གསར་དུ་བཟོ་བཅོས་བརྒྱབ་པའི《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》གིས“ཀྲུང་ཧྭ་ཆུ་མཛོད”ཀྱི་སྐྱེ་ཁམས་ཚོས་གཞི་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་ཡོད།།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐེན་ཅན་གྱིས《སྲོལ་ཡིག》བཟོ་བཅོས་བྱེད་པའི་རྒྱབ་ལྗོངས་དང་། ནང་དོན་གཙོ་བོ། ལག་བསྟར་བསམ་ཕྱོགས་བཅས་ངོ་སྤྲོད་བྱས།

མཚོ་སྔོན་ནི་ཆུ་ལ་བརྟེན་ནས་མིང་ཐོགས་པ་ཡིན་ཞིང་། ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་གནས་ཡིན་པས“ཀྲུང་ཧྭའི་ཆུ་མཛོད”ཅེས་བརྗོད་ཀྱི་ཡོད། 2024ལོ་འཁོར་གྱི་རྒྱལ་ཁབ་མངའ་ཁོངས་འགྱུར་ལྡོག་བརྟག་དཔྱད་དང་དེ་བཞིན་ནགས་རྩྭ་བརླན་རྒོད་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞིར་གཞིགས་ན། ཞིང་ཆེན་དེ་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི712.83(མུའུ་དུང་ཕྱུར1.07)ཟིན་ནས་རྒྱལ་ཡོངས་ཀྱི་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསླེབས། མཚོ་སྔོན་འདམ་རས་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་ཆུ་བྱ་མང་པོ་ཞིག་ལ་འགག་རྩའི་སྐྱེ་འཕེལ་བྱ་ཡུལ་དང་། ངལ་གསོ་བྱེད་ས། དགུན་སྒྲོལ་བྱ་ཡུལ་བཅས་མཁོ་འདོན་བྱས་པས་གོ་ལ་ཧྲིལ་པོའི་ཆུ་བྱ་འཚོ་གནས་བྱེད་ས“ཚེ་སྲོག་གི་ས་ཚིགས”ཤིག་ཏུ་གྱུར་ཡོད།

ཐེན་ཅན་གྱིས་འདི་སྐད། ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པ་ལྟར་ན། 2025ལོའི་སྟོན་དུས་སུ་རང་ཞིང་ཆེན་གྱི་གནས་སྤོས་ཆུ་བྱ་རིགས78དང་ཁྲི69ལྷག་ཙམ་ཟིན་པ་དང་། 2026ལོར་དགུན་སྒྲོལ་ཆུ་བྱ་རིགས49དང་ཁྲི5ལྷག་ཙམ་ཟིན་པ། དཔྱིད་དུས་གནས་སྤོས་ཆུ་བྱ་རིགས81དང་ཁྲི14ལྷག་ཙམ་ཟིན། རྒྱལ་ཁབ་ཀྱི་འདམ་ར་སྲུང་སྐྱོང་བཅའ་ཁྲིམས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་ཆབས་ཅིག་དེ་སྔའི《སྲོལ་ཡིག》གིས་རང་ཞིང་ཆེན་གྱི་འདམ་ར་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། དེར་བརྟེན《སྲོལ་ཡིག》ལ་ཕྱོགས་ཡོངས་ནས་བཟོ་བཅོས་བརྒྱབ་ནས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པར་དེ་བས་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་འགན་ལེན་མཁོ་འདོན་བྱས་ཡོད།

ཐེངས་འདིའི་བཟོ་བཅོས་དེ“འགལ་བ་མེད་པ་དང་། ཁྱད་ཆོས་ལྡན་པ། བཀོལ་སྤྱོད་ཐུབ་པ། དོན་འཁྱོལ་ཐུབ་པ”བཅས་ཀྱི་རྩ་དོན་གཞིར་བཟུང་ལོ་མང་རིང་གི་འདམ་ར་སྲུང་སྐྱོང་གི་ཉམས་མྱོང་དང་བྱེད་སྟངས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་དང་ཞུན་སྦྱངས་བྱས་ཏེ་ཕྱོགས་ལྔའི་ཐད་ཀྱི་གནད་དོན་ཐག་གཅོད་བྱ་བ་གཙོ་གནད་དུ་བཟུང་ཡོད། 

ཕྱོགས་ཡོངས་ནས་གོང་གནས་བཅའ་ཁྲིམས་ལ་དམིགས་ཏེ་འདམ་ར་སྲུང་སྐྱོང་གི་ཁྲིམས་སྐྱོང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས།

ཐེངས་འདིའི་བཟོ་བཅོས་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདམ་ར་སྲུང་སྐྱོང་བཅའ་ཁྲིམས》གཞིར་བཟུང་བེད་སྤྱོད་ཁྱབ་ཁོངས་དེ“འདམ་ར་སྲུང་སྐྱོང་དང་། བེད་སྤྱོད། ཉམས་གསོ། འབྲེལ་ཡོད་དོ་དམ་བྱེད་སྒོ”བཅས་སུ་རྒྱ་ཆེར་བཏང་བ་དང་། “འདམ་ར་ཉམས་གསོའི”ཆེད་དོན་ལེའུ་གསར་དུ་བསྣན་པ། འདམ་ར་རིམ་དབྱེ་དོ་དམ་དང་། མིང་ཐོ། འཆར་འགོད་དོ་དམ། ལྟ་ཞིབ་ཚད་ལེན་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་འདམ་རའི་ཐོན་ཁུངས་བརྟག་དཔྱད་གདེང་འཇོག་དང་། རྒྱ་ཁྱོན་སྤྱི་འབོར་དོ་དམ་ཚོད་འཛིན། འདམ་རའི་ཐོན་ཁུངས་དོ་དམ་ཚོད་འཛིན། སླར་གསོའི་གྲོན་དངུལ་བསྡུ་ལེན་སོགས་ཀྱི “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ཡུལ་ཤུལ་རོང་བོ་ཐང་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་ཐོར་བཅུག་པ་དང་། རྩེ་ཁོག་གི་རྩེ་ཆུ་སོགས་འདམ་ར་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་ཐོའི་ནང་བཅུག་ཡོད། མིག་སྔའི་བར་རང་ཞིང་དུ་རྒྱལ་སྤྱིའི་འདམ་ར་གལ་ཆེན4དང་། རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན5 ཞིང་ཆེན་རིམ་པའི་འདམ་ར་གལ་ཆེན32བཅས་ཡོད་པས་འདམ་རའི་རིམ་དབྱེའི་དོ་དམ་མ་ལག་སྤྱིའི་ཆ་ནས་འཐུས་ཚང་དུ་ཕྱིན་ཡོད།

འགན་འཁྲི་དང་ལས་བགོས་ཁ་གསལ་བཟོས་ནས་མཐུན་སྦྱོར་ཐུན་མོང་བཅོས་སྐྱོང་གི་འདམ་ར་སྲུང་སྐྱོང་གི་རྣམ་པ་གཏོད་དགོས།

འདམ་ར་དོ་དམ་གྱི་འབྲེལ་ཐག་རིང་བ་དང་འབྲེལ་ཡོད་སྡེ་ཚན་མང་བས་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་དུ་ཤུགས་སྣོན་བྱེད་དགོས། 2023ལོར་རང་ཞིང་གིས་འདམ་ར་སྲུང་སྐྱོང་བྱ་བའི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་ནས་ཞིང་ཆེན་རིམ་པའི་སྡེ་ཚན18ཁོངས་མིའི་ཚན་པར་བཅུག་སྟེ་སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་མཉམ་འགུལ། མཉམ་འཛིན་ཐུན་མོང་དོ་དམ་བཅས་ཀྱི་མཉམ་ལས་ལམ་སྲོལ་ཆགས་པ་དང་འབྲེལ་ཞིང་ཆེན་ཞིབ་དཔྱོད་ཁང་དང་འདམ་ར་སྲུང་སྐྱོང་སྲིད་འཛིན་ཁྲིམས་འཛིན་དང་སྤྱི་ཕན་གཏུག་བཤེར་གྱི་མཉམ་ལས་ལམ་སྲོལ་བཙུགས། 《སྲོལ་ཡིག》ནང་ཉམས་མྱོང་དང་བྱེད་སྟངས་དེ་དག་ཁྲིམས་སྲོལ་ལམ་ལུགས་ངོས་ནས་ཇེ་མཐོར་བཏང་ནས་ནགས་ལས་རྩྭ་ཐང་དང་། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། ཆུའི་སྲིད་འཛིན། ཞིང་ལས་དང་གྲོང་གསེབ་སོགས་སྡེ་ཚན་གྱི་འགན་འཁྲི་ཞིབ་ཕྲ་བཟོས་པ་དང་། རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོང་ཁུལ། རང་བྱུང་སྤྱི་གླིང་བཅས་ཀྱི་དོ་དམ་སྒྲིག་གཞིའི་འགན་འཁྲི་ཁ་གསལ་བཟོས་ནས་ཕྱོགས་ཁག་གི་སྲུང་སྐྱོང་འགན་འཁྲི་སྔར་བས་ཇེ་ནན་དུ་བཏང་ཡོད། 

འདམ་ར་བཟུང་སྤྱོད་ཚོད་འཛིན་ནན་པོ་བྱས་ནས་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་བྱེད་དགོས།

《སྲོལ་ཡིག》ནང་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཅིག་ནས་རིམ་དབྱེའི་དོ་དམ་ཇེ་ལེགས་སུ་བཏང་ནས་འདམ་ར་གལ་ཆེན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དོ་དམ་ནང་འཇུག་རྒྱུ་ཁ་གསལ་བཟོས་ནས། “འདམ་ར་གལ་ཆེན་ཕུད་པའི་འདམ་ར་ནི་སྤྱིར་བཏང་གི་འདམ་ར་ཡིན”ཞེས་གཏན་འཁེལ་བྱས་ནས་མིང་ཐོ་ཚུད་མེད་པའི་འདམ་རར་ལྟ་སྐུལ་དོ་དམ་བྱེད་པའི་སྟོང་ཆ་མེད་པ་བཟོས། གཉིས་ནས་རྒྱལ་ཁབ་དང་ཞིང་ཆེན་དེའི་ལས་གཞི་གལ་ཆེན་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། ཆུ་བེད་དང་དེ་བཞིན་སྲུང་སྐྱོང་སྒྲིག་བཀོད། འདམ་ར་སྲུང་སྐྱོང་བཅས་དང་དེ་བཞིན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དོ་དམ་གཏན་འབེབས་དང་མཐུན་པའི་ལས་གཞི་ཕུད། ཞིང་ཆེན་རིམ་པའི་འདམ་ར་གལ་ཆེན་བཟུང་སྤྱོད་རིགས་གཏན་འགོག་བྱ་རྒྱུ་ཁ་གསལ་བཟོས་པ་མ་ཟད། འདམ་ར་གལ་ཆེན་བཟུང་སྤྱོད་བྱས་ཚེ་སླར་གསོའི་གྲོན་དངུལ་འཇལ་ཚུལ་ཁ་གསལ་བཟོས།  གསུམ་ནི་གནས་སྐབས་འདམ་ར་བཟུང་སྤྱོད་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ད་ཡོད་ཀྱི་འགྲིམ་འགྲུལ་དང་། འཕྲིན་གཏོང་། ནུས་རྒྱུའི་མདོང་ལམ། གློག་འདྲེན་སྐུད་ལམ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་དོ་དམ་ཚོད་འཛིན་ཐད་བླང་བྱ་ཁ་གསལ་བཏོན་པ་དང་། “རང་བྱུང་འདམ་ར་རང་དགར་གྱིས་ས་འོག་ཏུ་སྙལ་པ”སོགས་འདམ་ར་གཏོར་བཤིག་གཏོང་བའི་བྱ་སྤྱོད་རིགས་བཅུ་གཏན་འགོག་བྱས་ཏེ་དོན་དངོས་སུ་ལམ་ལུགས་ཀྱི་མཁྲེགས་བརྟན་རང་བཞིན་ཆེ་རུ་བཏང་། 

བརྒྱུད་རིམ་ལྡན་པའི་སྒོ་ནས་ཉམས་གསོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འདམ་རའི་བྱེད་ནུས་ཇེ་མཐོར་གཏོང་དགོས།

མཐོ་སྒང་གི་འདམ་ར་ཉམས་གསོའི་ལག་རྩལ་རྣམ་པ་སྣ་གཅིག་ཡིན་པ་དང་བརྒྱུད་རིམ་རང་བཞིན་དང་ཚན་རིག་རང་བཞིན་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས《སྲོལ་ཡིག》གི་ཆེད་དོན་ལེའུ་ནང་འདམ་ར་ཉམས་གསོའི་ཐད་རང་བྱུང་སླར་གསོ་གཙོ་བོར་བྱེད་པ་དང་། རང་བྱུང་སླར་གསོ་དང་མི་ཐབས་ལ་བརྟེན་ནས་སླར་གསོ་ཟུང་འབྲེལ་བྱ་བ་མཐའ་འཁྱོངས་བྱ་རྒྱ་གཏན་འབེབས་བྱས་པ་མ་ཟད། ན་འདམ་འདམ་ར་དང་། འདམ་སོལ་འདམ་ར། ཆུ་བོ་དང་མཚེའུ་འདམ་ར། སྐམ་སའི་དབུས་ཁུལ་གྱི་གྲམ་ཐང་སོགས་རིགས་མི་འདྲ་བར་དམིགས་ཏེ་རིགས་དབྱེ་ནས་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་ལག་རྩལ་བྱེད་ཐབས་བཏོནས། དེ་དང་ཆབས་ཅིག་གྲོང་ཁྱེར(ཁུལ)དང་རྫོང་རིམ་པས་འདམ་ར་སྲུང་སྐྱོང་འཆར་འགོད་ཁེར་རྐྱང་དུ་བཟོ་ཆོག་ལ་ནགས་ལས་དང་རྩྭ་ཐང་སྲུང་སྐྱོང་འཕེལ་རྒྱས་འཆར་འགོད་ནང་ཆེད་དོན་ལེའུ་བཟོས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་ཏན་ཏིག་གཏོང་ཆོག་པ་ཁ་གསལ་བཟོས།

གཅིག་གྱུར་འཆར་འགོད་ཐོག་སྲུང་སྐྱོང་དང་བེད་སྤྱོད་བྱས་ནས་འདམ་རའི་སྐྱེ་ཁམས་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས། 

《སྲོལ་ཡིག》ནང་སྲུང་སྐྱོང་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འདམ་ར་སྲུང་སྐྱོང་གི་བླང་བྱ་དང་མཐུན་པའི་སྐྱེ་ཁམས་ཡུལ་སྐོར་དང་། སྐྱེ་ཁམས་ཞིང་ཕྱུགས་ལས། སྐྱེ་ཁམས་སློབ་གསོ། རང་བྱུང་ཉམས་ལེན་སོགས་ཀྱི་བྱེད་སྒོ་སྤེལ་བར་སྐུལ་ལྕག་བྱསད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རང་ཞིང་གིས་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་བརྟེན་ནས“གླིང་གཅིག་ལ་ཐོན་རྫས་གཅིག”གི་འདམ་རའི་སྐྱེ་ཁམས་ཡུལ་སྐོར་དང་རང་བྱུང་སློབ་གསོ་འཚོལ་ཞིབ་བྱས་ནས་འདམ་རའི་སློབ་གྲྭ14བསྐྲུན་པས་འདམ་ར་དེ་སྤྱི་དམངས་རང་བྱུང་ཁམས་སུ་སྐྱོད་པ་དང་རང་བྱུང་ཁམས་ལོངས་སྤྱོད་བྱེད་པའི་ལྗང་མདོག་བར་མཐོངས་སུ་གྱུར། 《སྲོལ་ཡིག》ནང་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་ལུགས་བཙུགས་ནས་འདམ་ར་གལ་ཆེན་གནས་སའི་ས་ཁུལ་ལ་ནོར་སྲིད་ཀྱི་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འདམ་ར་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་འཛུགས་རྒྱུར་སྐུལ་མ་གཏོང་བ་དང་། ས་གནས་དེའི་གྲོང་མི་སྔོན་ལ་དོ་དམ་སྲུང་སྐྱོང་ནང་ཞུགས་བྱ་བ་བཀོད་སྒྲིག་བྱས་ནས་དེའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དུ་བཅུག།  2015ལོར་རང་གིས་རྒྱལ་ཡོངས་སུ་འདམ་རའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ཐོག་མ་བཏོད་དེ་གཙང་གསུམ་འབྱུང་ཡུལ་གྱི་ས་ཁུལ་དུ་འབྲོག་པ963གདན་ཞུ་བྱས་ནས་དོ་དམ་སྲུང་སྐྱོང་མི་སྣའི་འགན་འཁུར་དུ་བཅུག་སྟེ་འདམ་རའི་སྐོར་གཡེང་དང་སྲུང་སྐྱོང་དྲིལ་སྒྲོག་སོགས་ཀྱི་བྱ་བ་མཁོ་འདོན་བྱས་པས། ་འབྲོག་པས“སྐྱེ་ཁམས་ཟ་མ”ཟ་ཐུབ་པ་མ་ཟད། གཞི་རིམ་གྱི་སྲུང་སྐྱོང་སྟོབས་ཤུགས་ཀྱང་ཇེ་ཆེར་བཏང་ཡོད།

《སྲོལ་ཡིག》དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་ཆེད། ལོ་རེའི་ཟླ6པའི་གཟའ་འཁོར་དང་པོ་དེ་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་དྲིལ་སྒྲོག་གཟའ་འཁོར་ལ་གཏན་འཁེལ་བྱས་པ་དང་།  “འཛམ་གླིང་འདམ་རའི་ཉིན་མོ”དང“རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ”སོགས་ཀྱི་དུས་ཚིགས་དང་ཟུང་འབྲེལ་བྱས་ནས《སྲོལ་ཡིག》དེ་ལས་ཁུངས་དང་། གྲོང་གསེབ། སྡེ་ཁུལ། ཁེ་ལས། སློབ་གྲྭ་བཅས་སུ་དྲིལ་སྒྲོག་པར་སྐུལ་འདེད་གཏོང་བ་མ་ཟད་ད་དུང《སྲོལ་ཡིག》བོད་ཡིག་དང་སོག་ཡིག་ཏུ་བསྒྱུར་ནས་རོང་འབྲོག་མང་ཚོགས་ལ་ཕྱོགས་ནས་གནད་ལ་འཁེལ་བའི་སྒོ་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དང་། 《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་བཟུང་སྤྱོད་དོ་དམ་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སླར་གསོའི་གྲོན་དངུལ་བསྡུ་ལེན་དོ་དམ་ལག་བསྟར་ཞིབ་སྲོལ》དོན་འཁྱོལ་ནན་པོ་བྱས་ཏེ། འདམ་ར་བཟུང་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས་སླར་གསོའི་གྲོན་དངུལ་བསྡུ་ལེན་བེད་སྤྱོད་དོ་དམ་ཚད་ལྡན་དུ་བཏང་། 《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་འཆར་འགོད(2024ལོ་ནས2030ལོ་བར)》ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ལེབ་ཁག་ལྔ་ལ་དམིགས་ནས་རྒྱལ་ཁབ་ཀྱི་འདམ་རའི་རྒྱ་ཁྱོན་བསྡོམས་འབོར་དོ་དམ་ཚོད་འཛིན་གྱི་དམིགས་ཚད་དོན་འཁྱོལ་བྱས་ཏེ་འདམ་རའི་རྒྱ་ཁྱོན་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ན་འདམ་རྩྭ་ས་དང་ན་འདམ་གཙོ་གནད་དུ་བཟུང་སྟེ།་ཞིང་ཆེན་ཡོངས་ཀྱི་འདམ་རའི་བདེ་ཐང་ལ་གདེང་འཇོག་དང་དུས་མཚུངས་སུ་རྒྱལ་ཁབ་ཀྱི་མ་འཇོག་བརྩོན་ལེན་ཧུར་ཐག་བྱས་ཏེ་མཚོ་སྔོན་པོ་འདབ་ཆགས་གླིང་ཕྲན་དང་། མཚོ་སྐྱ་རེངས། མཚོ་སྔོ་རེངས། ཡུལ་ཤུལ་རོང་བོ་ཐང་བཅས་རྒྱལ་སྤྱིའི་འདམ་ར་གལ་ཆེན་དང་། རྩེ་ཁོག་རྫོང་གི་རྩེ་ཆུ་དང་། ཆུ་དམར་ལེབ་རྫོང་གི་གཏེར་ཆུ། དར་ལག་རྫོང་གི་དར་ཆུ། བུའུ་ལམ་རྫོང་གི་གཏེར་ལམ་མཚོ། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཀ་ཧའེ་བཅས་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་སྲུང་སྐྱོང་ཉམས་གསོ་བྱ་རྒྱུར་གཙོ་གནད་ཐོག་སྐུལ་འདེད་བཏང་ནས“ཀྲུང་ཧྭ་ཆུ་མཆོད་མཛོད”ཀྱིི་ཆུ་ཁུངས་གསོ་འཁྱོངས་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་གཏོང་དགོས།

《སྲོལ་ཡིག》གི་བློ་རིག་ལྟ་སྐུལ་དོ་དམ་གྱི་བླང་བྱ་གཞིར་བཟུང་། “སྲུང་སྐར་རྒྱང་ཚོར་དང་། མི་མེད་གནམ་གྲུ། ས་ངོས་ལྟ་ཞིབ་ཚད་ལེན”བཅས་ཀྱི་ལངས་གཟུགས་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་བསྐྲུན་པ་དང་། འདམ་རའི་ཐོན་ཁུངས་ཆ་འཕྲིན་ཅན་གྱི་ལས་སྟེགས་ཚོད་ལྟ་བསྐྲུན་པ། ཟོག་སྦྲེལ་དྲ་རྒྱ་དང་གཞི་གྲངས་ཆེན་པོ་སོགས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་སྤྱད་དེ་འདམ་ར་གལ་ཆེན་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ཡོངས་ལ་ཁེབས་པར་བྱ་དགོས། 《སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་སྟེ་འདམ་ར་སྲུང་སྐྱོང་གི་དམིགས་ཚད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ནས་འདམ་ར་སྲུང་སྐྱོང་བྱ་རྒྱུ་དེ་རིམ་ཁག་སྲིད་གཞུང་གི་ཕྱོགས་བསྡུས་ལས་རྗེས་གདེང་འཇོག་ནང་འཇུག་རྒྱུ་དང་། སྲུང་སྐྱོང་དང་། ཉམས་གསོ། དོ་དམ་བཅས་བྱས་ཚུལ་མགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལས་གནས་ནས་ཁ་བྲལ་བའི“སྲིད་འཛིན་ཁྲིམས་འཛིན་དང་སྤྱི་ཕན་གཏུག་བཤེར”གྱི་མཉམ་ལས་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛིན་ལས་ཁུངས་དང་མཉམ་དུ་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན། སྤྱི་ཕན་གཏུག་བཤེར་བཅས་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཁྲིམས་འཛིན་མཉམ་ཤུགས་ཆགས་པར་བྱེད་དགོས། འདམ་རར་གཏོར་བཤིག་གཏོང་བའི་གནད་དོན་མངོན་གསལ་དོད་པ་དང་། སྲུང་སྐྱོང་ལས་དོན་ནུས་ལྡན་མིན་པ། མང་ཚོགས་ཀྱི་བསམ་འཆར་ཆེ་བ་བཅས་ཀྱི་ས་ཁུལ་ལ་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དུས་མཚུངས་སུ་ཐེར་འདོན་ཐབས་ལམ་ཤར་གཏོང་དང་ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་སྔོན་འགོག་དང་མང་ཚོགས་ཀྱིས་བཅོས་སྐྱོང་བྱེད་པའི་ལྟ་སྐུལ་དྲ་རྒྱ་འཛུགས་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།