གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོས་གྷེ་ནེ་སི་འཛམ་གླིང་ཟིན་ཐོ་བཏོད།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན།

ཟླ༡༡པའི་ཚེས༤ཉིན། གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོ་ལེགས་གྲུབ་ཞལ་འབྱེད་དང་གྷེ་ནེ་སི་འཛམ་གླིང་ཟིན་ཐོའི་དཔང་ཡིག་སྤྲོད་པའི་མཛད་སྒོ། པདྨའི་འོད་སྣང་ཞེས་པའི་དེབ་གསར་འགྲེམ་སྤེལ་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་བཅས་སྤོས་ལྡན་གྲོང་དུ་གཟབ་རྒྱས་ངང་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དང་། ཀྲུང་ཧྭ་རིག་གནས་ཡར་སྐུལ་ཚོགས་པའི་དར་སྐུད་ཚོང་ལམ་འཕེལ་རྒྱས་ལས་དོན་ཨུ་ལྷན། ཀྲུང་ཧྭའི་རིག་གནས་ཡར་སྐུལ་ཚོགས་པའི་ཆོས་ལུགས་རིག་གནས་སྒྱུ་རྩལ་ཨུ་ལྷན། ཆིང་ཧྭ་སློབ་ཆེན་རིག་གནས་སློབ་གླིང་ནང་བསྟན་རིག་གནས་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ལ། རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་ལས་རིགས་སོ་སོའི་དབུ་ཁྲིད་དང་། མཁས་དབང་རྒན་རབས། སྐྱེས་ཆེན་དམ་པ། གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ། པར་སྐྲུན་དང་སྒྱུ་རྩལ་ལས་རིགས་ཀྱི་འཐུབ་ཚབ་སོགས་སྐུ་མགྲོན་ཉིས་བརྒྱ་ལྷག་སྤོས་ལྡན་གྲོང་དུ་འཛོམས་ནས། མི་ལོ་ཉི་ཤུ་ཡས་མས་ཀྱི་རིག་གནས་ལས་གཞི་ཆེན་མོ་འདི་ཡི་མཚར་སྡུག་གི་གྲུབ་འབྲས་ལ་མཉམ་དུ་བདེན་དཔང་མཛད་ཡོད།

གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོ་འདི་ནི་ཐེངས་མང་པོར་རྒྱལ་ཁབ་ཀྱི་གནའ་དཔེ་རྩ་ཆེན་གྱི་མིང་ཐོའི་ནང་དུ་བདམས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་བ་པདྨ་བཀའ་ཐང་གཞིར་བཟུང་ཞིང་། རྒྱ་བོད་རི་མོའི་སྒྱུ་རྩལ་གྱི་དགེ་མཚན་གཅིག་ཏུ་བསྡུས་པའི་ཀརྨ་སྒར་བྲིས་ཀྱི་ལུགས་ལྟར། སྲོལ་རྒྱུན་རི་མོའི་ཐིག་རྩ་དང་། རང་བྱུང་གཏེར་རྫས་ཀྱི་ཚོན་སྣ་ལེགས་པར་སྤྱད་ནས་གསར་བཞེངས་བྱས་པ་ཞིག་རེད།

གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོ་འདི་ཡི་རི་མོའི་དངོས་གཞིའི་རིང་ཚད་ལ་སྨི༡༨༨༥དང་། དོན་དངོས་ཀྱི་འགྲེམ་སྤེལ་རིང་ཚད་ལ་སྨི༣༥༠༠ཙམ་ཡོད་ལ། དེ་ཡི་སྤྱིའི་ལྗིད་ཚད་ལ་ཏུན༢༨ཙམ་ཡོད་ཅིང་། ཐང་ག་དང་། དར་གོས། དངུལ་ཆས་རྡུང་བཟོ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་ཤེས་མང་པོར་བརྟེན་ནས། ལོ་ངོ་སྟོང་གི་ཡར་སྔོན་གྱི་ཧི་མ་ཡ་ལའི་ཉེ་འདབས་ཀྱི་རིག་གནས་ལོ་རྒྱུས་དང་། དམངས་སྲོལ་ཆ་ལུགས། ཆོས་ལུགས་དད་མོས། འཛུགས་སྐྲུན་བཟོ་བཀོད་སོགས་ལེགས་པར་མཚོན་ཡོད་པས། རི་མོའི་སྒྱུ་རྩལ་གྱི་ཤེས་བྱ་ཀུན་འདུས་སུ་གྲུབ་པ་རེད།

ལས་གཞི་འདིའི་འགན་འཛིན་པ་དབོན་སྤྲུལ་ཚེ་རིང་རྡོ་རྗེ་ཡིས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་སོགས་རྒྱ་བོད་ཀྱི་ལྷ་རིས་པ་ཉིས་བརྒྱ་ལྷག་གདན་འདྲེན་ཞུས་ཏེ། ༢༠༠༥ལོ་ནས༢༠༢༥ལོའི་བར་གྱི་མི་ལོ་ཉི་ཤུའི་རིང་ལ་ཐང་གའི་རི་མོ༡༣༠༠ཅན་འདི་ལེགས་པར་བཞེངས་ནས་ཡོངས་སུ་གྲུབ་པ་རེད།

བྱེད་སྒོའི་ཡུལ་དངོས་སུ་གྷེ་ནེ་སི་འཛམ་གླིང་ཟིན་ཐོའི་ངོས་འཛིན་དཔོན་པོས་ངོས་འཛིན་མཇུག་འབྲས་ཁྱབ་བསྒྲགས་བྱས་ཤིང་། གཞི་ཁྱོན་ཆེ་ཤོས་ཀྱི་མི་སྣའི་རྣམ་ཐར་ཐང་ག་ཕྱོགས་བསྒྲིགས་ཞེས་པའི་གྷེ་ནེ་སི་འཛམ་གླིང་ཟིན་ཐོའི་མཚན་སྙན་གནང་བ་རེད།

དུས་མཚུངས་སུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་པདྨའི་འོད་སྣང་ཞེས་པའི་གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོའི་པར་རིས་ཕྱོགས་བསྒྲིགས་དཔེ་དེབ་དངོས་སུ་ཁྱབ་སྤེལ་བྱས། དེབ་དེའི་ནང་དུ་གུ་རུ་རིན་པོ་ཆེའི་མཛད་རྣམ་སྐོར་གྱི་ཐང་གའི་པར་རིས་༦༤༠་བདམས་ཡོད་པ་དང་། ཡིག་རིས་གཉིས་ཀྱི་ལམ་ནས་གུ་རུ་རིན་པོ་ཆེའི་སྐུ་ཚེ་ཧྲིལ་པོའི་ངོ་མཚར་བའི་མཛད་རྣམ་ལེགས་པར་མཚོན་པས། དེ་ལ་མཛེས་རིག་གི་རིན་ཐང་དང་བོད་རིག་པར་ཞིབ་འཇུག་གི་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཡོད།

བྱེད་སྒོའི་ཡུལ་དངོས་སུ་སྐུ་མགྲོན་བཅུ་ལྷག་གིས་རང་རང་སོ་སོའི་ཞིབ་འཇུག་གི་མཐོང་སྣེ་བརྒྱུད་དེ་གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོ་འདི་ལ་དུས་རབས་གསར་པའི་ནང་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་དང་། གུ་རུ་རིན་པོ་ཆེ་དང་འབྲེལ་བའི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་ནས་ལོ་རྒྱུས་ཀྱི་རིན་ཐང་དང་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་པའི་སྐོར་ནས་བརྗོད་དོན་གཙོ་བོའི་གསུང་བཤད་གནང་། 

ཕྱི་དྲོའི་སྐབས་དང་པོའི་གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོའི་གཟུགས་མེད་རིག་གནས་ཤུལ་བཞག་སྒྱུ་རྩལ་རིག་གཞུང་དཔྱད་གླེང་ཚོགས་འདུའི་སྟེང་ལ། ཡུལ་དངོས་སུ་ཕེབས་པའི་ཆེད་མཁས་པ་དག་གིས་ལོ་རྒྱུས་དང་ཡིག་ཚང་། སྒྱུ་རྩལ་སོགས་ཀྱི་ཐད་ནས་བགྲོ་གླེང་གནང་ཞིང་། འབྲེལ་ཡོད་ཆེད་མཁས་པས་གསུངས་པ་ལྟར། ཐེངས་འདིའི་གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོ་ལེགས་གྲུབ་ཞལ་འབྱེད་མཛད་སྒོ་བདེ་བླག་ངང་སྤེལ་བ་འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱིས་བསྒྱུར་བཀོད་དང་། གསར་གཏོད་རང་བཞིན་གྱིས་འཕེལ་རྒྱས་གཏོང་བའི་ལག་ལེན་ཟབ་མོ་ཞིག་ཡིན་པར་མ་ཟད། མི་རིགས་སོ་སོ་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་འབྱུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་བློའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པའི་མཛེས་སྡུག་གི་རེ་སྨོན་ཞིག་དང་། རིག་གནས་ཀྱི་ཡིད་རྟོན་ཇེ་བརྟན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོའི་བྱེད་སྒོ་ཞིག་ཀྱང་ཡིན་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།