ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད། དངོས་སྒྲུབ་ལས་བརྩོན་གྱིས་དུས་རབས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་།
སྤྱི་བསྒྲགས་ཀྱི་ཡིག་འབྲུ་རེ་རེར་དོན་སྙིང་ལྡན་ཞིང་། བརྗིད་ཆེའི་འཆར་འགོད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་ཚོགས་པའི་གཏམ་བཟང་དེ་རྒྱལ་ས་པེ་ཅིང་ནས་མཚོ་སྔོན་པོའི་བྱང་ངོགས་ཀྱི་གསེར་དངུལ་རྩྭ་ཐང་དུ་ཁྱབ་ལ། མཚོ་བྱང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སེམས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་།
བསྟུད་མར་ཉིན་ཤས་རིང་། མཚོ་བྱང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་གཅིག་སྡུད་སློབ་སྦྱོང་དང་ཆེད་དོན་ཞིབ་བསྡུར། བརྗེ་རེས་བཞུགས་མོལ་སོགས་རྣམ་པ་སྣ་ཚོགས་བརྒྱུད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ལ། ཚང་མས་ཚང་འཛོམས་གྲོས་ཚོགས་ཐོག་བཀོད་པའི་མ་འོངས་འཕེལ་རྒྱས་ཀྱི་འཆར་འགོད་ནི་དུས་བབ་ཕྱག་གཟིགས་དང་། མི་རྣམས་ཡར་རྒྱས་ལ་སྐུལ་མ་ཐེབས་པ་ཞིག་ཡིན་ལ། ལྷག་པར་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་པ་དང་། བགྲོད་ལམ་གསར་བའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱས། ཚང་མས་བཤད་རྒྱུར། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་རང་འཁྲིར་གཞི་ཚུགས་པ་དང་དངོས་སྒྲུབ་ཁག་ཁུར་གྱིས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་དངོས་ཡོད་གྲུབ་འབྲས་ལ་བསྒྱུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་བྱང་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་གསར་བ་དང་བྱས་རྗེས་གསར་བ་མངོན་པར་བྱ་རྒྱུ་ཡིན་ཟེར།
འཇུ་ལག་རྫོང་ཤར་ཐང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་དཔོན་དབྱང་ཧྲོང་ཅོན་གྱིས་བཤད་རྒྱུར། གཞི་རིམ་གྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་ཤིང་འགན་འཁྲི་ཕྲག་ཏུ་ཡོད་པ་ཚོར་བྱུང་། ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་དཔེ་བསྡུར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་ནན་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་དེ་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱ་རྒྱུ་ཡིན། ཤར་ཐང་གྲོང་རྡལ་གྱི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ཁུལ་དང་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དེ་སྐྱེ་ཁམས་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་སོ་སོ་དོན་འཁྱོལ་ནན་མོ་བྱས་ཏེ། ‘བྱ་བའི་བྱེད་ཐབས་བདུན’ལག་བསྟར་ཏན་ཏིག་བྱས་ནས་རང་འགན་ནན་སྒྲུབ་བྱ་རྒྱུ་ཡིན། མདོ་ལ་རིང་མོའི་སྐྱེ་ཁམས་ཀྱི་ཚད་མཐའ་མཐའ་གཅིག་ཏུ་སྲུང་བ་དང་། དྲ་མིག་ཅན་གྱི་དོ་དམ་སྲུང་སྐྱོབ་དམ་འཛིན་ཏན་ཏིག་བྱས་ཏེ། རྒྱུན་མཐུད་སྒོས་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་ཡིན། ཞོག་ཁོག་དང་ཤ་མོ། ནགས་གླ་སོགས་ཀྱི་ཁྱད་ལྡན་ཐོན་ལས་རྒྱ་ཆེར་བཏང་ནས་ཡུས་ཨར་རི་བོ་དང་། གངས་ལུང་བྲག་ཕུག དག་ཞིང་དམར་ལྡང་སོགས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱེད་པ། གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་དམ་འཛིན་ཏན་ཏིག་བྱས་ཏེ། བརྩེ་སེམས་རྣལ་མས་ཐ་སྐྱོང་འགན་སྲུང་དང་། ‘རྒན་གཅིག་ཆུང་གཅིག’། ལས་ཞུགས་འབབ་འཕར་སོགས་དམངས་འཚོའི་དོན་དངོས་ལེགས་པར་བསྒྲུབ་པ་དང་། གཟབ་ནན་གྱི་སྤྱོད་ཚུལ་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཤར་ཐང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་འགྲེལ་བཤད་པ་ལི་ཁྲེང་ཅོན་གྱིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པས་ངའི་སེམས་ལ་སྐུལ་མ་དང་སེམས་འགུལ་ཆེན་པོ་ཐེབས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་འཐབ་ཇུས་བཀོད་སྒྲིག་བྱས་ནས་བསམ་བློས་ཏང་འཛུགས་དང་ལམ་ལུགས་ཀྱིས་ཏང་སྐྱོང་བ་གཉིས་ལ་ཕྱོགས་གཅིག་ཏུ་ཤུགས་སྣོན་རྒྱུ་ནན་གྱིས་བསྟན་ནས་དུས་རབས་གསར་བའི་ཏང་གཤིས་སློབ་གསོ་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རྡུལ་ཕྲན་མཁར་ནི‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་ཀྱི་འབྱུང་གནས་ཡིན་ཞིང་། སྐབས་དེ་དུས་ཚན་ཞིབ་ལས་སྒྲུབ་པ་གང་མང་ཞིག་གིས་ཏང་གི་མགོ་ཁྲིད་འོག་རང་མིང་གསང་ནས་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་ཞིང་ལྷག་བསམ་རྣམ་དག་དང་སྒྲིག་ཁྲིམས་ནན་མོར་བརྟེན་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་རྨང་རྡོ་བཏིངས་པ་དེ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལོ་རྒྱུས་གཏན་ཚིགས་ཀྱི་གསོན་ཉམས་ལྡན་པའི་མཆན་འགྲེལ་ཞིག་རེད། གསར་བརྗེའི་དྲིལ་སྒྲོག་སློབ་གསོའི་འཐབ་ཕྱོགས་དང་པོའི་ཏང་ཡོན་ཞིག་ཡིན་པའི་ཆ་ནས་ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་འགྲེལ་བཤད་བྱ་བ་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཏང་གི་འབད་འཐབ་ལོ་རྒྱུས་ཁྲོད་ནས་ལྷག་བསམ་རྣམ་དག་གི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་གསར་བརྗེའི་རྒན་རབས་པ་ཚོས་མི་ཚེ་ཏང་ཆེད་ཕུལ་བ་དང་སྒྲིག་ཁྲིམས་ནན་སྲུང་། དཀའ་སྤྱད་འབད་འཐབ་བྱས་པའི་གཏམ་རྒྱུད་དག་བརྩེ་སེམས་རྣལ་མས་སྒྲོག་བཤད་བྱེད་པ་དང་། ལྟད་མོ་བ་ཚོས་གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་བྱེད་པའི་ཁྲོད་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་པར་ཁྲིད་སྟོན་བྱས་ཏེ‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་འདི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བགྲོད་ལམ་གསར་བའི་ཁྲོད་དུས་རབས་ཀྱི་གཟི་འོད་འཕྲོ་རུ་འཇུག་རྒྱུ་ཡིན་ཟེར།
གཡུ་དཀར་འོམ་ལུང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཕེང་གིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་པ་དང་། རྒྱུན་མཐུད་སྒོས་གཞི་རིམ་ཏང་འཛུགས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བར་བླང་བྱ་བཏོན་ནས་གཞི་རིམ་གྱི་ལས་བྱེད་པའི་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་སྦྱོང་བརྡར་བྱས་ཏེ་འབྲོག་ཁུལ་གྱི་བྱ་གཞག་སོ་སོ་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱས་ཡོད། ང་ཚོས་ཏང་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་རྒྱུན་འཁྱོངས་དང་། དམ་པ་དོན་གཉེར་གྱི་བྱ་བའི་བླང་བྱ་འབྲོག་ཁུལ་གྱི་བྱ་བའི་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་བྱ་རྒྱུ་ཡིན་ལ། རྒྱུན་མཐུད་སྒོས་མི་རིགས་མཐུན་སྒྲིལ་དང་གཞི་རིམ་བཅོས་སྐྱོང་། འགལ་བ་འདུམ་སྒྲིག བདེ་འཇགས་འཛུགས་སྐྲུན་བཅས་དམ་འཛིན་ཏན་ཏིག་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོང་བྱེད་པ། རྩྭ་ཕྱུགས་དོ་སྙོམས་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ནུས་ཤུགས་ཡོད་རྒུས་ཕྱི་ཚུལ་རིང་ལུགས་བཀག་འགོག་བྱེད་པ། འཐབ་ཕྱོགས་དང་པོར་སོང་ནས་འབྲོག་པ་མང་ཚོགས་ལ་ཞབས་འདེགས་ཞུ་བ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་བྱ་སྤྱོད་དུ་བསྒྱུར་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་བྱས་ཏེ། སྐྱེ་ཁམས་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་བ་དང་། ཁྱད་ལྡན་ཕྱུགས་ལས་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ། ཡོང་འབབ་འཕར་བའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། རིགས་སོ་སོའི་མང་ཚོགས་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་མདུན་སྐྱོད་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱས་ནས། རྩྭ་ཐང་ཐོག་མཐོ་སྒང་འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་རྒྱུ་ཡིན་ཟེར།
མདའ་བཞི་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཆོས་མཚོ་ཡིས་བཤད་རྒྱུར། རང་ཉིད་ནི་སློབ་ཆུང་གི་ཏང་འཛུགས་བསམ་བློ་ཆབ་སྲིད་ཀྱི་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས་ཐོག་མར་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ཀྱི་དགོངས་དོན་ལ་ཇི་མ་ཇི་བཞིན་གོ་བ་ལེན་རྒྱུ་ཡིན་ཞིང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པའི་ལྟེ་བའི་ནང་དོན་ལ་སློབ་སྦྱོང་དང་། རང་ངོས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ནས་སློབ་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་མི་སྣ་གསོ་སྐྱོང་གི་ཐད་ཁྲིད་སྟོན་གནད་འཁེལ་བྱ་རྒྱུ་ཡིན། སློབ་ཆུང་གི་སློབ་ཚན་སློབ་ཁྲིད་ཀྱི་དངོས་ཡོད་ལ་གཞི་ཚུགས་ནས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རྒྱུན་ལྡན་གྱི་བསམ་བློ་ཆབ་སྲིད་སློབ་ཁྲིད་ནང་མཉམ་འདྲེས་ནུས་ལྡན་བྱས་ཏེ་གསར་བརྗེའི་གཏམ་རྒྱུད་དང་མིག་དཔེ་མི་སྣ། ཉེ་འགྲམ་གྱི་དཔེ་མཚོན་བཅས་ལ་བརྟེན་ནས། སློབ་མས་ཆུང་དུས་ནས་ཏང་གི་མགོ་ཁྲིད་ལ་བརྩི་སྲུང་བྱེད་ཤེས་པ་དང་། ཏང་གཅེས་རྒྱལ་གཅེས་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་བའི་བརྩེ་སེམས་ཟབ་མོ་ཆགས་པར་ཁྲིད་སྟོན་བྱས་ཏེ། གསར་བརྗེའི་ས་བོན་དེ་བྱིས་པའི་སེམས་ཀྱི་ཟབ་སར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་པ་དང་། ཚོགས་འདུའི་དགོངས་དོན་དེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་རེ་རེའི་ཁྲོད་དོན་འཁྱོལ་བྱས་ནས་ན་ཆུང་བྱིས་པ་ཚོའི་མི་ཚེའི་གོམ་པ་དང་པོ་དེ་ཡག་པོར་སྤོ་བར་ཁྲིད་སྟོན་བྱ་རྒྱུ་ཡིན་ཟེར།
བརྗིད་ཆེའི་འཆར་འགོད་བཀོད་ཟིན། འབད་འབུངས་དུས་ལ་འཁེལ་ཡོད། མཚོ་བྱང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་རྒྱུན་མཐུད་སྒོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཚང་འཛོམས་གྲོས་ཚོགས་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་པ་དེ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོང་། མི་རིགས་རིག་གནས་དར་རྒྱས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་འགུལ་སྐྱོད་ལ་བསྒྱུར་ནས་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་མདུན་སྐྱོད་བྱས་ཏེ་མཐོ་སྒང་གི་མཚོ་སྔོན་པོའི་འགྲམ་དུ་དུས་རབས་གསར་བར་དབང་བའི་ཡར་རྒྱས་ཀྱི་རྒྱུགས་ལན་གདབ་རྒྱུ་རེད།