ཀྲུང་ཡོ་ལྕགས་ལམ་རྒྱུད་ཀྱི་རྒྱལ་ཁབ་ཀྱི་འཐུས་མི་རྣམས་ཟི་ལིང་དུ་འདུས་ཏེ། “ངར་ལྕགས་དར་གོས་ཚོང་ལམ”གྱི་མཉམ་ལས་གསར་པ་གླེང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ11ཚེས3ཉིན་ཤིན་ཧྭ་དྲ་བས་ཟི་ལིང་དུ་སྤེལ་བའི་འཕྲིན། “འབྱུང་འགྱུར་གྱི་ལམ”ཞེས་པའི་ཀྲུང་ལྕགས་ལམ་རྒྱུད་ཀྱི་རྒྱལ་ཁབ་མཛའ་མཐུན་མཉམ་སྐྱོད(མཚོ་སྔོན)གྲལ་སྒོར་གྲོས་ཚོགས་ཟླ11ཚེས2ཉིན་ཟི་ལིང་དུ་བསྡུས། གྲོས་ཚོགས་ནི་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱིས་སྒྲུབ་འགན་ཁུར།

   གྲོས་ཚོགས་ཀྱིས“ལྗང་མདོག་རྩིས་ཤུགས་དང་གྲངས་ཀ་མཉམ་འབྲེལ”བརྗོད་གཞིར་བཟུང་ཞིང་། འཇར་མན་དང་ཨོ་སི་ཁྲུ་རི་ཡ་སོགས་རྒྱལ་ཁབ་ཀྱི་དེ་སྔའི་སྲིད་འཛིན་དང་དེ་སྔའི་ཀྲུང་གོའི་བཅའ་སྡོད་གཞུང་ཚབ། ཡོ་རོབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཚན་རྩལ། རིག་གཞུང་བཅས་སྡེ་ཡི་མི་སྣ་གྲགས་ཅན་གདན་གཅིག་ཏུ་འཛོམས་ཏེ།  གྲངས་ཀའི་ཞབས་ཕྱི་དང་། ལྗང་མདོག་རྩིས་ཤུགས། རིག་ནུས་ཟོང་འགྲེམས། གྲངས་ཀའི་ཉོ་ཚོང་ལ་སོགས་པའི་གྲོས་གཞི་ཕྱོགས་ནས་གྲོས་མོལ་མཛད།

ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཧའོ་ཀྲུང་ཝེ་ཡིས་འདི་སྐད།  ཀྲུང་ཡོ་ལྕགས་ལམ་ནི་གླིང་ཆེན་ཨེ་ཤ་ཡ་དང་ཡོ་རོབ་གཉིས་སྦྲེལ་བ་མ་ཟད།  འཛམ་གླིང་སྦྲེལ་བའི“ངར་ལྕགས་དར་གོས་ཚོང་ལམ”ནི་རྒྱལ་མཚམས་བརྒལ་བའི་ཉོ་ཚོང་དང་། ཐོན་ལས་སྦྲེལ་མཐུད་བྱེད་པའི་དཔལ་འབྱོར་གྱི་འཕར་རྩ་ཆེན་པོ་དེ་ཡིན་པ་མ་ཟད།  ལྗང་མདོག་གོང་སྤེལ་དང་། ཐཱན་ཉུང་མཉམ་ལས། སྐྱེ་ཁམས་མཉམ་བཅོས་ལ་སྐུལ་འདེད་གཏང་བའི་རྒྱལ་སྤྱིའི་འབྲེལ་ལམ་གསར་པ་ཞིག་ཡིན།  ད་ཐེངས་ཀྱི་འབྲེལ་འདྲིས་དང་བརྗེ་རེས་འདི་གོ་སྐབས་སུ་བཟུང་སྟེ། དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་དང་། ནུས་ཁུངས་གཙང་མ། ལྗང་མདོག་རྩིས་ཤུགས། སྐྱེ་ཁམས་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་མཉམ་ལས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏང་ཐུབ་པའི་རེ་བ་ཡོད་ཟེར།  

འཇར་མན་གྱི་དེ་སྔའི་སྲིད་འཛིན་གཞོན་པ་ཧྥེ་ལི་ཕུ·ལེ་སི་ལེར་གྱིས་མཚོ་སྔོན་གྱི་ལྗང་མདོག་རྩིས་ཤུགས་ལག་ལེན་བྱས་པར་གདེང་འཇོག་མཐོན་པོ་གནང་། ཁོས་འདི་སྐད།  མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ཤུགས་སྙོམས་སྒྲིག་ལྟེ་གནས་ཀྱིས་རང་བྱུང་ལ་གུང་བཀུར་མཛད་དེ་མཐོ་སྒང་གི་སྐྱེ་ཁམས་མཛེས་པ་ཅི་དགར་མངོན་པར་བྱས་ཡོད།  མ་དངུལ་གཏོང་འཇོག་གི་རྣམ་གྲངས་སྐོར་ཞིག་ད་ལྟ་བསྐྲུན་བཞིན་པའི་སྔོན་འགྲོའི་དཔེ་སྟོན་ལས་གཞིས་ར་སྤྲོད་བྱས་ཡོད་པས།  སྐྱེ་ཁམས་ཀྱི་དགེ་མཚན་ལ་བརྟེན་ནས་ལྗང་མདོག་ནུས་ཁུངས་གགོང་སྤེལ་བ་ནི་ཀྲུང་གོ་དང་ཐ་ན་འཛམ་གླིང་ཡོངས་བདེ་འཇགས་དང་། འཕེལ་རྒྱས།  བདེ་སྐྱིད་ཀྱི་མ་འོངས་པར་ཕྱོགས་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ཟེར།

ཡོ་རོབ་ཐིན་ལིན་རིག་མཛོད་ཀྱི་སྲོལ་གཏོད་མཁན་དང་ཀྲུའུ་ཞིའི་འགན་ལྕོགས་བཞེས་མཁན་ཆའོ་ཝན་ཁ·པའོ་ཧྲི་ཅེ་ཡིས་འདི་སྐད།  “སྔོན་རབས་མི་ཡིས་ཤིང་སྡོང་བཙུགས། རྗེས་ཡོང་མི་ཚོས་བསིལ་བར་རོལ”ཞེས་པའི་གཏམ་དཔེ་འདི་མཚོ་སྔོན་ལ་མཚོན་ན་དོན་སྙིང་ཁྱད་པར་ཞིག་ལྡན།  རིག་གནས་ཤུལ་བཞག་རྒྱུད་འཛིན་དར་སྤེལ་དང་།  ཐཱན་ཉུང་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་ལས་གང་ཡིན་རུང་།  ད་ལྟའི་གདམས་ཀ་ནི་མི་རབས་རྗེས་མའི་འཚོ་གནས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ངེས།  ལྷག་པར་དུ་མིས་བཟོས་རིག་ནུས་དང་གྲངས་ཀའི་ལག་རྩལ་ཡར་ངོའི་ཟླ་ལྟར་འཕེལ་བའི་དུས་རབས་འདིར།  ལྗང་མདོག་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགན་འཁྲི་དེ་བས་ཀྱང་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་ཟེར།

 ཚོགས་ཞུགས་འཐུས་མིས་འདི་སྐད།  མཚོ་སྔོན་གྱིས་ཀྲུང་ཡོ་ལྕགས་ལམ་གྱི་དགེ་མཚན་ལ་གཞི་བཅོལ་ཏེ།  ལྗང་མདོག་གི་དར་གོས་ཚོང་ལམ་འབྲེལ་འདྲིས་བྱེད་ས་ཞིག་བསྐྲུན་ནས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་། རླུང་དང་ཉི་འོད་ཀྱི་གློག་འདོན་ནུས་ཁུངས་གསར་སྤེལ་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཐོག  ལམ་རྒྱུད་ཀྱི་རོགས་ཟླ་མང་པོ་ཚུར་བཀུགས་ཏེ་མཉམ་དུ་འབུད་བསྐྱུར་ཉུང་ཞིང་། རྒྱལ་མཚམས་བརྒལ་བའི་ཟོང་འགྲེམས་དང་ཐོན་ལས་མཉམ་ལས་བྱེད་སྟངས་ཤིག་འཚོལ་ཞིབ་བྱས་ན།  ཀྲུང་ཡོ་ལྕགས་ལམ་དེ་ལྗང་མདོག་དར་གོས་ཚོང་ལམ་གྱི་ཐེག་བྱེད་གལ་ཆེན་ཏུ་འགྱུར་བར་སྐུལ་འདེད་གཏང་ཐུབ་ཟེར།

 ཀྲུང་ཡོ་ལྕགས་ལམ་ནི་སྤུས་ཚད་མཐོ་བའི་མཉམ་ལས་མཉམ་བསྐྲུན་བྱས་པའི“རྒྱུད་གཅིག་ལམ་གཅིག”གི་སྣེ་ཁྲིད་ལས་གཞི་ཡིན།  2016ལོར་ལྕགས་ལམ་དེར་མེ་འཁོར་ཤར་གཏོང་བྱས་པ་ནས་བཟུང་།  མཚོ་སྔོན་གྱི་རྒྱལ་སྤྱིའི་ཟོང་འདྲེན་མེ་འཁོར་དེ་རྒྱལ་ཁབ12དང་གྲོང་ཁྱེར18ལ་ཁྱབ་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།