མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས9ཉིན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ཧྲིན་ཀྲང་ལས་ཚབ་ཀྲུའུ་ཀེ་ཡུས་ཅེ་ཡིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་བྱས་ནས་བསྡུས་ཤིང་། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་། རྟེན་འབྲེལ་ཡི་གེ་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ཞིང་ཆེན་ཏང་ཨུའི་ལས་དོན་གྱི་བླང་བྱ་ལྟར་ཞིབ་འཇུག་ཐོག་བྱེད་ཐབས་ལག་བསྟར་བྱ་བ་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་སྲུང་སྐྱོང་བཅོས་སྐྱོང་ལས་དོན་སྔར་བས་ཡག་པོ་བསྒྲུབ་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་རྨ་ཆུའི་སྲུང་སྐྱོང་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་ཐོག་སློབ་སྦྱོང་བྱས་ཏེ། སྲུང་སྐྱོང་གཙོ་བོ་དང་བཅོས་སྐྱོང་གནད་དུ་འཛིན་པའི་འཐབ་ཇུས་ཀྱི་བླང་བྱར་སྟངས་འཛིན་བརྟན་པོ་བྱེད་དགོས་པ་དང་། ཆུ་མགོའི་འགན་འཁྲི་དང་གཞུང་ཆུའི་འགན་འཁྲི་བརྟན་པོར་ཁུར་དུ་ཐེག་ཏེ། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་གཅིག་གྱུར་འཆར་འགོད་བཟོས་ནས་བཅོས་སྐྱོང་དང་། རྨ་ཆུའི་རིག་གནས་ཀྱི་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བར་མཉམ་ལས་གཏིང་ཟབ་བཅས་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅིའི་ནོར་སྲིད་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནོར་སྲིད་ལ་ཚན་རིག་དང་མཐུན་པས་དོ་དམ་བྱ་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ནོར་སྲིད་ཀྱི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་མཐོ་རུ་གཏོང་བ། འཚོ་བ་བཀྲེན་པོ་སྐྱེལ་བའི་གོམས་གཤིས་ཆགས་དགོས་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་དགོས་ཞེས་ནན་བཤད་བྱས།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་སྟེང་དུ། 《ཞིང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ་གསུམ་པའི་བར་གྱི་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་སྐོར་གྱི་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ་དེང་རབས་གྲོང་གསེབ་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་དགོས་པ་དང་། ཞིང་ལས་ཐོན་སྐྱེད་དང་། སྤུས་རྟགས་སྣེ་ཁྲིད། ཐོན་ལས་འཁོར་འབྲེལ་གསོ་སྐྱོང་། ཞིང་འབྲེལ་དམངས་ཕྱུག་བཅས་ཀྱི“དོན་ཚན་བཞི”ཡག་པོ་བསྒྲུབ་ཏེ་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་ཐོན་ལས་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
ཚོགས་འདུའི་ཐོག ཁྲིམས་སྐྱོང་བྱེད་སྟངས་ཐོག་ནས་ཚོང་གཉེར་ཁོར་ཡུག་ལ་གཅེས་སྐྱོང་དང་། ཁྲིམས་སྐྱོང་སྲིད་གཞུང་དང་ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་གཅིག་གྱུར་འཛུགས་སྐྱོང་ལ་མཉམ་འདྲེས་བྱེད་པར་ཞབས་ཞུ་དེ་བས་ལེགས་པོ་བསྒྲུབ་ནས་ ཁྲིམས་སྐྱོང་གི་ལམ་དུ་ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་ཆད་མེད་པར་གཏོད་དགོས། གཞུང་ཁོངས་མ་རྩ་དང་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཆེད་དོན་བྱེད་སྒོའི་གྲུབ་འབྲས་རྒྱ་སྐྱེད་གཏིང་ཟབ་ཏུ་གཏོང་བ་དང་། གན་རྒྱ་འཇོག་པའི་རྣམ་གྲངས་དོན་འཁྱོལ་དང་། རྒྱུ་རྐྱེན་གཙོ་བོས་འདེགས་སྐྱོར། ཞབས་ཞུ་ལེགས་པོས་འགན་ལེན་བཅས་བྱ་བ་ལ་དམ་འཛིན་ཡག་པོ་བྱས་ནས་ཀྲུང་དབྱང་དང་ས་གནས་གཉིས་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡོང་བར་སྐུལ་འདེད་གཏང་དགོས། ཀྲུང་གོ་བཟོ་སྐྲུན་གླིང་གི“ཡོན་ཧྲི་མཚོ་སྔོན་དུ་སྐྱོད་པའི”བྱེད་སྒོའི“མཇུག་འཕྲོའི་ལས་དོན་ཡག་པོ་བསྒྲུབ་ཏེ། འཐབ་ཇུས་བློ་འདྲི་ཡི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་གཏིང་ཟབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག《<མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག>སོགས་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་་བརྒྱད་ཀྱི(དག་བཅོས་འཆར་ཟིན)》དང་། 《ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་འཐུསཚོགས་འདུ་ཐེངས་བཞི་པའི་འཐུས་མི་གྲོས་འཆར་སྒྲུབ་ཚུལ་སྐོར་གྱི་སྙན་ཞུ》སོགས་ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། གོ་རིམ་ལྟར་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཞུས་ནས་གྲོས་ཞིབ་བྱ་རྒྱུ་ཐག་བཅད། 《ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་བཤེར་བྱས་འབྲས་དཀར་ཆག》ལ་གྲོས་ཞིབ་བྱས་ནས་གོ་རིམ་ལྟར་ཁྱབ་བསྒྲགས་བྱས་པ་མ་ཟད་ཐོ་འགོད་སྙན་སེང་བྱ་རྒྱུ་ཐག་བཅད་དོ། །
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།