ཟླ11པའི་ཚེས9ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀོ་ཡུས་ཅེ་ཡིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་སྲུང་སྐྱོབ་དང་བཅོས་སྐྱོང་ལས་དོན་སྔར་ལས་ལྷག་པར་ཡག་པོ་བསྒྲུབ་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་རྨ་ཆུ་སྲུང་སྐྱོབ་དང་བཅོས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས། གཙོ་གནད་སྲུང་སྐྱོབ་དང་བཅོས་སྐྱོང་གཙིགས་སུ་འཛིན་པའི་འཐབ་ཇུས་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་དང་། འབྱུང་ཡུལ་གྱི་འགན་འཁྲི་དང་གཞུང་ཆུའི་འགན་འཁྲི་ཕྲག་ཏུ་འཁུར་བ། ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས། རྨ་ཆུའི་རིག་གནས་ཀྱི་དུས་རབས་རིན་ཐང་སྔོག་འདོན་གཏིང་ཟབ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ལྗོངས་མཉམ་ལས་ཟབ་སྤེལ་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་ནན་གྱིས་བསྟན།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནོར་སྲིད་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནོར་སྲིད་ཚན་རིག་དང་མཐུན་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་ཆེ་རུ་བཏང་སྟེ། གྲོན་ཆུང་འཚོ་བ་སྐྱེལ་བའི་གོམས་གཤིས་བླང་བྱ་མཐའ་གཅིག་ཏུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང《རོང་འབྲོག་ས་ཁུལ་གྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། དེང་རབས་གྲོང་གསེབ་ཐོན་ལས་མ་ལག་གང་མགྱོགས་སྒོས་བཙུགས་ཏེ། ཞིང་ལས་ཐོན་སྐྱེད་དང་། ཟོང་རྟགས་སྣེ་ཁྲིད། ཐོན་ལས་མུ་ཕྲེང་གསོ་སྐྱོང་། ཞིང་འབྲེལ་དམངས་ཕྱུག་བཅས“ལས་དོན་བཞི”ཡག་པོར་སྒྲུབ་སྟེ། གྲོང་གསེབ་ཁྱོན་ཡོངས་དར་སྤེལ་ལ་ཐོན་ལས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་གི་རྣམ་པས་ཚོང་གཉེར་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་དང་ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་གི་ཆུ་ཚད་ཇེ་མཐོར་བཏང་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ལ་སྔར་ལས་ལྷག་པར་ཞབས་འདེགས་དང་མཉམ་འདྲེས་ཡོང་བར་བྱས་ནས། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་ཆད་མེད་པར་གཏོད་དགོས། རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཆེད་དོན་བྱེད་སྒོའི་གྲུབ་འབྲས་ཟབ་སྤེལ་དང་རྒྱ་སྐྱེད་དེ། གན་འཇོག་རྣམ་གྲངས་དོན་འཁྱོལ་དང་། གྲུབ་རྐྱེན་གཙོ་བོའི་འདེགས་སྐྱོར་དང་ཞབས་ཞུའི་འགན་སྲུང་བཅས་དམ་འཛིན་ཡག་པོ་བྱས་ནས། ཀྲུང་དབྱང་དང་ས་གནས་མཐུན་སྦྱོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོའི་བཟོ་སྐྲུན་གླིང་གི“ཡོན་ཧྲི་མཚོ་སྔོན་དུ་སྐྱོད་པའི”བྱེད་སྒོའི“རྩོམ་ཡིག་ཕྱི་མ”ལེགས་པོ་བྲིས་ཏེ། འཐབ་ཇུས་བློ་འདྲིའི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུ་ལས《〈མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག〉སོགས་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བརྒྱད་ཀྱི(བཟོ་བཅོས་འཆར་ཟིན)》དང《ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིའི་གྲོས་གཞི་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ》སོགས་ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། འགྲོ་ལུགས་ལྟར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་ཏུ་སྤྲོད་རྒྱུ་གཏན་འཁེལ་བྱས། 《ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་གི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་བཤེར་བྱས་འབྲས་དཀར་ཆག》ལ་གྲོས་ཞིབ་བྱས་ནས་འགྲོ་ལུགས་ལྟར་ཡོངས་བསྒྲགས་དང་ཐོ་འགོད་བྱ་རྒྱུ་གཏན་འཁེལ་བྱས།
ཚོགས་འདུ་ལས་ད་དུང་བྱ་བ་གཞན་དག་ལ་ཞིབ་འཇུག་བྱས།