མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཕྱོགས་ཡོངས་ནས་རྒྱུན་སྲིང་ལྷོད་མེད་ཀྱིས་ཏང་ནན་སྐྱོང་བྱེད་པའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས། བསྟུད་མར་ཉིན་འགའི་རིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་དང་། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་ཡིད་ཆེས་ཇེ་བརྟན་དང་རྒྱུན་མཐུད་འབད་འཐབ་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེའི་བཟོ་སྐྲུན་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་དུ་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་བསྟན།
ཚང་མས་བལྟས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་སྐྲུན་གསར་པ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ལོ་བརྒྱའི་ཏང་ཆེན་གྱིས་ཏང་དོ་དམ་དང་ཏང་ནན་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་དུ་གཏོང་བའི་རྣམ་པ་གསར་པ་རྒྱུན་མ་ཆད་པར་གསར་འབྱེད་བྱས། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་ཕྱོགས་སྟོན་དང་རག་ལས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད། ཚང་མས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་ལེན་པ། བསམ་བློ་དང་བྱ་སྤྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ། དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་ཞིག་རྩོམ་དགོས་ཞེས་བསྟན།
མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལྟ་ཞིབ་ཨུ་ལྷན་གྱོད་གཞི་ལྟ་སྐུལ་དོ་དམ་ཁང་གི་ཀྲུའུ་རེན། ལི་ཏེ་ཝུན་གྱིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཕྱོགས་ཡོངས་ནས་རྒྱུན་སྲིང་ལྷོད་མེད་ཀྱིས་ཏང་ནན་སྐྱོང་བྱེད་པར་བཀོད་སྒྲིག་ཆ་ཚང་བྱས་ནས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་ཐད་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འདོན་སྤྲོད་བྱས་ཡོད། ངས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ལ་བློ་དཀར་བ་དང་འགན་སྒྲུབ་ཀྱི་ཁ་ཕྱོགས་ཡང་དག་བྱེད་པ། ཚད་གཞི་སྔས་ལས་མཐོན་པོ་དང་བྱེད་ཐབས་སྔར་ལས་ལེགས་པོས་གྱོད་གཞི་ལྟ་སྐུལ་དོ་དམ་བྱ་བ་དོན་འཁྱོལ་བྱས་ཏེ། ཁྲིམས་སྲོལ་དང་སྒྲིག་ལམ། བཅའ་ཁྲིམས་ལྟར་གྱོད་གཞི་སྒྲུབ་པའི་ཆུ་ཚད་དང་སྤུས་འབྲས་མཐོ་རུ་གཏོང་རྒྱུར་རྒྱུན་མཐུད་ངང་རོགས་འདེགས་བྱེད་རྒྱུ་ཡིན།
མགོ་ལོག་ཁུལ་རིག་གནས་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཁུལ་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ། ཀིན་ཡན་ཡུས་ཀྱིས་བཤད་རྒྱུར། ཕྱོགས་ཡོངས་ནས་རྒྱུན་སྲིང་ལྷོད་མེད་ཀྱིས་ཏང་ནན་སྐྱོང་བྱེད་རྒྱུ་ནི་ང་ཚོ་ཏང་གི་ཡུན་རིང་གི་འཐབ་ཇུས་དང་རྟག་བརྟན་གྱི་དཔྱད་གཞི་ཡིན་ལ། ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་རང་རྟོགས་ཀྱི་སྲུང་བྱ་དང་རྒྱུན་ལྡན་གྱི་གོམས་གཤིས་ཀྱང་ཡིན། ཁུལ་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཁོངས་མི་ཞིག་ཡིན་པའི་ཆ་ནས། ངས་ཀྱང་ལས་གནས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གཏིང་ཟབ་བྱེད་པ་དང་། ཁུལ་ནང་ཁུལ་གྱི་སྒྲོག་འགྲེལ་བྱ་བ་ཡག་པོར་བསྒྲུབ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཐོ་སྒང་དུ་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་ཐུབ་པར་བྱེད་དགོས།
དུས་རབས་ཀྱི་རྒྱུགས་ཤོག་རྟག་ཏུ་གསར་སྒྱུར་བྱེད་བཞིན་ཡོད་པ་དང་། རྒྱུགས་སྤྲོད་པར་འགྲོ་བའི་གོམ་མཚམས་ནམ་ཡང་འཇོག་མི་སྲིད། ཚང་མས་ཕྱོགས་ཡོངས་ནས་རྒྱུན་སྲིང་ལྷོད་མེད་ཀྱིས་ཏང་ནན་སྐྱོང་བྱེད་རྒྱུ་ནི་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་འཛིན་དང་། ཏང་གི་ཡུན་རིང་སྲིད་སྐྱོང་གི་གོ་གནས་སྲ་བརྟན་དུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། ཏང་ཡོངས་ཚད་མཐོན་པོས་མཐུན་སྒྲིལ་གཅིག་གྱུར་དང་ཏང་སེམས་དང་དམག་སེམས། དམངས་སེམས་བཅས་ཚད་མཐོའི་གཅིག་སྒྲིལ་བྱས་པའི་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་ལེགས་འགྲུབ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་བརྟན་བརླིང་ཡུན་བསྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་ན། ངེས་པར་དུ་རྩ་བའི་དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། སྣང་ཚུལ་ནན་པོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་ཕྱོགས་ཡོངས་ནས་རྒྱུན་སྲིང་ལྷོད་མེད་ཀྱིས་ཏང་ནན་སྐྱོང་བྱེད་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་རྩ་འཛུགས་མ་ལག་ནུས་ལྡན་འཁོར་སྐྱོད་བྱེད་པའི་ཕན་ནུས་དང་ལས་དོན་སྣ་ཚོགས་འགག་སྒྲོལ་ལག་བསྟར་བྱེད་པའི་ཕན་འབྲས་དངོས་ལ་བསྒྱུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་བསྟན།
མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ལས་ཁུངས་སྒྲིག་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ། ཁང་ཞུའེ་ལིན་གྱིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་སློབ་སྦྱོང་གཏིང་ཟབ་དང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ལག་བསྟར་ནན་ཏན་བྱ་རྒྱུ་འབྲེལ་མཐུད་མཉམ་འདྲེས་བྱས་ཏེ། རང་འཁྲིའི་ལས་འགན་ལ་གཞི་ཚུགས་ཏེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་དགོས་ལ། ཚད་གཞི་སྔར་བས་མཐོ་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་གི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། སྡོད་ཁང་འཛུགས་སྐྲུན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།