞེས་པའི་རྒྱལ་སྤྱིའི་མིང་གྲགས་མུ་མཐུད་དུ་ཆེ་རུ་གཏོང་བཞིན་ཡོད། །