རི་ཆུ་སྟོང་ཕྲག་ལས་བརྒལ་བའི་ཕྱོགས་གཉིས་ཀྱི་རེ་སྙེག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་འདོན་སྤྲོད་བྱ་དགོས་པ་ནན་གྱིས་བསྟན་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ལ། གཞི་ཁྱོན་ཤིན་ཏུ་ཆེ་བའི་ཚོང་རས་ཕྱི་དངུལ་ཁེ་ལས་སྔར་ལས་མང་པོ་ཀྲུང་གོ་ནས་གཞི་ཚུགས་པ་དང་གོ་སྐབས་མཉམ་སྤྱོད་བྱེད་པའི་ཡིད་དབང་བཀུག  དེ་དང་ཆབས་ཅིག་ཀྲུང་གོའི་ཐོན་རྫས་དང་ཞབས་ཞུ། ལག་རྩལ། ཚད་གཞི་བཅས་འཛམ་གླིང་དུ་སྐྱོད་ཚད་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ལ་རམ་འདེགས་བྱེད་བཞིན་ཡོད།

མིག་སྔར། འཛམ་གླིང་སྟེང་གི་ཁོ་ཁོ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་ཆེ་ཤོས་ཏེ་ཁོ་ཐེ་ཏི་ཝོར་ནི་ལོ་ལེགས་བྱུང་བའི་དུས་ཚིགས་སུ་འཁེལ་ཡོད།  ཡིན་ཡང་སྤྱི་ལེ་ཆིག་ཁྲི་ལྷག་གི་མཚམས་སུ་ཡོད་པའི་ཀྲུང་གོའི་ཧྲང་ཧའེ་རུ་ཁོ་ཁོ་འདི་དག་ཐེངས་དང་པོར“སྒོ་ཁྲལ་མི་དགོས་པའི”ཐོབ་ཐང་བརྒྱུད་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་ཚོང་ཚོགས་སྟེང་བུད།  ད་ལོར་ནང་འདྲེན་དངོས་མང་ཚོང་ཚོགས་སྟེང་རིམ་སྤོར་བྱས་པའི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་ཐོན་རྫས་ཀྱི་ཆེད་ཁུལ་དུ་ད་དུང་ཁེན་ནི་ཡ་དང་ཨེ་ཙེ་ཨོ་ཕི་ཡ་ནས་ཐོན་པའི་ཁོ་ཧྥེ་དང་། ཀམ་པི་ཡ་ནས་ཐོན་པའི་ཤིང་འབྲས་ཡོ་གོ  སུའུ་ཏན་དང་མ་ལི་ནས་ཐོན་པའི་ཏིལ་འབྲུ། པེ་ཉིང་ནས་ཐོན་པའི་པ་ར་མི་ཏ་བཅས་ཡོད། ཐག་རིང་ནས་ཐོན་པའི་ཨ་ཧྥེ་རི་ཁའི་ཁྱད་ལྡན་ཐོན་རྫས་དེ་དག་ཀྲུང་གོའི་ཁྲོམ་རར་མགྱོགས་མྱུར་སྒོས་ཞུགས་པ་ནི་ད་ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ཀྲུང་གོས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཚང་མར་ཕྱོགས་ཡོངས་ནས་སྒོ་ཁྲལ་མི་དགོས་པའི་བྱེད་ཐབས་ལག་ཏུ་བསྟར་བའི་གྲུབ་འབྲས་ལེགས་ཤོས་རེད།

ཁོ་ཐེ་ཏི་ཝོར་ཕྱིར་གཏོང་ཅུས་ཀྱི་ཅུས་ཀྲང་། ཁ་ལ་ཅི·ཧྥ་ཏི་ཅ་ཡིས་བཤད་རྒྱུར།

སྒོ་ཁྲལ་མི་དགོས་པའི་སྲིད་ཇུས་དོན་འཁྱོལ་བྱས་རྗེས། ང་ཚོས་ཆེད་དུ་བྱ་བའི་ཆེད་དོན་ཚན་ཆུང་བཙུགས་པ་ཡིན། ཁོ་ཐེ་ཏི་ཝོར་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་རོགས་རམ་འོག ཁོ་ཐེ་ཏི་ཝོར་གྱི་ཁེ་ལས་ཀྱིས་ཀྲུང་གོར་ཕྱིར་གཏོང་བྱེད་པའི་བརྒྱུད་རིམ་བཀག་འགོག་མེད་པར་བཟོས་ཤིང་།  ང་ཚོའི་ཁོ་ཁོ་དང་སིལ་ཏོག་སོགས་ཀྱི་ཐོན་རྫས་བདེ་བླག་ངང་ཀྲུང་གོའི་ཚོང་རར་ཞུགས་ཐུབ་པར་བྱས། 

“ཀྲུང་གོའི་སྒོ་མོ་ནམ་ཡང་རྒྱག་མི་སྲིད་པར་ཆེ་ནས་ཆེ་རུ་ཕྱེ་ངེས་ཡིན།  ”འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཆ་མང་པོ་ནས་འཛམ་གླིང་ལ་གནང་བའི་བརྗིད་ཉམས་ལྡན་པའི་གསལ་བསྒྲགས་རེད། ཁོང་རང་ནང་འདྲེན་དངོས་མང་ཚོང་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཐེངས་མང་ཞུགས་ནས་བརྗོད་དོན་གསུང་བཤད་ཀྱང་གནང་།  ཀྲུང་གོས་ཕྱོགས་མང་ཉོ་ཚོང་ལམ་ལུགས་ལ་སྲུང་སྐྱོང་དང་རང་མོས་ཉོ་ཚོང་འཕེལ་རྒྱས་གཏོང་བའི་ལངས་ཕྱོགས་བརྟན་པོ་རྒྱས་བཤད་གནང་བ་དང་།  ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་སྐྱེད་པའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བསྒྲགས་ཏེ།  ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་རྒྱུན་ཆད་མེད་པའི་སྒུལ་ཤུགས་འདོན་སྤྲོད་བྱས།

གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་སྔོན་མ་གསུམ་ལ། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་ཚད་སྒོར་རབ་བཀྲམ་གསུམ་ཁྲག་ཆེན་དགུ་ཁྲག་ཁྲིག་དགུ་ཐེར་ཆེན་བཞི་ཡིན་པ་དང་། དེ་ན་ནིང་གི་དུས་མཉམ་ལས18.8%འཕར། ཟླ་བ་དྲུག་ལ་བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་སྣོན་བྱུང་།  དེའི་ཁྲོད་ནང་འདྲེན་སྒོར་རམ་བཀྲམ་གཅིག་ཁྲག་ཆེན་དྲུག་ཁྲག་ཁྲིག་བདུན་ཐེར་ཆེན་བཞི་བྱས་ཤིང22.3%འཕར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སིལ་ཏོག་དང་ཧྥ་ལོ་གླིང་ཚོམ་གྱི་སན་ཝུན་ཉ། དབྱི་ཐ་ལིའི་སྐྱུ་རུའི་སྣུམ་བཅས་འཛམ་གླིང་སྟེང་གི་དངོས་ཟོག་བཟང་པོ་སྔར་ལས་མང་པོ་ཀྲུང་གོའི་མི་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་ནང་ཞུགས་ཐུབ་པར་བྱས། ཡིན་ཡང་རྒྱལ་ནང་གི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་དགོས་མཁོ་ཧ་ཅང་ཆེ་སྟབས། གསོག་འཇོག་ལྷུ་ལག་དང་འདུས་གྲུབ་གློག་ལམ། མཁའ་འགྲུལ་ཡོ་བྱད་ཀྱི་ལྷུ་ལག་བཅས་ནང་འདྲེན་བྱེད་རྒྱ་ཆེ་རུ་སྐྱེད་པར་སྐུལ་ཁྲིད་བྱེད་བཞིན་ཡོད། མངག་ཐོ་རེ་རེས་འཛམ་གླིང་ཡོངས་ཀྱི་ཐོན་ལས་སྦྲེལ་ཐག་ཕན་ཚུན་ལ་མཐུད་ཡོད།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀའོ་ལིང་ཡུན་གྱིས་བཤད་རྒྱུར།

ཀྲུང་གོ་ནི་རིམ་འདས་ཚོང་མཁན་ཡིན་ལ་རིམ་འདས་ཉོ་མཁན་ཡང་ཡིན། ཕྱིར་གཏོང་གི་གཞི་སྒྲོམ་གཏན་འཇགས་སུ་གཏོང་བ་དང་ཆབས་ཅིག  ཁྲོམ་རའི་སྒོ་འབྱེད་ཚད་ཀྱང་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་ཚོང་ཟོག་བཟང་པོ་ནང་འདྲེན་ཐུབ་པར་བྱས། དེ་ཡིས་ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་དང་ཛ་དྲག་ཇི་ལྟར་ཆེ་རུང་།  ཀྲུང་གོས་སྔར་བཞིན་སྒོ་མོ་ཆེ་རུ་ཕྱེ་ཞིང་རང་ཉིད་ཀྱི་ཁྲོམ་ར་ཆེན་པོར་བརྟེན་ནས་གོ་ལ་ཧྲིལ་པོའི་རོགས་ཟླར་གཏན་འཇགས་རང་བཞིན་དང་སྒུལ་ཤུགས་མཁོ་འདོན་བྱ་རྒྱུ་ཡིན་པ་གསལ་བཤད་བྱས་ཡོད།

ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ལ། ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱིས་འཛམ་གླིང་དང་ཧ་ཅང་དམ་པའི་འབྲེལ་ཟམ་འཛུགས་བཞིན་ཡོད།

“ཚོང་ཟོག་ཀུན་ཁྱབ”ནས“མི་སྣ་ཀུན་ཁྱབ”བར་བརྗེ་རེས་བྱས་པ་ནི་ཆེས་སྤྱིར་བཏང་གི་འཚོ་བ་ཡིན། ད་ལོར་ཕྱོགས་རྐྱང་པའི་ཐོངས་མཆན་འགོད་མི་དགོས་པའི་རྒྱལ་ཁབ50རུ་བསྐྱེད།  དུས་ཚིགས་གསུམ་པར་ཕྱི་རྒྱལ་བ་རྒྱལ་ཁོངས་སུ་འོང་ཚད་མི་ཐེངས་བྱེ་བ་གཅིག་ས་ཡ་གཅིག་འབུམ་དྲུག་སྟོང་གཅིག་ཏུ་སླེབས་ཤིང་། ན་ནིང་གི་དུས་མཉམ་ལས15.6%འཕར། ཐོངས་མཆན་འགོད་མི་དགོས་པར་རྒྱལ་ནང་དུ་ཡོང་བའི་བསྡུར་ཚད77%ཡན་རེད། རྒྱལ་ཁོངས་སུ་འོང་བའི་མི་རྣམས་ཀྱི་གོམ་སྟབས་དེ་གནའ་བོའི་ཕོ་བྲང་དང་ལྕགས་རི་རིང་པོ་ནས་གྲོང་རྡལ་དང་སྡེ་བའི་ནང་བསྒྱུར་བཞིན་ཡོད་ལ།  ཕྱིར་ལོག་གི་ལམ་ཆས་སྒམ་ཆུང་ནང་དུ་མི་མེད་གནམ་གྲུ་དང་རྒྱལ་ཁབ་ཀྱི་དར་སྲོལ་གསར་བའི་གྱོན་ཆས་སོགས་ཀྱི“ཀྲུང་གོའི་ཚོང་ཟོག”གིས་ཁེངས་ཡོད།

ཧྥ་རན་སེའི་ཡུལ་སྐོར་བ་ཨའེ་མ་ཉིའུ་ཨེ་འར་གྱིས་བཤད་རྒྱུར།

ཀྲུང་གོའི་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཀྱིས་ང་ཚོར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། ད་ཐེངས་ཀྱི་ཡུལ་སྐོར་ཉམས་ལེན་ཧ་ཅང་ཡག་པས་རྗེས་ཕྱོགས་ང་ཚོ་ཀྲུང་གོར་ཡོང་བར་དབུ་ཁྱུད་ལེགས་པོ་ཞིག་བྲིས།

“སྲིད་ཇུས་གཟིགས་སྐྱོང”ནས“སྒྲིག་སྲོལ་ལམ་ལུགས”བཟོ་བའི་བར། སྙེག་བཞིན་པ་ནི་སྔར་ལས་གཏིང་ཟབ་པའི་ཡིད་ཆེས་ཡིན། བཟོ་སྐྲུན་ལས་རིགས་ལ་ཕྱི་དངུལ་ཞུགས་འཐུས་ཀྱི་ཚད་བཀག་མེད་པར་བཟོས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་རང་མོས་ཉོ་ཚོང་ཁུལ་གྱི3.0པར་གཞིའི་རིམ་སྤོར་གྲོས་ཆོད་ཡི་གེར་མིང་རྟགས་བཀོད་པ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ23ལ་རིམ་གྱིས་སྐུལ་འདེད་བཏང་།  ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་ཁྲལ་སྡོམ་བྱས་ནས་ཟླ10ལྷག་ལ་འཁོར་སྐྱོད་བྱས། “སྒོ་ཁྲལ་མི་དགོས་པའི”ཚོང་ཟོག་གི་དཔྱ་ཁྲལ་རྣམ་གྲངས་ཀྱི་བསྡུར་ཚད21%ནས74%བར་འཕར་བ་དང་། ནང་འདྲེན་དངོས་ཟོག་གི་ཆ་སྙོམས་འགག་སྒྲོལ་དུས་ཚོད20%ཇེ་ཉུང་དུ་ཕྱིན།

“ཐོན་རྫས་ཕྱི་རུ་སྐྱོད་པ”ནས“ཉམས་མྱོང་མཉམ་སྤྱོད”ཀྱི་བར་ཕྱོགས་གཉིས་སུ་སྐྱོད་པ་ནི་ཐུན་མོང་གི་འཕེལ་རྒྱས་ལ་དམིགས་ཡོད།  དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་བརྟན་པོའི་ངང་འཕར་ནས།  ཕྱིར་གཏོང་སྤྱི་ཐང་གི་བརྒྱ་ཆའི་དྲུག་གི་ཡན་ཟིན་ཡོད།  ཚོང་ཟོག་འཛམ་གླིང་ཡོངས་སུ་ཕྱིར་འཚོང་བྱེད་པའི་དུས་མཚུངས་སུ། ཀྲུང་གོའི་ལག་རྩལ་ཡང་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད་པ་མ་ཟད། འཕེལ་རྒྱས་ཀྱི་གོ་སྐབས་ས་གནས་དེ་གར་བསྐྱུར་ཡོད།  ཀྲུང་གོའི་འདེབས་འཛུགས་ལས་རིགས་ཀུང་སི་འདིའི་ཆུ་འབྲས་སྣ་ཁ་བརྒྱ་ལྷག་རྒྱལ་ཁབ30ལྷག་ལ་ཁྱབ་གདལ་དུ་བཏང་སྟེ།  ས་གནས་དེའི་སོན་རིགས་རྒས་འགྱུར་དང་ནད་སྐྱོན་མང་བ། མུའུ་རེའི་ཐོན་ཚད་དམའ་བ་བཅས་ཀྱི་དཀའ་གནད་སེལ་རོགས་བྱས།   ཧིན་རྡུ་ཉི་ཞི་ཡ་རུ། མ་ལུའུ་ཀུའུ་བྱང་མའི་ཞིང་ཆེན་པུའུ་ལིས་བཟོ་ལས་གླིང་ཁུལ་ནས་ཞི་ཀྭ་ཝ་ཞིང་ཆེན་ཁ་ལ་ཝང་ཐོན་ལས་མཁར་གསར་བར།   ཀྲུང་གོའི་གློག་གཡིས་ཁེ་ལས་ཀྱིས་དངུལ་གཏོང་བྱས་པའི་གློག་གཡིས་ཐོན་ལས་མུ་ཕྲེང་ཧྲིལ་པོའི་རྣམ་གྲངས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་།  ཐོན་ལས་མུ་ཕྲེང་ཧྲིལ་པོའི་ལག་རྩལ་ཚད་གཞི་དང་སྤུས་ཀའི་ཚད་གཞི། ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་ཀྲུང་གོའི་མ་ལག་ལ་དམིགས་ཡོད། 

ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གློག་གཡིས་ཐོན་ལས་ཀུང་སིའི་སྤྱི་འདོམས་པ་ཨ་ཏི་ཏི་ཡ·ཧྥ་འར་ཧན·ཨ་ལི་ཧྥུའུ་ཡིས་བཤད་རྒྱུར།

འདི་ནི་གོ་སྐབས་ཧ་ཅང་ལེགས་པོ་ཞིག་རེད། ང་ཚོས་ཀྲུང་གོའི་གློག་གཡིས་ཁྱབ་ཁོངས་ཀྱི་རྩེར་སོན་ལག་རྩལ་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་རང་རྒྱལ་ཁབ་ཀྱི་ཐོན་ལས་འཕེལ་རྒྱས་སུ་བཏང་ཆོག

ད་ལྟ།  རི་ཆུ་སྟོང་ཕྲག་བརྒལ་ནས་ཕྱོགས་གཉིས་སུ་སྐྱོད་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་བཞིན་ཡོད།  ད་ལོར། ཕེ་རུའི་ངང་ལག་གསར་པ་དེ“ཆན་ཁེ་ནས་ཧྲང་ཧའེ”བར་གྱི་ཐད་གཏོང་གནམ་གྲུ་བརྒྱུད་ནས།  ཀྲུང་གོའི་ཁྲོམ་རར་ཐོག་མར་ཞུགས། མཁའ་ལམ་འདི་ནི2024ལོའི་༼ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས༽APECལིས་མ་ཚོགས་འདུའི་སྐབས་ཀྱི་ཆན་ཁའེ་གྲུ་ཁ་ནས་འགོ་བརྩམས་པས།   ཕེ་རུའི་ཞིང་ལས་ཐོན་རྫས་ཀྲུང་གོར་སྐྱེལ་འདྲེན་བྱེད་པའི་མཁའ་འགྲུལ་ལམ་ཐག་ཉིན་བཅུའི་ཡན་ཇེ་ཐུང་དུ་བཏང་ཡོད།

ཕེ་རུའི་ཕུའུ་ལུའོ་ན་ཐེ་ཀུང་སིའི་རྐང་འཛིན་སྤྱི་གཉེར་པ།   དབྱང་·པོ་ཨེན་ཧ་ཏེ་ཡིས་བཤད་རྒྱུར།  ང་ཚོར་མཚོན་ན། ནང་འདྲེན་འགྲེམས་ཚོགས་ནི་ཀྲུང་གོའི་ཁྲོམ་ར་ཕྱེས་པའི་སྒེའུ་ཁུང་དང་པོ་ཡིན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཧྲེན་ཀྲེན་ཚོགས་འདུ་འཚོག་ལ་ཉེ་པས།   ང་ཚོས་གོ་སྐབས་གསར་པ་བརྩོན་ལེན་བྱེད་ཐུབ།

ནང་འདྲེན་འགྲེམས་ཚོགས་ཀྱི“མ་འོངས་བ་མཉམ་སྤྱོད”ནས ༼ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས༽ཀྱི༼“ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི”བར་བྱ་བ་འདི་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཡོད།     གནས་བབ་དང་འགྲན་སློང་སྔར་ལས་ཛ་དྲག་ཆེ་ན། སྒོ་འབྱེད་སྔར་ལས་རྒྱ་སྐྱེད་དགོས། རི་ཆུ་སྟོང་ཕྲག་བརྒལ་བ་ནི་ཚོང་ཟོག་ཁོ་ན་མ་ཡིན་པར།   སྒོ་འབྱེད་ཀྱི་ཀྲུང་གོ་ཡིན་ཞིང་།   ཐོག་མཐའ་བར་གསུམ་དུ་འཛམ་གླིང་དང་མཉམ་དུ་སྐྱོད་པའི་ཁས་ལེན་ཞིག་ཡིན། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།