【འབད་འཐབ་ཆེན་པོས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་རྩོམ་དགོས། 】 གྲོང་ཁྱེར་གསར་སྒྱུར་བྱས་ཏེ་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

གྲོང་ཁྱེར་གསར་སྒྱུར་བྱེད་རྒྱུ་ནི་གྲོང་ཁྱེར་གྱི་ཐེག་ནུས་ཆེ་རུ་གཏོང་བ་དང་།  འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། གྲོང་ཁྱེར་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་གནད་འགག་ཡིན།   ཉེ་བའི་ལོ་འགའི་རིང་།  མཚོ་སྔོན་གྱིས་གསར་སྐྲུན་སྤུས་འདེགས་དང་གཞིས་རྙིང་གསར་སྒྱུར་ལ་མཉམ་དུ་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།    སྤུས་ཚད་ལེགས་པའི་སྡོད་ཁང་འཛུགས་སྐྲུན་དང་།  སྡོད་ཁང་རྙིང་བའི་བར་སྟོང་བསྒྱུར་བཀོད། གསོག་འཇོག་ཐོན་ཁུངས་བེད་སྤྱོད་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ།  རྒྱུན་ཆད་མེད་པར་གནས་སྡོད་དང་འཚམ་ཞིང་སྤུས་ཚད་ལེགས་པ།  རིག་ལྡན་བཅས་ཀྱི་གྲོང་ཁྱེར་རྣམ་པ་བཏོད་ནས།   རྒྱ་ཆེའི་མང་ཚོགས་རྣམས་ལ་གྲོང་ཁྱེར་གསར་སྒྱུར་ཁྲོད་བདེ་སྣང་དང་ཐོབ་སྣང་སྔར་ལས་མང་པོ་ཡོད་པར་བྱས།

འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་ནི་གྲོང་ཁྱེར་གསར་སྒྱུར་གྱི་རྐང་འཛུགས་ས་གཙོ་བོ་ཡིན།  མང་ཚོགས་ཀྱི“ཁང་པ་ཡོད་པ”ནས“ཁང་པ་བཟང་བོའི”ནང་སྡོད་པའི་མཛེས་སྡུག་གི་རེ་བ་སྐོང་ཆེད།  ཟི་ལིང་གྲོང་ཁྱེར་གྱིས་ཚད་གཞི་མཐོན་པོས་སྤུས་ལེགས་སྡོད་ཁང་གསར་འཛུགས་ལས་གཞིར་སྐུལ་འདེད་བཏང་། 

གྲོང་ཁྱེར་ནང་ཁུལ་གྱི“ཁང་པ་བཟང་པོའི”གསར་སྐྲུན་ཚོང་འགྲེམ་ཁང་པས་ལྗང་མདོག་བཟོ་བཀོད་དང་རིག་ལྡན་སྡེ་ཁུལ་འཛུགས་སྐྲུན་གྱི་ཚད་གཞིར་དཔེ་བསྡུར་ནན་མོ་བྱས་ཏེ།  སྟོབས་ཤུགས་ཡོད་རྒུས་ཁོར་ཡུག་མཛེས་ལ། སྒྲིག་ཆས་འཐུས་ཚང་ཡིན་པ། བདེ་འཇགས་ཡིན་ཞིང་སྐྱིད་སྣང་ལྡན་པའི་དེང་རབས་ཅན་གྱི་གནས་སྡོད་བར་སྟོང་བསྐྲུན།

ཟི་ལིང་གྲོང་ཁྱེར་གྱི་གསར་སྐྲུན་ཚོང་འགྲེམ་ཁང་པ་ཕྱིར་འཚོང་སྤྱི་གཉེར་པ། དབྱང་ལན་གྱིས་བཤད་རྒྱུར།  ང་ཚོའི་མཚོ་སྔོན་ས་ཁུལ་གྱི་མཐོ་སྒང་གི་ནམ་ཟླའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། སྡོད་ཁང་འཛུགས་སྐྲུན་པུའུ་ཡིས“6633”ཁང་པ་བཟང་པོའི་ཚད་གཞི་དོན་འཁྱོལ་བྱས་ནས། མཐོ་སྒང་གི་ལྗང་མདོག་དང་། བདེ་འཇགས།  སྐྱིད་པོ།  རིག་ནུས་བཅས་ཡིན་པའི་སྤུས་ལེགས་སྡོད་ཁང་ལས་གཞིར་སྐུལ་འདེད་བཏང་།

ཉེ་བའི་ལོ་འགའི་རིང་།   ཟི་ལིང་གྲོང་ཁྱེར་གྱིས་རྒྱུན་མཐུད་ངང་འབྲེལ་ཡོད་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་།   ཁང་པ་སྤྲོད་པར་འགན་ལེན་དང་དམངས་འཚོར་འགན་ལེན།   བརྟན་ལྷིང་ལ་འགན་ལེན་བཅས་ཀྱི་བྱ་བ་ཁག་ལ་སྐུལ་འདེད་ནན་མོ་བཏང་ཞིང་།   སྡོད་ཁང་གི་མཁོ་སྤྲོད་སྒྲིག་གཞི་རྒྱུན་ཆད་མེད་པར་ལེགས་སྒྱུར་དང་།  ཁྲོམ་རའི་འཛུགས་སྐྲུན་སྒྲིག་ལམ་ཚད་ལྡན་དུ་བཏང་བར་མ་ཟད།  གསར་དུ་འཛུགས་སྐྲུན་བྱས་པའི་སྡོད་ཁང་ལྗང་མདོག་ཅན་དང་། རིག་ལྡན་ཅན།  སྤུས་ཚད་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། དམངས་འཚོའི་བདེ་སྡོད་ཀྱི་རྨང་གཞི་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་།

ཟི་ལིང་གྲོང་ཁྱེར་སྡོད་ཁང་འགན་སྲུང་དང་ཁང་ཁོངས་དོ་དམ་ཅུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཁའོ་ཡི་ལས་དོན་མི་སྣ།   ཀྲུའུ་ཞའོ་ཧྭ་ཡིས་བཤད་རྒྱུར། འཆར་འགོད་ཇུས་འགོད་དང་། ཨར་ལས་བཟོ་སྐྲུན།  སྒྲིག་ཆས་བཀོད་སྒྲིག་བཅས་ནས།  གཞིས་ལས་ཞབས་ཞུའི་ལས་རིམ་ཧྲིལ་པོར་སྤུས་ཚད་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ནས།   སྡོད་ཁང་དེ་གཞི་ཁྱོན་ཆེན་པོ་ནས་སྤུས་ཚད་གཙོ་བོར་འཛིན་པའི་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།

གསར་དུ་འཛུགས་སྐྲུན་བྱས་པའི་སྡོད་ཁང་གིས་གྲོང་ཁྱེར་གྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད་པ་དང་། སྡོད་ཁང་རྙིང་བའི་བར་སྟོང་སྤུས་ཚད་ཇེ་ལེགས་དང་གསོག་འཇོག་ཐོན་ཁུངས་བེད་སྤྱོད་བཅས་བྱས་ནས། གྲོང་ཁྱེར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།  ཟི་ལིང་གྲོང་ཁྱེར་གྱིས་དམངས་འཚོའི་དགོས་མཁོ་ཁྲིད་ཕྱོགས་སུ་འཛིན་རྒྱུ་དང་། ཐོན་ཁུངས་བེད་སྤྱོད་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། དམངས་འཚོའི་འདེགས་སྐྱོར་རིམ་སྤར་དང་ཕན་འབྲས་དམའ་བའི་བར་སྟོང་བསྐྱར་སྐྲུན་ལ་གཅིག་འདོམས་སྐུལ་འདེད་བཏང་ལ།  གྲོང་ཁྱེར་རྙིང་པའི་བྱེད་ནུས་བསྐྱར་འཛུགས་དང་སྤུས་ཚད་ཇེ་ལེགས་སུ་བཏང་ནས།  གྲོང་ཁྱེར་གྱི་ནུས་པ་སྔར་ལས་འཐུས་ཚང་དང་། གྲོང་ཁྱེར་གྱི་རྣམ་པ་རྒྱུན་མཐུད་ངང་གསར་སྒྱུར་བྱས། 

ཟི་ལིང་གྲོང་ཁྱེར་ཁྲིན་ཏ་དྲོད་འདོན་ཚད་ཡོད་འགན་འཁྲི་ཀུང་སིའི་ནོར་དོན་ཕྱོགས་བསྡུས་ཁའོ་ཡི་འགོ་གཙོ།  ཀྲང་གོ་ཆིན་གྱིས་བཤད་རྒྱུར། 2023ལོར། ང་ཚོས་བཟོ་ཁང་རྙིང་པ་བེད་སྤྱོད་དང་གྲོང་ཁྱེར་གྱི་སྒུལ་ནུས་སྐུལ་སློང་བྱས་ཏེ།  ཉོ་སྒྲུབ་སོས་དལ་དང་། རིག་གནས་དང་ལུས་རྩལ། རོལ་རྩེད། དམངས་ཕན་ཞབས་ཞུ། མཚན་མོའི་དཔལ་འབྱོར་བཅས་གཞི་གཅིག་ཅན་གྱི་གྲོང་ཁྱེར་ཚོང་ལས་ཕྱོགས་བསྡུས་ཅན་དུ་བསྒྱུར་བཀོད་འཛུགས་སྐྲུན་བྱས།  ཚོང་ལས་འཁོར་རྒྱུག་ལེགས་སྒྱུར་བྱས་པ་བརྒྱུད། རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱས་ཤིང་། མཁར་ནུབ་ཆུས་ཀྱི་སྡེ་ཁུལ་ཞབས་ཞུ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་སྟོན་གྱི་ཚད་གཞི་བཏོད་དེ།  གྲོང་ཁྱེར་ཡོངས་ཀྱི་རིགས་གཅིག་པའི་ལས་གཞི་ལ་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ལག་ལེན་གྱི་ཉམས་མྱོང་མཁོ་འདོན་བྱས་ཡོད།

གསར་སྒྱུར་གྱིས་རིམ་འགྱུར་ལ་སྐུལ་འདེད་དང་བཟོ་པའི་ལྷག་བསམ་གྱིས་དམངས་འཚོར་ཕན་པ་བསྐྲུན། མཚོ་སྔོན་གྱིས་མ་ལག་ཅན་དང་ཞིབ་ཕྲ་ཅན་གྱི་གྲོང་ཁྱེར་གསར་སྒྱུར་བྱེད་ཐབས་ཀྱིས་ཕྱོགས་མང་ཤུགས་འདོན་དང་ས་ཁོངས་ཡོངས་ལ་སྐུལ་འདེད་བཏང་སྟེ།  ནུས་ཤུགས་ཡོད་རྒུས་གསར་གཏོད་དང་བདེ་སྡོད། མཛེས་སྡུག མཉེན་གཤིས། དཔལ་ཡོན། རིག་ལྡན་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་བསྐྲུན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།