མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁྲེན་ཅིན་ཧྭ་ཡིས་གསར་དུ་བཟོ་བཅོས་བརྒྱབ་པའི《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》གི་ཁྲིམས་འཛུགས་བརྒྱུད་རིམ་དང་ནང་དོན་གཙོ་བོ་ངོ་སྤྲོད་བྱས།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2026ལོའི་ཟླ7པའི་ཚེས31ཉིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་བཟོ་བཅོས་བརྒྱབ་རྗེས《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་མ་ཟད་ད་དུང2026ལོའི་ཟླ11པའི་ཚེས་1ཉིན་ལ་དངོས་སུ་ལག་བསྟར་བྱ་རྒྱུ་ཐག་བཅད། བཟོ་བཅོས་བརྒྱབ་རྗེས་ཀྱི《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》ལ་བསྡོམས་པའི་ལེའུ་བདུན་དང་ལེའུ་བདུན་དོན་ཚན་ཞེ་དགུ་ཡོད།
ཁྲེན་ཅིན་ཧྭ་ཡིས་མཚོ་སྔོན་གྱི་འདམ་རའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ཁྱབ་རྒྱ་ཆེ་བ་དང་། ན་འདམ་རྩྭ་ས་དང་། འདམ་སོལ་ན་འདམ་དང་། མཚེའུ་དང་ཆུ་བོ་སོགས་འདམ་རས་ཆུ་ཁུངས་གསོ་སྐྱོང་དང་། གནམ་གཤིས་སྙོམས་སྒྲིག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འགན་སྲུང་བཅས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་པས་རང་རྒྱལ་དང་ཐ་ན་ཨེ་ཤེ་ཡའི་འདམ་རའི་སྐྱེ་ཁམས་ཀྱི་བང་མཛོད་གལ་ཆེན་ཞིག་རེད། 《འདམ་ར་སྲུང་སྐྱོང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》《སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་གཞུང》སོགས་གོང་རིམ་བཅའ་ཁྲིམས་གཅིག་རྗེས་གཉིས་མཐུད་ངང་བཏོན་པ་དང་བསྟུན་ནས་རང་ཞིང་གི་མཐོ་སྒང་གི་འདམ་ར་སྲུང་སྐྱོང་གི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ནས《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》ལ་ཕྱོགས་ཡོངས་ནས་བཟོ་བཅོས་རྒྱག་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ།
སྲོལ་ཡིག་ལ་བཟོ་བཅོས་རྒྱག་པ་ནི་མཐོ་སྒང་གི་འདམ་རའི་སྐྱེ་ཁམས་ཀྱི་མཆོག་ནོར་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་ལག་ལེན་ཞིག་རེད། མཚོ་སྔོན་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ཁྱད་ཆོས་དང་འཐབ་ཇུས་ངེས་གནས་ལ་གཞི་ཚུགས་ནས་མཐོ་སྒང་གི་འདམ་ར་སྲུང་སྐྱོང་གི་མངོན་གསལ་དོད་པའི་དཀའ་ངལ་ལ་གནད་ལ་འཁེལ་བའི་སྒོ་ནས་དམིགས་ཏེ་རིམ་དབྱེ་སྲུང་སྐྱོང་དང་། བཟུང་སྤྱོད་དོ་དམ་ཚོད་འཛིན་ནན་པོ། རིགས་དབྱེ་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་བ་བརྒྱུད་འདམ་རའི་རྒྱ་ཁྱོན་སྲུང་བའི་མ་མཐའི་མཚམས་ཐིག་བརྟན་པོ་ཡོང་བ་དང་། འདམ་རའི་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་སྲུང་སྐྱོང་བྱས་ནསརྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་ཡོང་བར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་མཁོ་འདོན་བྱ་ཆེད་རེད། 条例进
སྲོལ་ཡིག་ནང་དབང་ཆ་དང་འགན་འཁྲིའི་དབྱེ་མཚམས་སྔར་བས་གསལ་པོ་བཟོས་ནས་ཕྱོགས་ཁག་གི་འདམ་ར་སྲུང་སྐྱོང་གི་འགན་འཁྲི་བརྟན་པོ་བཟོས་ཡོད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེའི་འདམ་ར་སྲུང་སྐྱོང་གི་སྤྱིའི་འགན་འཁྲི་་ཁ་གསལ་བཟོས་ནས་འདམ་ར་སྲུང་སྐྱོང་གི་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ་འདམ་ར་སྲུང་སྐྱོང་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཐོགང་ཐག་གཅོད་བྱེད་པ་དང་། དུས་མཚུངས་ཤང་དང་གྲོང་རྡལ་སྲིད་གཞུང་གི་འགན་འཁྲི་ཁ་གསལ་བཟོས་ནས་ས་ཁོངས་ཀྱི་འགན་འཁྲི་སྔར་བས་སྲ་བརྟན་དུ་བཏང་ཡོད། ནགས་རྩྭ་གཙོ་གཉེར་ལས་ཁུངས་ཀྱིས་འདམ་རའི་ཐོན་ཁུངས་ལྟ་སྐུལ་དོ་དམ་དང་། འཆར་འགོད་བཟོ་འགོད། སྲུང་སྐྱོང་ཉམས་གསོ་བཅས་ཀྱི་འགན་འཁུར་ཁ་གསལ་བཟོས། རང་བྱུང་ཐོན་ཁུངས་དང་། ཆུའི་སྲིད་འཛིན། སྡོད་ཁང་དང་འཛུགས་སྐྲུན་དང་། སྐྱེ་ཁམས་ཁོར་ཡུག ཞིང་ལས་དང་གྲོང་གསེབ་སོགས་སྡེ་ཁག་གཞན་དག་གིས་འགན་འཁྲི་ལས་བགོས་ལྟར་འདམ་ར་སྲུང་སྐྱོང་དང་། ཉམས་གསོ། དོ་དམ་བཅས་ཀྱི་འབྲེལ་ཡོད་ལས་དོན་གྱི་འགན་གསལ་བོ་བྱས། མཉམ་ལས་ལམ་སྲོལ་བཙུགས་ནས་ནགས་རྩྭ་གཙོ་གཉེར་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འདམ་ར་སྲུང་སྐྱོང་མཉམ་ལས་དང་ཆ་འཕྲིན་བརྡ་ཁྱབ་ལམ་སྲོལ་བཙུགས་པ་དང་། ས་ཁོངས་ལས་བརྒལ་བའི་འདམ་ར་སྲུང་སྐྱོང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འདམ་ར་སྲུང་སྐྱོང་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་བཙུགས་ནས་འཆར་འགོད་བཟོ་འགོད་དང་། མིང་ཐོ་གཏན་འཁེལ། ཉམས་གསོ་དཔྱད་དཔོག་སོགས་ལ་ཆེད་ལས་ཀྱི་འདེགས་སྐྱོར་མཁོ་འདོན་བྱསས།
སྲོལ་ཡིག་གིས་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་འདམ་རའི་ཐོན་ཁུངས་བཀོད་སྒྲིག་ཚད་ལྡན་དུ་བཏང་། འདམ་རའི་ཐོན་ཁུངས་ལ་བརྟག་དཔྱད་གདེང་འཇོག་བྱ་རྒྱུ་སྒྲིག་འཛུགས་དང་། འདམ་རའི་ཐོན་ཁུངས་ཀྱི་གཞི་གྲངས་མཛོད་འཛུགས་པ། ཞིང་ཆེན་དང་། གྲོང་ཁྱེར(ཁུལ)། རྫོང་བཅས་རིམ་པ་གསུམ་གྱི་འདམ་རའི་སྤྱི་འབོར་དོ་དམ་ཚོད་འཛིན་ལམ་ལུགས་དོན་འཁྱོལ་བྱེད་དགོས། དེ་དང་ཆབས་ཅིག་འདམ་ར་སྲུང་སྐྱོང་གི་འཆར་འགོད་རིམ་པ་དབྱེ་ནས་བཟོ་འགོད་བྱ་རྒྱུ་གཏན་འཁེལ་བྱས་ཏེ་འཆར་འགོད་ལེགས་སྒྲིག་དང་ཞིབ་མཆན་འགོད་རྒྱུར་ནན་པོ་བཟོས་ནས་འཆར་འགོད་སྣ་ཚོགས་མཐུན་སྦྱོར་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས། འདམ་ར་རིགས་དབྱེ་སྲུང་སྐྱོང་ཐད་འདམ་ར་གལ་ཆེན་དང་སྤྱིར་བཏང་འདམ་ར་རིམ་དབྱེ་མིང་ཐོ་དོ་དམ་ལག་བསྟར་བྱེད་པ་དང་། འདམ་ར་གལ་ཆེན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དོ་དམ་ཚོད་འཛིན་ནང་འཇུག་པ། ངོས་འཛིན་ཐོ་འགོད་སྙན་སེང་གི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། འདམ་ར་སྲུང་སྐྱོང་གི་མཚོན་རྟགས་གཅིག་གྱུར་བཟོ་བ། རིམ་པ་དབྱེ་ནས་སྲུང་སྐྱོང་བྱེད་དགོས། ལམ་ལུགས་འཛུགས་སྐྱོང་ཐད་འདམ་ར་བཟུང་སྤྱོད་དང་གནས་སྐབས་བཟུང་སྤྱོད་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་དང་། འདམ་ར་གལ་ཆེན་གསར་སྤེལ་བེད་སྤྱོད་ལ་ཚོད་འཛིན་ནན་པོ་བྱེད་པ། རྣམ་གྲངས་ཞིབ་མཆན་འགོད་པ་དང་གནས་སྐབས་བཟུང་སྤྱོད་ཀྱི་སྐྱེ་ཁམས་སླར་གསོའི་བླང་བྱ་ཁ་གསལ་བཟོས། དེ་དང་ཆབས་ཅིག་རིམ་དབྱེའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་ལམ་སྲོལ་བཙུགས་ནས་རྒྱུན་རྣམ་ཅན་གྱི་འདམ་རར་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱ་རྒྱུ་རེད། སྤྱི་འབོར་ཚོད་འཛིན་དང་། རིགས་དབྱེ་སྲུང་སྐྱོབ། ལྟ་སྐུལ་དོ་དམ་མཁྲེགས་པོ་བཅས་བྱས་པ་བརྒྱུད་འདམ་རའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་འདམ་རའི་རྒྱ་ཁྱོན་དང་སྐྱེ་ཁམས་ངོ་བོ་བརྟན་པོ་ཡོང་བའི་འགན་ལེན་བྱས་ཏེ་འདམ་རའི་ཐོན་ཁུངས་ཁྲིམས་སྐྱོང་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་ཚོད་འཛིན་མངོན་འགྱུར་བྱེད་དགོས།
སྲོལ་ཡིག་ནང་འདམ་ར་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་དུས་མཚུངས་འདམ་རའི་ཐོན་ཁུངས་བེད་སྤྱོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ཕྱོགས་གཅིག་ནས་འདམ་རར་གཏོར་བཤིག་གཏོང་བའི་གཏན་འགོག་བྱ་སྤྱོད་ཁག་བཅུ་གསལ་པོར་བཟོས་ཏེ། ། འདམ་སོལ་ན་འདམ་དང་། ཆུ་བྱའི་འཚོ་ཁུལ། ཉ་རིགས་སྐོར་རྒྱུག་བགྲོད་ལམ་བཅས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསྐོར་སྦོལ་ས་སྙལ་དང་། བྱེ་མ་སྔོག་འདོན་དང་གཏེར་འདོན། སྦགས་བཙོག་འབུད་པ། ཕྱུགས་འཚོ་ཚད་ལས་བརྒལ་བ་དང་ཉ་འཛིན་པ། རང་མཚམས་ཀྱིས་ཆུ་འགོག་ཆུ་འབུད་སྒྲིག་བཀོད་བཟོ་བ་སོགས་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱ་དགོས། ཕྱོགས་གཞན་ཞིག་ནས་ཐོན་ཁུངས་ཀྱི་ཐེག་ནུས་ཁྱབ་ཁོངས་ནང་སྐྱེ་ཁམས་ཡུལ་སྐོར་དང་། སྐྱེ་ཁམས་ཞིང་འབྲོག་ལས། སྐྱེ་ཁམས་སློབ་གསོ་བཅས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་སྐྱེད་་དགོས། དུས་མཚུངས་སུ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ལར་སྣང་ཆེན་བྱས་ཏེ་འདམ་ར་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་འཛུགས་སྤེལ་དང་། སྐྱེ་ཁམས་ཁ་གསབ་དོན་འཁྱོལབྱེད་དགོས། ། སྡེ་ཁུལ་ཐུན་མོང་འཛུགས་སྐྱོང་དང་ཐུན་མོང་དོ་དམ་ལ་སྐུལ་འདེད་བཏང་སྟེ། ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་སྲུང་སྐྱོབ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གསལ་པོ་འབྱེད་དགོས་པ་མ་ཟད། ལུགས་མཐུན་བེད་སྤྱོད་ཀྱི་བར་སྟོང་བཞག་ནས་སྐྱེ་ཁམས་ཁ་གསབ་དང་སྡེ་ཁུལ་མཉམ་སྐྲུན་གཏན་འབེབས་ནང་བཅུག་སྟེ་སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས།
སྲོལ་ཡིག་གིས“འདམ་ར་ཉམས་གསོའི”ཆེད་དོན་ལེའུ་བཟོས་ནས“རང་བྱུང་སླར་གསོ་གཙོ་བོར་བྱེད་པ་དང་། རང་བྱུང་སླར་གསོ་དང་མི་ཐབས་ལ་བརྟེན་ནས་སླར་གསོ་བྱ་རྒྱུ་ཟུང་འབྲེལ”གྱི་སླར་གསོའི་རྩ་དོན་གཏན་འཁེལ་བྱས་ཡོད། ཞིང་ཆེན་རིམ་པའི་གལ་ཆེའི་འདམ་ར་ཉམས་གསོའི་ཇུས་གཞི་བཟོ་འགོད་དང་ཆོག་མཆན་འགོད་རྒྱུའི་ཐད་གཏན་འབེབས་ཁ་གསལ་བཟོས་ནས་རིགས་གཅིག་པའི་འདམ་ར་མང་པོ་ཞིག་ལ་གཅིག་གྱུར་འཆར་འགོད་ཀྱིས་ཉམས་གསོའི་ཇུས་གཞི་བཟོ་ཆོག་པ་བྱས་ཡོད། མཚོ་སྔོན་གྱི་འདམ་རའི་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ན་འདམ་འདམ་ར་དང་། ཞན་འགྱུར་འདམ་སོལ་ན་འདམ། གཙང་པོ། མཚེའུ། སྐམ་སའི་དབུས་ཁུལ་གྱི་གྲམ་ཐང་བཅས་ལ་དམིགས་ནས་རིགས་དབྱེ་སྲིད་ཇུས་ལག་བསྟར་བྱས་ཏེ་ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་ཆུ་གསབ་དང་། ཆུ་རྒྱུད་སྦྲེལ་མཐུད། བཀག་སྡོམ་གསོ་སྐྱོང་དོ་དམ་སྲུང་སྐྱོབ། བ་ཚྭ་ཅན་བཅོས་སྐྱོང་སོགས་ཀྱི་སླར་གསོ་བྱེད་ཐབས་ལག་བསྟར་དང་། ་རིགས་དབྱེ་སྲིད་ཇུས་ལག་བསྟར་དང་གནད་ལ་འཁེལ་བའི་སྒོ་ནས་བཅོས་སྐྱོང་བྱས་ཏེ་མཐོ་སྒང་གི་འདམ་རའི་ཁྱད་པར་ཅན་གྱི་སླར་གསོའི་ཐབས་ལམ་མངོན་གསལ་དུ་གཏང་བ། ། འདམ་རའི་སྐྱེ་ཁམས་ནུས་པ་བརྒྱུད་རིམ་རང་བཞིན་གྱི་སླར་གསོ་ལ་སྐུལ་འདེད་བཏང་ནས་མཐོ་སྒང་གི་འདམ་ར་ཉམས་གསོ་བྱེད་པའི་ཚན་རིག་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་གཏོང་དགོས།
སྲོལ་ཡིག་ནང་རིམ་པ་མང་བའི་ལྟ་སྐུལ་མ་ལག་འཐུས་ཚང་་དང་། སྡེ་ཚན་མང་པོའི་མཉམ་འབྲེལ་ཁྲིམས་འཛིན་འཐུས་ཚང་། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན། སྤྱི་ཕན་གཏུག་བཤེར་བཅས་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། ཐེར་འདོན་ཞུ་གཏུག་ལམ་ལུགས་གཏན་འབེབས་ཁ་གསལ་བྱས་ནས་ཤང་གྲོང་དང་གྲོང་ཚོའི(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་འདམ་རར་གཏོར་བཤིག་གཏོང་བའི་བྱ་སྤྱོད་རྒྱུས་ལོན་བྱུང་བར་ཁ་ཏ་བཀག་འགོག་དང་སྙན་སེང་ཞུ་བའི་འོས་འགན་ཡོད་པ་དང་དུས་མཚུངས་སུ་ཐེར་འདོན་བྱེད་མཁན་དང་ཞུ་གཏུག་བྱེད་མཁན་གྱི་ཆ་འཕྲིན་གསང་བ་ནན་སྲུང་བྱེད་དགོས། སྲུང་སྐར་རྒྱང་ཚོར་དང་། ཟོག་སྦྲེལ་དྲ་བ། མི་མེད་གནམ་གྲུ་སོགས་ཚན་རྩལ་ལྟ་སྐུལ་དོ་དམ་བྱེད་ཐབས་ཕྱོགས་བསྡུས་སྤྱད་དེ་འདམ་རར་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་འབྲེལ་ཁྲིམས་ལྟར་བཀག་འགོག་བྱེད་དགོས། འདམ་ར་སྲུང་སྐྱོང་བྱ་རྒྱུ་དེ་ཕྱོགས་བསྡུས་ལས་རྗེས་གདེང་འཇོག་དང་དེ་བཞིན་མགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལས་གནས་ནས་བྲལ་བའི་རྩིས་བཤེར་ནང་བཅུག་ནས་དམིགས་ཚད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། བཅའ་ཁྲིམས་ཀྱི་འགན་འཁྲིའི་ཐད་གོང་གནས་བཅའ་ཁྲིམས་ནང་ཆད་པ་བཅད་ཟིན་པ་རྣམས་བསྐྱར་དུ་བཀོད་སྒྲིག་མི་བྱེད་པ་དང་། འཛུགས་སྐྲུན་རྣམ་གྲངས་ཀྱིས་ཞིང་ཆེན་རིམ་པའི་འདམ་ར་གལ་ཆེན་ནམ་ཡང་ན་སྤྱིར་བཏང་གི་འདམ་ར་རང་མཚམས་ཀྱིས་བཟུང་སྤྱོད་བྱས་པར་ཆད་གཅོད་བསླབ་འདོམས་ཀྱི་ཚད་གཞི་ཁ་གསལ་བཟོ་རྒྱུ། འདམ་ར་དོ་དམ་ཁྲོད་ཡོངས་ཁྱབ་ཏུ་ཐོན་པའི་རང་མཚམས་ཀྱིས་ཆུ་འབུད་སྒྲིག་བཀོད་བཟོ་བ་དང་འདམ་ར་སྲུང་སྐྱོང་གི་མཚོན་རྟགས་གཏོར་བརླག་གཏོང་བ་སོགས་ཀྱི་བྱ་སྤྱོད་ལ་ཆད་པ་གཅོད་དགོས།
སྲོལ་ཡིག་ལ་བཟོ་བཅོས་ཡིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་གསར་ཤོས་ལ་ཕྱོགས་ཡོངས་ནས་དམིགས་ཏེ་ལམ་ལུགས་མ་ལག་དང་ལམ་སྲོལ་འབྲེལ་ཐག་འཐུས་ཚང་དུ་བཏང་ཡོད། ་སྲོལ་ཡིག་ལག་བསྟར་བྱས་རྗེས་མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་གྱི་ས་གནས་ཁྲིམས་སྐྱོང་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། མཁྲེགས་པོའི་ལམ་ལུགས་ལ་བརྟེན་ནས་མཐོ་སྒང་གི་འདམ་ར་སྲུང་སྐྱོང་བྱ་རྒྱུ་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བ་ལ་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད།