ཀྲུང་དབྱང་བརྙན་འཕྲིན་གྱིས་སྤེལ་བའི་འཕྲིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བསྒྲགས་དོན། རྗེས་མ་ལས་འཁྱུར་ངལ་གསོ་བྱེད་དུས་རེའུ་མིག་ཡང་ཡང་བསྐོངས་པ་དང་སྙན་ཞུ་རྒྱག་པ་ལ་སོགས་ཀྱི་གོ་རིམ་ཇེ་ཉུང་དུ་བཏང་སྟེ། ཐོབ་ཐང་ལག་འཁྱེར་ཁོ་ནས་ཆོག་པར་བྱས་ཡོད།
ཉེ་ལམ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ ལས་འཁྱུར་ངལ་གསོ་བྱེད་རིན་ལ་ཐོན་པའི་མི་ལ“ལས་འཁྱུར་ངལ་གསོ་སྔོན་གྱི་དྲ་སྒྲིག་ཞབས་ཞུ”དང“ལས་འཁྱུར་ངལ་གསོ་གྱི་དོན་དག་སྣ་གཅིག”མགྱོགས་པོར་སྒྲུབ་པར་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པས། སླད་ཕྱིན་ལས་འཁྱུར་ངལ་གསོ་རྒྱག་དུས་ཐོབ་ཐང་ལག་འཁྱེར་གཅིག་པུས་ཆོག་ཅེས་བསྒྲགས་འདུག
འོ་ན་ཐོབ་ཐང་ལག་འཁྱེར་བསྟན་པ་ཙམ་གྱིས་ལས་འཁྱུར་ངལ་གསོའི་དངུལ་ལམ་སེང་དངུལ་བྱང་དུ་འབྱོར་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མ་མཐའ་ཡང་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པར་སྙན་ཞུ་རྒྱག་ན་དངུལ་བྱང་དགོས་པ་ལྟར། ཡིག་ཚགས་ངོས་འཛིན་བྱེད་དུས་གནད་འགག་གི་ཤོག་ངོས་དང་དང་ཐོག་གི་དཔང་ཡིག་རྒྱུ་ཆ་བཅས་ཡོད་དགོས། དེ་བས“ཐོབ་ཐང་ལག་འཁྱེར་གཅིག་པས་ལས་འཁྱུར་ངལ་གསོ་བྱེད་ཐུབ”ཅེས་པ་ནི་ཐོབ་ཐང་ལག་འཁྱེར་མ་གཏོགས་སྙན་ཞུ་རྒྱུ་ཆ་གཞན་དག་གཅིག་ཀྱང་མི་དགོས་པ་མ་ཡིན་ཏེ། ཐོབ་ཐང་ལག་ཁྱེར་ནི་སྟབས་བདེ་ཡོང་ཆེད་ཡིན། དེས་འགྲོ་རིམ་སྒྲུབ་པའི་དུས་ཚོད་ཇེ་ཐུང་དུ་བཏང་བ་མ་ཟད། ཞབས་ཞུ་གོ་རིམ་ཡོངས་བདེ་བོར་བཟོས་ཡོད།
སྔོན་ཆད་ལས་འཁྱུར་ངལ་གསོ་བྱེད་ན་རྒྱུ་ཆ་མང་པོ་ཞིག་སྤྲད་དགོས་ལ། ཐམ་ག་མང་པོ་རྒྱག་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ལ། སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྤུས་ཀ་ཇེ་ལེགས་དང་། གནད་དོན་ཡོད་ན་སྲིད་གཞུང་གིས་ཁྱེད་ཀྱི་ཚབ་ཏུ་ཞིབ་བཤེར་བྱེད་པ་དང་། འབྲེལ་ཡོད་གཞི་གྲངས་མ་ལག་གིས་ཁྱེད་ལ་མཉམ་སྤྱོད་བྱེད་པ། དོན་དག་བྱེ་བྲག་པ་སྡེ་ཚན་གྱིས་སྒྲུབ་རོགས་བྱེད་པ་སོགས་སྟབས་བདེར་བཟོས། མདོར་བསྡུས་ན“ཐོབ་ཐང་ལག་འཁྱེར་གཅིག་གིས་ལས་འཁྱུར་ངལ་གསོ་བྱེད་ཐུབ”ཅེས་པ་ནི། མང་ཚོགས་རང་ནས་རྒྱུ་ཆ་མང་པོ་སྤྲད་མི་དགོས་པ་དང་། ཡང་དང་ཡང་དུ་རྒྱུག་མི་དགོས་པ་ལྟེ་བར་འཛིན་རྒྱུ་དང་། “ལས་འཁྱུར་ངལ་གསོ་སྔོན་གྱི་གྲ་སྒྲིག་ཞབས་ཞུ”དང“ལས་འཁྱུར་ངལ་གསོའི་དོན་དག་སྣ་གཅིག”དམ་འཛིན་བྱ་རྒྱུ་དེ་རེད།

དེ་ཡང་གྲ་སྒྲིག་ཞབས་ཞུ་ནི། ལས་འཁྱུར་ངལ་གསོ་དེ་ལོ་ཚད་ལ་བསླེབས་རྗེས་ད་གཟོད་འགྲོ་རིམ་བསྒྲུབ་པ་དེ་ལོ་ཚད་མ་ལོངས་སྔོན་ནས་གྲ་སྒྲིག་བྱེད་པའི་ཕྱོགས་སུ་བསྒྱུར་བའི་ཞིག་ཡིན། དཔེར་ན་གསར་འགོད་པའི་ལས་གྲོགས་རྒན་ཝང་དེ་སང་ཉིན་གྱི་ཟླ་བ་བརྒྱུད་པར་ལས་འཁྱུར་ངལ་གསོ་རྒྱག་པའི་དུས་ལ་བབ་པ་ཡིན་ན། ཁོས་སྔོན་ཆད་ལས་ཁུངས་གསུམ་ནས་ལས་ཀ་བསྒྲུབས་མྱོང་བ་དང་། དུས་རབས་སྔོན་མའི་ལོ་རབས90བའི་ནང་གི་ལས་ཀ་ལ་ད་དུང་ཞིབ་བཤེར་བྱེད་དགོས། གལ་ཏེ་སང་ལོར་ལས་འཁྱུར་ངལ་གསོ་ཡི་ལོ་ཚད་ཐོན་པའི་དུས་ནས་འགྲོ་ལུགས་བསྒྲུབ་དགོས་ན། ཡིག་ཚགས་ཆ་མི་ཚང་བའི་ཉེན་ཁའམ་ཡང་ན་སྔོན་ཆད་ཀྱི་ཀུང་སི་དེ་མེད་པ་དང་། འགན་སྲུང་ནང་ཞུགས་པའི་རྒྱུ་ཆ་འཚོལ་མི་ཐུབ་པའི་གནས་ཚུལ་འབྱུང་སྲིད། དེ་བས་ལས་འཁྱུར་ངལ་གསོ་སྔོན་གྱི་གྲ་སྒྲིག་ཞབས་ཞུ་ཡོད་རྗེས། རྒན་ཝང་གིས་ཁྲིམས་བཀོད་ཀྱི་ལས་འཁྱུར་ངལ་གསོ་བྱེད་པའི་ལོ་ཚད་དེ་ལོ་ཧྲིལ་བོ་མི་ལོངས་པའི་དུས་ཚོད་ནང་དུ། ཡིག་ཚགས་སྔོན་བཤེར་དང་ཆ་འཕྲིན་སྔོན་ལ་ངོས་འཛིན་བྱེད་པར་སྙན་ཞུ་བརྒྱབ་ཏེ། དུས་ཚོད་མང་པོ་སྤྱད་དེ་བསྒྲུབ་དགོས་པའི་གནད་དག་དག་སྔ་མོ་ནས་ཐག་གཅོད་ཐུབ་པ་ཡིན།
ན་ནིང་གི་ལོ་མཇུག་ཏུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས། རང་འགུལ་གྱིས་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་ཐོན་པའི་སྤྱི་ཚོགས་འགན་སྲུང་ནང་ཞུགས་པའི་མི་སྣར་སྔ་མོ་ནས་ཁྲིད་སྟོན་དང་ཞབས་ཞུ་དང་ལེན་བྱེད་དགོས། དེ་གཞི་བྱས་སྡེ་ཚན་མི་འདྲ་བ་དང་འགྲོ་ལུགས་སྒྲུབ་སའི་སྒེའུ་ཁུང་མི་འདྲ་བར་བཀྲམས་པའི་རྒྱུ་ཆ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། ཐོབ་ཐང་ཆ་འཕྲིན་བརྒྱུད་དེ་སྔར་ཡོད་ཀྱི་གཞི་གྲངས་རྣམས་གཅིག་ཏུ་སྦྲེལ་བ་དང་། རེའུ་མིག་ཡང་ཡང་སྐོང་བ་དང་། སྙན་ཞུ་ཡང་ཡང་རྒྱག་པའི་སྔོན་ཆད་ཀྱི་ལས་རིམ་ཇེ་ཉུང་དུ་བཏང་ནས་ལས་འཁྱུར་ངལ་གསོ་ཉིན་མོར་བསླེབས་དུས། ཐེངས་མ་གཅིག་ལ་སྒེའུ་ཁུང་གཅིག་ནས་རེའུ་མིག་གཅིག་བསྐང་ན་འགྲོ་ལུགས་ཆ་ཚང་བསྒྲུབ་ཐུབ་པ་བྱས་ཡོད་པས། དེ་ལ“ལས་འཁྱུར་ངལ་གསོ་ཡི་དོན་དག་སྣ་གཅིག”ཟེར་བ་ཡིན་ཞེས་གསལ་བོར་བསྟན།

ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་སྲུང་ལ་ཞུགས་པའི་ལས་འཁྱུར་ངལ་གསོ་བྱེད་རིན་པའི་མི་ཡིན་ན། ཁེ་ལས་ཀྱི་ལས་བཟོ་བ་དང་ཡང་ན་མི་སྒེར་གྱི་ཐོབ་ཐང་ངོས་ནས་འགན་སྲུང་ལ་ཞུགས་པའི་ངེས་གཏན་མེད་པའི་ལས་ཞུགས་མི་སྣ་གང་ཡིན་རུང་། ཚང་མས་ལོངས་སུ་སྤྱད་ཆོག་གོ།