(2026ལོའི་ཟླ་10ཚེས་29ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་།)
ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་དང་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་བྱས་ཤིང་། ད་ཆ་དང་ཕྱིན་ཆད་དུས་སྐབས་ཤིག་རིང་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་གཏོང་བར་ཕྲད་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་ཆེན་པོ་འགའ་ཞིག་ཐད་གཤམ་གསལ་ཆོད་དོན་བཞག་པ་ཡིན།
གཅིག །ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་དང་སྤྱིའི་བླང་བྱ།
(གཅིག །) ཀྲུང་གོའི་གུང་ཁྲན་ཏང་ནི་མི་དམངས་ཀྱི་ཆེད་དུ་བྱུང་བ་དང་མི་དམངས་ལ་བརྟེན་ནས་དར་རྒྱས་བྱུང་ལ། ཀྲུང་ཧྭ་མི་རིགས་འཇིག་ཉེན་ལ་ཐུག་པའི་སྐབས་སུ་དབུ་བརྙེས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་འཕེལ་རྒྱས་དང་རྒྱ་སྐྱེད་བྱུང་སྟེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་གྲུབ་འབྲས་རླབས་པོ་ཆེ་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཐོག་ཆེས་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཏེ། འཛམ་གླིང་ལ་ཡིད་ཆེས་བརྟན་པོ་དང་ཞུམ་མེད་སྟོབས་ལྡན་ཡིན་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་སྣང་བརྙན་བསྟན་ཡོད།
ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་ཐུབ་དོན་ནི་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་ཡིད་ལ་བཅངས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེ་སྒྲུབ་པ་ལ་གཞོལ་ཏེ། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པ་རྒྱུན་འཁྱོངས་བྱས་ཐོག །ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་པར་དཔའ་བ་དང་། རང་ངོས་ཀྱི་སྟོབས་ཤུགས་དང་མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་རིམ་ཁྲོད་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་གྱུར་པས་ཡིན། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱེད་རིང་དུ་ཏང་འཛུགས་སྐྲུན་བྱ་རྒྱུ་དེ་སྔ་རྗེས་སུ་ལས་གྲྭ་རླབས་པོ་ཆེ་དང་ལས་གྲྭ་རླབས་པོ་ཆེ་གསར་པར་བརྩིས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་བཏང་བས། “མི་དམངས་ལ་སྲིད་གཞུང་ལ་ལྟ་སྐུལ་བྱེད་དུ་འཇུག་པ་”དང་“རང་ངོས་གསར་བརྗེ་བྱེད་པ་”སྟེ་འཇགས་ཟིང་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཐར་བར་བྱེད་པའི་དྲིས་ལན་གཉིས་རྙེད་པ་རེད། འདི་ནི་ཀྲུང་གོའི་གུང་ཁྲན་ཏང་གི་ཐུན་མོང་མ་ཡིན་པའི་གསར་སྐྲུན་ཞིག་ཡིན་ཞིང་། མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་དེབ་ཐེར་དུ་ཡལ་བ་མེད་པར་བཀོད་ཡོད།
(གཉིས།) ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཧ་ཅང་ཆེན་པོ་དང་འགན་འཁྲི་འཁུར་སེམས་དྲག་པོར་བརྟེན་ནས། སྐབས་ཤིག་རིང་བྱུང་བའི་ཏང་གི་འགོ་ཁྲིད་ཞན་འགྱུར་ཟོབ་འགྱུར་ཉམས་འགྱུར་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་ནན་མིན་རྣལ་མིན་ཤུགས་མེད་ཡིན་པ། ཏང་ནང་གི་གནད་དོན་ཁ་ཤས་མཐོང་བ་ཙམ་གྱིས་ཧང་སངས་པ་ཞིག་ཡིན་པ་བཅས་ཀྱི་ཛ་དྲག་དོན་དངོས་ལ་ཐད་ཀར་གདོང་གཏད་དེ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། གྲི་ཁ་ནང་སྐོར་དང་བཙན་ཁྲིམས་ཟིང་བཅོས་བྱས་ཤིང་། འབུར་ཐོན་གནད་དོན་རྒྱུན་མཐུད་ངང་ཐག་གཅོད་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་ཡངས་ལྷོད་མཉེན་གསུམ་ཡིན་པའི་གནས་ཚུལ་རྩ་བའི་ཆ་ནས་བསྒྱུར་པ་དང་། ཡུན་རིང་བཀག་འགོག་བྱེད་མ་ཐུབ་པའི་སྤྱོད་ངན་ཁ་ཤས་བཀག་འགོག་བྱས་ཤིང་། ལོ་མང་རིང་སེལ་མ་ཐུབ་པའི་བཅོས་དཀའི་གཅོང་ནད་ཁ་ཤས་ཡོ་བཅོས་བྱས་ལ། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་གཙང་སེལ་བྱས་པས། ཏང་ནི་གསར་བརྗེའི་རང་བཞིན་གྱི་སྐྲུན་བཟོའི་ཁྲོད་སྔར་བས་ཞུམ་མེད་སྟོབས་ལྡན་དུ་གྱུར་ཡོད་དེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མངོན་གསལ་གྱིས་ཤུགས་སྣོན་བྱུང་ཞིང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྔར་བས་སྲ་བརྟན་དང་། ཏང་སེམས་དམག་སེམས་དམངས་སེམས་གསུམ་ཚད་མཐོའི་གོང་བུར་བསྒྲིལ་བ་དང་གཅིག །མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་ཞིང་། ཏང་གི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་པ་དང་། ཏང་ཡོངས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་གཉིས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་ནུས་ལྡན་བྱུང་ཞིང་། ཏང་གི་རྩ་འཛུགས་རིམ་པ་ཁག་གི་ནུས་པ་དང་ཏང་ཡོན་དང་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་སྤྱི་ཡོངས་ནས་མཐོར་འདེགས་བྱུང་བ་དང་། ཏང་གི་རྩ་འཛུགས་ཀྱི་དགེ་མཚན་དཔྱིས་ཕྱིན་པར་མངོན་པ་དང་གསུམ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྒྲིག་ཁྲིམས་བཙན་པོར་ཟིལ་ཤུགས་ཐོན་ཞིང་། “སྤྱོད་ཚུལ་བཞི་”ཡོ་བསྲང་དང་དར་སྲོལ་གསར་པ་འཛུགས་པ་རིམ་བཞིན་གཏིང་ཟབ་ཏུ་ཕྱིན་པ་དང་། ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་གསར་རྐྱང་དུ་གྱུར་པ་དང་བཞི། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། སྒྲིག་ཁྲིམས་དང་སྒྲིག་ལམ་སྔར་བས་དམ་ནན་དུ་བཏང་བ་དང་། སློབ་གསོའི་གཅུན་འདོམས་དང་འགན་སྲུང་ངར་སྐུལ་གྱི་ནུས་པ་ཉིན་རེ་བཞིན་ཇེ་ཆེར་སོང་བ་དང་ལྔ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་ཤུགས་སྔ་ན་མེད་པ་ཡིན་ཞིང་། ཕན་འབྲས་མིག་མཐོང་ལག་ཟིན་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགྲོ་ལམ་ཞིག་ཏུ་བདེ་བླག་ངང་བསྐྱོད་ཐུབ་པ་དང་དྲུག །ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ཞིང་། ལམ་ལུགས་ཀྱི་དབང་གྲགས་རང་བཞིན་དང་ལག་བསྟར་བྱེད་ཤུགས་ཆེ་རུ་ཏན་ཏིག་ཕྱིན་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་ཚན་རིག་ཅན་ལམ་ལུགས་ཅན་ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་ཇེ་མཐོར་ཕྱིན་པ་དང་བདུན། ཏང་གི་རྩ་འཛུགས་རིམ་པ་ཁག་གི་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། འགན་འཁྲི་དོན་འཁྱོལ་བྱེད་པ་དེ་ལག་ལེན་དང་ཕན་འབྲས་ཐོག་ནས་ཐོན་ཏེ། གོང་འོག་མཉམ་འགུལ་དང་མཉམ་འཛིན་མཉམ་སྒྲུབ་ཀྱི་སྒྲིལ་ཤུགས་ཆགས་ཡོད་པ་དང་བརྒྱད་བཅས་སོ། །དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པ་དེས་ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེ་བྱེད་པའི་ཡུལ་ཁམས་གསར་པ་བཏོད་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བས། ཏང་དང་མི་དམངས་ལ་ཏང་སྟོབས་ལྡན་དང་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་ཡོད།
དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་གཏོང་བར་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྣམ་པ་གསར་རྐྱང་བཏོད་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣེ་ཁྲིད་ཕྱོགས་སྟོན་གནང་བར་ཐུག་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཡོད། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་གཏན་འཁེལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྟོན་གོ་གནས་གཏན་འཁེལ་བྱས་པ་ནི་དུས་རབས་གསར་པར་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གནད་ཆེན་ཞིག་ཡིན་ཞིང་། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན།
དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་གཏོང་བའི་ལག་ལེན་རླབས་པོ་ཆེའི་ཁྲོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཡུན་རིང་སྲིད་དབང་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། ཡུན་རིང་སྲིད་དབང་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གནད་ཆེན་ལ་དམིགས་ཏེ། འདུ་ཤེས་གསར་པ་བསམ་བློ་གསར་པ་འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་གྲུབ་ཡོད། དགོངས་པ་འདིས་མར་ཁེ་སིའི་རིང་ལུགས་ཀྱི་ཏང་གསར་འཛུགས་ཀྱི་གཞུང་ལུགས་གྲ་རྒྱས་གོང་འཕེལ་བཏང་ཡོད་ལ། དེ་ནི་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་གནད་ཆེན་ཡིན་པ་དང་། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་བློ་གྲོས་ལས་བྱུང་བའི་ཉིང་བཅུད་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་ཆེད་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད།
(གསུམ།) ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད། དུས་ཡུན་རིང་པོར་འབད་པ་བྱས་པ་དང་ལྷག་པར་དུ་དུས་རབས་གསར་པར་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། རྒྱལ་སྲུང་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། རྒྱལ་སྤྱིའི་ཤུགས་རྐྱེན་གཏོང་ནུས་བཅས་མངོན་གསལ་དོད་པོས་མཐོར་འདེགས་ཕྱིན་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནི་སྔར་བས་རང་རྟོན་རང་ཚུགས་རང་དར་བཅས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་དངོས་པོའི་རྨང་གཞི་སྔར་ལས་སྲ་བརྟན་དང་། ལམ་ལུགས་ཀྱི་འགན་ལེན་སྔར་ལས་འཐུས་ཚང་། བསམ་པའི་སྟོབས་ཤུགས་སྔར་ལས་རང་འགུལ་བཅས་ལྡན་ཞིང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་གཏོང་བར་དྲང་ནུས་ཆེན་པོ་གོང་བུར་བསྒྲིལ་བས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་མཐུན་རྐྱེན་མང་པོ་འཛོམས་ཡོད། དུས་མཚུངས་སུ་རིག་པ་དྭངས་གསལ་གྱིས་ཤེས་དགོས་པ་ནི། འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་བསྟུན་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ཡང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོར་ཕྲད་ཡོད།
རྒྱལ་སྤྱི་ནས་བལྟས་ན། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་སུ་འགྲོ་བཞིན་པ་དང་། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་མྱུར་འགག་སྒྲོལ་བྱུང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཚོགས་སྤྱི་རང་བཞིན་གྱི་དར་རྒྱས་བྱུང་། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལེགས་སྒྲིག་གཏིང་ཟབ་བྱུང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཇེ་དྲག་ཏུ་ཕྱིན། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱི་འཇིགས་སྐུལ་ཇེ་ཆེར་གྱུར། ས་འབྲེལ་གདོང་གཏུག་དང་ས་ཁུལ་ཆ་ཤས་སུ་དམག་འཁྲུག་རྒྱུན་ཆགས་ངང་ལང་བཞིན་ཡོད། འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ནུས་མི་འདང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གཅིག་རྗེས་གཉིས་མཐུད་ངང་ཐོན། འཛམ་གླིང་གཡོ་འགུལ་འཕོ་འགྱུར་གྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས། ཕྱིའི་ཁོར་ཡུག་ལ་ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་གྱུར། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་ལས་འགན་སྔར་བས་དཀའ་ཚེགས་ཆེ།
རྒྱལ་ནང་ནས་བལྟས་ན། རང་རྒྱལ་གྱི་འཕེལ་རྒྱས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་སུ་སླེབས་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་ལ། མི་འབོར་གྲུབ་ཚུལ་དང་། སྤྱི་ཚོགས་ཀྱི་ཚོགས་སྤྱི། ཁེ་ཕན་ཆགས་སྟངས་སོགས་རྒྱུན་མཐུད་ངང་འགྱུར་ལྡོག་འབྱུང་བཞིན་ཡོད་ཅིང་། གྲངས་ཀ་ཅན་དང་། དྲ་སྦྲེལ་ཅན། རིག་ནུས་ཅན་བཅས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་དང་རྩ་འཛུགས་ཀྱི་རྣམ་པ་བཅས་སྔར་ལས་སྣ་མང་དུ་གྱུར་ཡོད་ལ། བསམ་བློ་དང་རིན་ཐང་ལྟ་བ་སྣ་ཚོགས་བསྣོལ་འདྲེས་དང་གདོང་ཐུག་བྱུང་ཞིང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཛུགས་སྐྲུན་དང་བཅོས་སྐྱོང་ལ་ཤུགས་སྣོན་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། སྤྱི་ཚོགས་ཀྱི་གསོན་ཤུགས་ངར་སྐྱེད་དང་ཇེ་ཆེར་གཏོང་བ་སོགས་ཞིབ་འཇུག་བྱ་གཞི་གསར་པ་མི་ཉུང་བ་ཞིག་ལ་ཕྲད་ཡོད། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ལས་འགན་སྔར་བས་དཀའ་ཚེགས་ཆེ།
ཏང་ནང་ནས་བལྟས་ན། ཏང་གི་དཔུང་ཁག་ལ་གྲུབ་ཚུལ་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་དེ། སྒྱུར་བཅོས་སྒོ་འབྱེད་ཀྱི་རྗེས་ནས་སྐྱེས་པའི་ཏང་ཡོན་དང་ལས་བྱེད་པའི་བསྡུར་ཚད་ཇེ་ཆེར་འགྲོ་བཞིན་ཡོད་པས། སློབ་གསོ་དང་དོ་དམ་ལ་བླང་བྱ་གསར་པ་བཏོན་ཡོད། ཏང་གི་དཔུང་ཁག་གི་གཙོ་རྒྱུག་ནི་ཡག་པོ་ཡིན་མོད། འོན་ཀྱང་བསམ་བློ་རྣམ་དག་མིན་པ་དང་། རྩ་འཛུགས་རྣམ་དག་མིན་པ། སྤྱོད་ཚུལ་རྣམ་དག་མིན་པ་བཅས་ཀྱི་གནད་དོན་ད་དུང་རྩ་བའི་ཆ་ནས་ཐག་གཅོད་བྱུང་མེད། ཏང་ཡོན་དང་ལས་བྱེད་པ་ཁག་ཅིག་གི་བྱང་ཚད་དང་ནུས་པ་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་མཐུན་བྱུང་མེད། མཐོ་རིམ་ལས་བྱེད་པ་ཚུད་པའི་ཏང་ཡོན་དང་ལས་བྱེད་པ་ཉུང་ཤས་ཀྱི་ཏང་གཤིས་ཤུགས་ཆེན་པོ་མེད་པས། ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པའམ་ཐ་ན་འཐུས་ཤོར་བྱུང་བ་དང་། མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་མེད་ལ། སྲིད་འབྲས་ལྟ་བར་ནོར་འཛོལ་བྱུང་སྟེ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་བཅས་ཀྱི་སྤྱོད་ཚུལ་ཚབས་ཆེ་ཞིང་། འཐབ་རྩོད་ཀྱི་སྙིང་སྟོབས་མི་འདང་བ་དང་། འགན་འཁྲི་མི་འཁུར་བ་དང་ལས་དོན་མི་སྒྲུབ་པ། སྒྲིག་ཁྲིམས་དང་སྒྲིག་ལམ་མི་སྲུང་བ། ཐ་ན་དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བ་དང་ཁོག་རུལ་ངན་ལྷུང་དུ་གྱུར་ཡོད། གཞི་རིམ་ཏང་རྩ་འཛུགས་ཁ་ཤས་ལ་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཆེན་པོ་མེད་པ་དང་ཐ་ན་ནུས་མེད་ཟབ་ཟོབ་ཡིན་ཞིང་། ཁྱབ་ཁོངས་ཁ་ཤས་དང་ལྷག་པར་དུ་གསར་དར་ཁྱབ་ཁོངས་ལ་ཏང་གི་རྩ་འཛུགས་ཀྱི་ཁེབས་རྒྱ་དང་ལས་ཀའི་ཁེབས་རྒྱ་ཕྱོགས་ཡོངས་དང་ནུས་ལྡན་བྱུང་མེད། ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཐད་ངོས་འཛིན་གནད་འཁེལ་བྱུང་མེད་པ་དང་། འགན་འཁྲི་དོན་འཁྱོལ་བྱས་མེད་པ། ལས་ཀར་ཤུགས་ཐོན་མེད་པ། ལམ་ལུགས་ལག་བསྟར་ནན་པོ་བྱུང་མེད་པ་བཅས་དང་། འབུར་ཐོན་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་ནུས་ལྡན་བྱེད་མི་ཐུབ་ལ། ཐ་ན་ཚུལ་མིན་སྤྱོད་ངན་སྐྱེ་འཕེལ་རྒྱུན་འབྱམས་སུ་འགྲོ་རུ་བཅུག་ཡོད། ཏང་གིས་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་བྱེད་པའི་ལས་འགན་སྔར་བས་དཀའ་ཚེགས་ཆེ།
གནས་ཚུལ་གསར་པ་དང་གནད་དོན་གསར་པ་འདི་དག་གིས་གནས་བབ་གསར་པའི་འོག་ཏང་གི་སྲིད་སྐྱོང་ནུས་པ་དང་། འགོ་ཁྲིད་ཆུ་ཚད། དཔུང་ཁག་གི་བྱང་ཚད། རུལ་འགོག་འགྱུར་ཟོན་བཅས་ལ་འགྲན་སློང་ཆེན་པོ་བྱས་ཡོད་དེ། ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་གི་ཉམས་སད་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་སད། ཚོང་རའི་དཔལ་འབྱོར་གྱི་ཉམས་སད། ཕྱིའི་ཁོར་ཡུག་གི་ཉམས་སད་བཅས་དང་། བསམ་པ་ལྷོད་གཡེང་གི་ཉེན་ཁ་དང་། འཇོན་ནུས་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་འབྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་ཀྱི་ཉེན་ཁ་བཅས་ནི་དུས་ཡུན་རིང་བ་དང་། རྙོག་འཛིང་ལྡན་པ། ཛ་དྲག་ཆེ་བ་བཅས་ཡིན་པས། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པར་སྔར་ལས་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱེད་དགོས། ཇི་ཙམ་གྱིས་ཡུན་རིང་སྲིད་དབང་བསྐྱངས་པ་དང་། ཇི་ཙམ་གྱིས་ཡུན་རིང་ཞི་བདེ་བྱུང་བ། ཇི་ཙམ་གྱིས་ཁོར་ཡུག་རྙོག་འཛིང་ཆེ་ན། དེ་ཙམ་གྱིས་ཉམས་ཉེས་དྲན་པའི་འདུ་ཤེས་ཆེ་རུ་གཏོང་བ་དང་བདེ་སྡོད་ཉེན་བསམ་བྱས་ཏེ། ཏང་འཛུགས་སྐྲུན་ཡག་པོ་དང་འཛུགས་སྐྲུན་སྟོབས་ལྡན་བྱེད་དགོས།
ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་ཡུན་རིང་སྲིད་དབང་སྐྱོང་བའི་གོ་གནས་སྲ་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་དོན་སྙིང་ཆེན་པོ་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་ཤིང་། ཡིད་ཆེས་བརྟན་པོ་དང་། ངེས་ཤུགས་མཐའ་འཁྱོངས་བྱས་ཐོག ། ཚད་གཞི་སྔར་བས་མཐོ་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་གི་སྒོ་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པའི་ཉམས་མྱོང་རྩ་ཆེན་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་ལ། ཏང་འཛུགས་སྐྲུན་ལ་ཕྲད་པའི་འབུར་ཐོན་གནད་དོན་བཅོས་སྒྲིག་ཡག་པོ་དང་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་ལས་བྱུང་བའི་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་སྲ་བརྟན་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས།
(བཞི།) ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སློབ་སྟོན་བསམ་བློ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ། ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་ཡོང་བར་དམིགས་ནས། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཏང་གི་སྒྲིག་ཡིག་རྩ་བར་བཟུང་ནས། ཏང་གི་གདོང་ལེན་རུ་ཁག་གི་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཏང་གི་ཡུན་རིང་སྲིད་དབང་སྐྱོང་བའི་ནུས་པ་ཆེ་རུ་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་བྱེད་པ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་པ་བཅས་ལ་དམིགས་ཏེ། ནན་པོའི་དགོངས་གཞི་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་སུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་ངར་སྐྱེད་གང་ལེགས་བྱེད་པ། ཏང་གི་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་པ། ཏང་གི་ཆབ་སྲིད་འགོ་ཁྲིད་བྱེད་ནུས་དང་། བསམ་བློ་སྣེ་ཁྲིད་བྱེད་ནུས། མང་ཚོགས་སྒྲིག་འཛུགས་བྱེད་ནུས། སྤྱི་ཚོགས་འབོད་སྐུལ་བྱེད་ནུས་བཅས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། ཏང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱིས་སྙིང་ཐག་པ་ནས་གོང་བཀུར་ཞུ་བ། རླུང་རླབས་སྣ་ཚོགས་ཀྱི་ཉམས་སད་ཐེག་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་དུ་འགྱུར་བ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བའི་འགན་ལེན་ཏན་ཏིག་བྱེད་དགོས།
(ལྔ།) ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་གཤམ་གསལ་གྱི་རྩ་དོན་བརྩི་སྲུང་ཞུ་དགོས།
——འགན་འཁྲི་དང་ལས་འགན་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། ཏང་འཛུགས་སྐྲུན་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་ཟུང་འབྲེལ་དམ་ཟབ་ཡོང་བར་བྱས་ནས། ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས།
——ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་སུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པ་དང་། ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་འཁྲུལ་མེད་འཛིན་པ་དང་ཆབ་སྲིད་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། ཏང་གི་རྩ་འཛུགས་རིམ་པ་ཁག་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་བྱ་རྒྱུ་འགན་ལེན་ཏན་ཏིག་བྱེད་པ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲ་བརྟན་དུ་གཏོང་དགོས།
——ཕྱོགས་ཡོངས་ནས་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མ་ལག་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ནན་པོའི་དགོངས་གཞི་དང་། ནན་པོའི་བྱེད་ཐབས། ནན་པོའི་སྣང་ཚུལ་བཅས་ཏང་འཛུགས་སྐྲུན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་མཚོན་པར་བྱས་ཏེ། དངོས་གནས་དོ་དམ་དང་དངོས་གནས་ནན་པོ་དང་། དོ་དམ་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་དང་ཡུན་རིང་ནན་པོ་བཅས་བྱེད་དགོས།
——གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་ནང་གི་འབུར་ཐོན་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཤུགས་རྒྱག་སར་བྱས་ཤིང་། འགལ་བར་མི་གཡོལ་བ་དང་། ནད་གསང་བཅོས་འདོར་མི་བྱེད་པར། འཛོལ་བཅོས་ཟིང་བཅོས་དང་ངན་སྒྱུར་བཟང་སྤེལ་བྱེད་པའི་ཁྲོད་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས།
——བདེན་སྲུང་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་རྒྱུན་འཁྱོངས་དང་། མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་བརྩི་སྲུང་། ཏང་འཛུགས་སྐྲུན་གྱི་ལོ་རྒྱུས་ཉམས་མྱོང་བེད་སྤྱོད་བཅས་བྱས་ཏེ། གནས་བབ་དང་ལས་འགན་ལ་གོང་འཕེལ་དང་འགྱུར་ལྡོག་བྱུང་བར་བསྟུན་ནས་བྱེད་ཐབས་གསར་པ་དང་ཐབས་ཤེས་གསར་པ་རྒྱུན་ཆད་མེད་པར་འདོན་དགོས།
——གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་ཀྲུང་དབྱང་ནས་འགོ་རྩོམ་པ་དང་། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་ནས་དམ་ནན་བྱས་ཏེ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་མིག་དཔེ་སྟོན་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་བྱས་ནས་བསྒྲུབས་ཏེ། “འགག་རྩའི་ཉུང་ཤས་”ཀྱིས་“མང་ཆེ་བར་”དཔེ་སྟོན་སྐུལ་ཁྲིད་བྱེད་དགོས།
——ཁྲིམས་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས། ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་དེའི་ནང་དུ་ཁྱབ་པར་བྱེད་པ་དང་། ལམ་ལུགས་ལ་བརྟེན་ནས་དབང་དོན་མི་གསུམ་ལ་དོ་དམ་བྱེད་པ་གཙིགས་སུ་འཛིན་པ། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལག་བསྟར་ནན་པོ་བྱས་ཏེ། མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་ལ་བརྟེན་ནས་ལས་ཀའི་ནུས་ཕྱོད་ཆེ་རུ་གཏོང་དགོས།
རྩ་དོན་འདི་དག་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པའི་ཉམས་མྱོང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་པས་ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད་རྒྱུན་ཆད་མེད་པར་གྲ་རྒྱས་ཕུན་ཚོགས་སུ་གཏོང་དགོས།
གཉིས། གུང་ཁྲན་ཏང་མིའི་ཏང་གཤིས་ཤུགས་ཆེ་རུ་གཏོང་དགོས།
ཏང་གཤིས་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་བའི་རང་བཞིན་གྱི་ལས་འགན་ཡིན། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་ཏང་གི་རང་བཞིན་དང་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་འདུ་ཤེས་དང་། ཏང་ཡོན་གྱི་འདུ་ཤེས། གདོང་ལེན་རུ་ཁག་གི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ། ཏང་གཤིས་བློ་སྦྱོང་ལ་ཤུགས་རྒྱག་རྒྱུ་དེ་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩི་བ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཏང་ལ་བློ་དཀར་བ་བརྟན་པོར་སྐྱེད་པ། དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ། ཀུན་སྤྱོད་དང་གཤིས་རྒྱུད་གཙང་མ་སྲུང་བ། གཞུང་དྲང་སྤྱོད་གཙང་མཐའ་འཁྱོངས་བྱེད་པ་སོགས་ཀྱི་ཐད་ལ་ཤུགས་བརྒྱབ་སྟེ། བློ་དཀར་སྤྱོད་གཙང་འཁུར་ལེན་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་མཐའ་འཁྱོངས་བྱེད་པ་བཅས་ལ་ངེས་པར་དུ་སྐུལ་འདེད་གཏོང་དགོས།
(གཅིག །) ཏང་ལ་བློ་དཀར་བའི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་དགོས། ཏང་ལ་བློ་དཀར་བ་དེ་ཏང་གཤིས་བློ་སྦྱོང་གི་འབུར་ཐོན་གྱི་གནས་སུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ། འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ། བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་པ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་མར་ཁེ་སིའི་རིང་ལུགས་ཀྱི་དད་མོས་དང་། གུང་ཁྲན་རིང་ལུགས་ཀྱི་དད་སེམས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་ཆེས་བཅས་བརྟན་དུ་གཏོང་བ་དང་། དད་སེམས་ཆེ་ཞིང་གཡོ་མེད་དང་ཡིད་ཆེས་བརྟན་ཞིང་ཟབ་པར་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ་དང་། རང་རྟོགས་ངང་ཏང་ཀྲུང་དབྱང་གིས་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པའི་ཐོག་བསམ་བློ་གཅིག་གྱུར་ཡོང་བར་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁས་མི་ལེན་པའི་གཏམ་སྤྱོད་མཐའ་དག་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དང་འགལ་བའི་གཏམ་སྤྱོད་མཐའ་དག །རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་གཏམ་སྤྱོད་མཐའ་དག་བཅས་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་ཏང་ཡོན་ཡིན་བཞིན་ཏང་ལ་དགའ་ཞེན་བྱེད་པ་དང་། ཏང་ཡོན་ཡིན་བཞིན་ཏང་གི་ཕྱོགས་ནས་བཤད་པ། ཏང་ཡོན་ཡིན་བཞིན་ཏང་ལ་སེམས་ཁྲལ་བྱེད་པ། ཏང་ཡོན་ཡིན་བཞིན་ཏང་གི་ཆེད་དུ་སྒྲུབ་པ་བཅས་བྱེད་པ་དང་། རྩ་འཛུགས་ལ་ཡིད་ཆེས་དང་། རྩ་འཛུགས་ལ་རྒྱབ་རྟེན། རྩ་འཛུགས་ལ་བརྩི་བཀུར་བཅས་བྱེད་པ། རང་རྟོགས་ངང་རྩ་འཛུགས་ཀྱི་དོ་དམ་ལྟ་སྐུལ་དང་ལེན་བྱེད་པ། སྐད་ཆ་དྲང་པོ་བཤད་པ། བྱ་བ་དྲང་པོ་སྒྲུབ་པ། མི་དྲང་པོ་བྱེད་པ། བློ་ཁོག་དཀྱེལ་ཡངས་དང་། གཞུང་དྲང་གནོང་མེད། གཏམ་སྤྱོད་གཅིག་མཐུན་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་མི་དམངས་བླ་ན་མེད་པ་དང་བྱ་གཞག་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་དང་། ཏང་དང་མི་དམངས་ཀྱི་ཆེད་དུ་ལས་དོན་ཧུར་ཐག་སྒྲུབ་པ། གནས་བཀུར་ལས་བརྩོན་བྱེད་པ། བྱས་རྗེས་འཇོག་འདོད་ཆེ་བ་བཅས་ཡོང་བར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་དམ་ནན་དུ་བཏང་ནས། ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་གཙང་མ་བཟོ་དགོས། དགའ་ཉེ་བསྐོ་གཞག་དང་རང་མིན་ཟུར་འབུད་དང་། ཤོག་ཁག་སྒྲིག་པ་དང་ཚོགས་པ་ཁྱུ་སྒྲིག །མིང་གསང་སྙོན་གཏུག་དང་དཀྲོག་གཏམ་བཟོ་བ། མི་སེམས་བསླུ་ཉོ་དང་འདེམས་ཤོག་འཕེན་སྐུལ། གནས་སྤར་རེ་སྐོང་དང་དཔོན་སྤར་དགྱེས་སྟོན། རང་འདོད་རང་སྒྲུབ་དང་མངོན་བརྩི་ལྐོག་འགལ། མཇུག་སྦོམ་རང་སྦོས་དང་ཀྲུང་དབྱང་ངན་གླེང་བཅས་བྱེད་པའི་“ཡོད་པ་བདུན་”གཏན་ནས་བྱེད་མི་ཆོག །བསམ་བློའི་ཐོག་གི་རང་མོས་རིང་ལུགས་དང་། ཆབ་སྲིད་ཐོག་གི་སྐབས་འཚོལ་རིང་ལུགས། རྩ་འཛུགས་ཐོག་གི་ཕྱོགས་རིས་རིང་ལུགས། ལས་ཀའི་ཐོག་གི་རང་གནས་རིང་ལུགས། འགན་སྒྲུབ་ཐོག་གི་མི་བཟང་རིང་ལུགས་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ངོ་གཉིས་མ་ངོས་འཛིན་ཡང་དག་དང་གཙང་སེལ་མཐའ་གཅིག་ཏུ་བྱེད་དགོས།
(གཉིས།) ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྦྱོང་ཅན་གྱི་སྲིད་ཏང་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཤེས་རྟོགས། བེད་སྤྱོད་བཅས་བྱ་རྒྱུ་དེ་ཏང་གཤིས་བློ་སྦྱོང་ལ་ཤུགས་རྒྱག་པའི་རྩ་བའི་ཐབས་ལམ་དུ་བརྩིས་ནས། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སློབ་གསོ་གཏོང་སྟངས་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་པའི་ཁྲོད་ཀྱི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་གཙོ་བོའི་གོ་གནས་འབུར་དུ་ཐོན་པར་བྱེད་དགོས་པ་དང་། ཏང་ཡོན་དང་ལས་བྱེད་པས་མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་བྱས་ནས། དེའི་ནང་དུ་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། དེའི་ནང་དུ་འདུས་པའི་གོ་རྟོགས་དང་བརྩེ་བར་གོ་བ་ལོན་པར་བྱེད་པ་དང་། ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་དུས་མཚུངས་སུ་རང་སྣང་གི་འཇིག་རྟེན་བསྒྱུར་བཀོད་བྱེད་པ་དང་། ཕུགས་བསམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཆབ་སྲིད་ཀྱི་གཤིས་རྒྱུད་ཞུན་བརྡར་བྱས་ནས། འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཀྱི་སྤྱི་ཁྱབ་གློག་སྒོ་ཡི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་གཏོང་བ་དང་། ཏང་ཡོན་དང་ལས་བྱེད་པས་ས་ཁུལ་དེ་ག་སྡེ་ཁག་དེ་ག་སྡེ་ཚན་དེ་ག་བཅས་ཀྱི་དོན་དངོས་དང་མི་སྒེར་གྱི་བསམ་བློའི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རང་རྟོགས་ངང་རིགས་པའི་གཞུང་ལུགས་སློབ་སྦྱོང་ཟབ་སྤེལ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་གནད་དོན་དངོས་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པ། སློབ་སྦྱོང་བསམ་གཞིགས་བེད་སྤྱོད་གསུམ་གཅིག་འབྲེལ་བྱེད་པ་དང་། ཤེས་ཡོན་དད་སེམས་བྱ་སྤྱོད་གསུམ་གཅིག་གྱུར་ཡོང་བར་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་གི་མཐོ་རིམ་ལས་བྱེད་པས་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་པའི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་བཏོན་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་ཚེ་གང་བོར་དད་སེམས་བརྟན་པོ་འཆང་བ་དང་། ནང་བྱན་ཆུད་པ། བེད་སྤྱོད་མཁས་པོ་བཅས་བྱེད་དགོས། “གྲོས་དོན་དང་པོ་”ཡི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། ཏང་ཨུ་(ཏང་ཙུའུ་)ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་སློབ་སྦྱོང་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་དགོས། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བྱེད་པའི་ལས་གྲྭ་གསར་གཏོད་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མ་ལག་ཅན་དང་རིག་ལུགས་ཅན་དུ་ཞིབ་འཇུག་དང་འཆད་འགྲེལ་ཟབ་སྤེལ་བྱེད་དགོས། ཏང་གི་ལོ་རྒྱུས་དང་ཏང་འཛུགས་ཀྱི་རིག་ཚན་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས།
(གསུམ།) ཏང་གི་སྲོལ་རྒྱུན་བཟང་པོ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་ཏང་གཤིས་གསོ་སྤེལ་བྱེད་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་ཟབ་སྤེལ་བྱེད་པ་དང་། ཏང་གསར་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་འབྱུང་ཁུངས་ཡིན་པའི་ཀྲུང་གོའི་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་དར་སྤེལ་གཏོང་དགོས་པ་དང་། ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཚོར་ཤེས་ཟབ་མོ་བྱེད་པ་དང་། ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྗེས་མཐུད། གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་བརྟན་སྲུང་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་བློ་དཀར་ཡིད་རྟོན་ལ་དང་དོད་དང་། ལ་རྒྱར་བརྩི་མཐོང་། ངོ་ཚ་ཤེས་པ། འཛེམ་བག་ཡོད་པ། རང་བརྟག་གཙིགས་འཛིན་སོགས་ཀུན་སྤྱོད་ཀྱི་འདུ་ཤེས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། སྲིད་དོན་སྤྱོད་བཟང་གི་སློབ་གསོ་ཟབ་སྤེལ་བྱས་ནས། ཏང་ཡོན་དང་ལས་བྱེད་པས་ཆེན་པོའི་ཀུན་སྤྱོད་ཤེས་པ་དང་། སྤྱི་པའི་ཀུན་སྤྱོད་སྲུང་བ། སྒེར་གྱི་སྤྱོད་ལམ་ནན་པ་བཅས་བྱེད་པར་ཁྲིད་སྟོན་བྱེད་པ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་གསོ་སྐྱོང་། གཞུང་སེམས་རྣམ་དག་གསོ་སྤེལ་བཅས་བྱས་ནས། དབང་ཆ་དང་། རྒྱུ་ནོར། མཆོར་སྒེག་བཅས་ཀྱི་ཉམས་སད་ཐེག་ཐུབ་པར་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་དཔེ་ཀློག་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱེད་དགོས། གནས་བབ་གསར་པའི་འོག་གི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། ཏང་གཤིས་དྲིལ་བསྒྲགས་སློབ་གསོར་ཤུགས་རྒྱག་དགོས། ཏང་གཤིས་སློབ་གསོའི་ཁྲོད་ཀྱི་ཏང་གི་སློབ་གྲྭ་(སྲིད་འཛིན་སློབ་གླིང་)དང་ལས་བྱེད་པའི་སློབ་གླིང་གི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། སློབ་ཚན་མ་ལག་འཐུས་ཚང་དུ་གཏོང་དགོས།
(བཞི།) ལག་ལེན་ཁྲོད་ཏང་གཤིས་ཞུན་བརྡར་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། བྲེལ་དཀའ་ཉེན་ལྕིའི་ལས་འགན་ལེགས་སྒྲུབ། རླུང་རླབས་ཆེན་པོའི་ཉམས་སད་ལ་ཁ་གཏད་འཇལ་བ་བཅས་ཀྱི་ཁྲོད་ཏང་གཤིས་ཞུན་བརྡར་བྱེད་པ་དང་། ཡིན་དང་མིན། གཞུང་དང་སྒེར། ཐོབ་དང་ཤོར་སོགས་ཀྱི་འབྲེལ་བ་ཐག་གཅོད་བྱེད་པའི་ཁྲོད་ཏང་གཤིས་སྦྱོང་བརྡར་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་ནང་གི་ཆབ་སྲིད་འཚོ་བས་ཏང་གཤིས་ཞུན་བརྡར་བྱེད་པའི་“བཞུ་ཐབ་ཆེན་པོའི་”ནུས་པ་འདོན་སྤེལ་བྱེད་པ་དང་། ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་དོན་འཁྱོལ་བྱེད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་ཡག་པོར་སྤྱོད་པ་བཅས་བྱས་ནས། ཏང་ནང་གི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཏང་གི་རྩ་འཛུགས་འཚོ་བའི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་། དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་འཚོ་བའི་ཚོགས་འདུ། ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ། ཏང་ཚོ་ཆུང་གི་ཚོགས་འདུ། ཏང་གི་སློབ་ཚན། ཏང་གི་གཙོ་དོན་ཉིན་མོ་སོགས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རྩ་འཛུགས་འཚོ་བ་ཉིས་བརྩེགས་སྐྱེལ་བའི་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས། སྐྱོན་ཆ་དང་ནོར་འཁྲུལ་ཐེར་འདོན་དང་དྲང་བཅོས་བྱེད་པར་དཔའ་བ་དང་། སྣང་ཚུལ་མི་ལེགས་པ་མཐའ་དག་དང་འཐབ་རྩོད་བྱེད་ཕོད་པ་དང་། མགོ་བདེ་རང་སྲུང་དང་“མི་བཟང་ཇོ་བཟང་”བྱེད་པར་ངོ་རྒོལ་བྱེད་དགོས། ཏང་གཤིས་རྩ་དོན་གྱི་རྨང་གཞིའི་ཐོག་གི་མཐུན་སྒྲིལ་རྒྱུན་འཁྱོངས་བྱེད་པ་དང་། རྩ་དོན་མི་བརྩི་བར་མི་དགའ་དགའ་མདོག་བྱེད་རིགས་བཀག་འགོག་བྱེད་དགོས། སྔོན་ཐོན་དཔེ་མཚོན་གྱི་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པས་མིག་ལྟོས་ཡར་འགྲན་དང་སྔོན་ཐོན་གསར་གཏོད་དང་ཕུལ་བྱུང་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་ཏང་གཤིས་དབྱེ་ཞིབ་བྱེད་པར་ཤུགས་རྒྱག་པ་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས། ཏང་ཞུགས་དམ་བཅའ་བཅས་དང་བསྡུར་ནས་རྒྱུན་དུ་དབྱེ་ཞིབ་དང་བསམ་ཞིབ་བྱེད་པ་དང་། རྒྱུན་ཆད་མེད་པར་ཐལ་རྡུལ་འཕྱག་པ། ལྷད་རྫས་སེལ་བ། ནད་དུག་འཇོམས་པ། རིམས་ཐར་ནུས་པ་སྟོབས་ཆེར་གཏོང་བ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། གཅིག་སྡུད་སློབ་གསོ་དང་དུས་རྒྱུན་སློབ་གསོ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་གཤིས་ཐད་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་དགོས།
(ལྔ།) ཏང་གཤིས་དབྱེ་འབྱེད་བྱེད་པར་ཤུགས་རྒྱག་དགོས། ཏང་གཤིས་དེ་ལས་བྱེད་པར་རྟོག་ཞིབ་བྱེད་པ་དང་ཏང་ཡོན་གྱི་དམངས་གཙོའི་དཔྱད་མོལ་གྱི་ནང་དོན་གལ་ཆེན་དུ་བརྩིས་ཏེ། ཏང་ཡོན་དང་ལས་བྱེད་པའི་བསམ་པའི་གོམས་བྱང་དང་བློ་དཀར་ཚད་དང་སྤྱོད་གཙང་ཚད་བཅས་གཙོ་གནད་དུ་བཟུང་ནས་རྒྱུས་ལོན་དང་དཔྱད་མོལ་བྱེད་དགོས། རྩ་འཛུགས་སྡེ་ཁག་གིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་སྐོར་གཟིགས་སྐོར་ཞིབ། རྩིས་བཤེར། ཡིག་སྐུར་ངོ་བཅར་སོགས་སྡེ་ཁག་དང་འབྲེལ་གཏུག་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། འགོ་ཁྲིད་ཚན་པའི་ཁོངས་མི་དང་། གོ་གནས་བསྐོ་འཐེན་བྱེད་འཆར་ཡོད་པའི་ལས་བྱེད་པ། ན་གཞོན་ལས་བྱེད་པ་སོགས་ལ་ཏང་གཤིས་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བརྡར་གཅོད་བྱེད་དགོས། འགྲན་སློང་ལ་ཁ་གཏད་འཇལ་བ་དང་། ཉེན་ཁ་འགོག་པ། དཀའ་ངལ་སེལ་བ། འགལ་བ་ཐག་གཅོད་བྱེད་པ་བཅས་ཀྱི་མངོན་ཚུལ་ཐོག་ནས་ཏང་གཤིས་ངོས་འཛིན་དང་། རྒྱུན་ལྡན་གྱི་ལས་ཀ་དང་། མི་སྒེར་གྱི་གཏམ་སྤྱོད། སྤྱི་ཚོགས་ཀྱི་འགྲོ་འོང་། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་བཅས་ཀྱི་ཐོག་ནས་ཏང་གཤིས་ཞིབ་འཇུག་བརྡར་གཅོད། གོང་རིམ་གྱི་གདེང་འཇོག་དང་། རིམ་པ་གཅིག་མཚུངས་ཀྱི་ཕན་ཚུན་དཔྱད་བརྗོད། འོག་རིམ་གྱི་ཞུ་བརྗོད། མང་ཚོགས་ཀྱི་ངག་བརྗོད་སོགས་ལ་ཉན་པ་བརྒྱུད་ནས་ཏང་གཤིས་རྒྱུས་ལོན་བཅས་བྱེད་པ་གཙིགས་སུ་འཛིན་དགོས། ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་དང་ཕུལ་བྱུང་དང་སྔོན་ཐོན་དཔྱད་འདེམས་བྱེད་རིང་ཏང་གཤིས་དབྱེ་འབྱེད་བྱས་འབྲས་བེད་སྤྱོད་ཡག་པོ་བྱེད་དགོས།
གསུམ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་མཐར་ཕྱིན་ནན་པོ་བྱེད་དགོས།
དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་ཏང་གི་རྩ་བའི་རྩ་འཛུགས་ཀྱི་རྩ་དོན་དང་འགོ་ཁྲིད་ལམ་ལུགས་ཡིན་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་མཐར་ཕྱིན་བྱེད་པ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་ལམ་ལུགས་ཁག་ངེས་པར་དུ་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་། གཅིག་སྡུད་ཡང་དག་པ་ལག་བསྟར་ནུས་ལྡན་བྱས་ཏེ། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་དང་། རྩ་འཛུགས་ཀྱི་དགེ་མཚན། ལམ་ལུགས་ཀྱི་དགེ་མཚན། ལས་ཀའི་དགེ་མཚན་བཅས་སྔར་ལས་ལེགས་པར་འདོན་སྤེལ་བྱེད་དགོས།
(གཅིག །) ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་དགོས། ཏང་ཡོན་སྒེར་གྱིས་ཏང་གི་རྩ་འཛུགས་ལ་བརྩི་བཀུར་དང་། ཉུང་བས་མང་བར་བརྩི་བཀུར། འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་བརྩི་བཀུར། ཏང་ཡོངས་ཀྱི་རྩ་འཛུགས་ཁག་ཚང་མ་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བརྩི་བཀུར་བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཏང་ཡོངས་ཀྱིས་གང་གསུང་དེ་སྒྲུབ་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གནད་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྗེས་སྙེག་སྐུལ་སྒྲུབ་དང་སྤུས་ཕྱོད་ལ་དཔྱད་དཔོག་བྱེད་པར་ཤུགས་རྒྱག་དགོས། ཏང་ཀྲུང་དབྱང་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གནད་ཆེན་དོན་འཁྱོལ་བྱས་ཚུལ་དེ་ལྟ་སྐུལ་གྱི་གཙོ་གནད་དུ་བཟུང་སྟེ། དོན་འཁྱོལ་ཤུགས་མེད་དང་ངོ་བོ་དང་རྣམ་པ་བསྒྱུར་བའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་དགོས་པ་དང་། “ཐ་མལ་གསག་བསྟོད་”དང་“ཆེ་བསྟོད་ལོག་དམོད་”བཀག་འགོག་དང་ཡོ་བཅོས་བྱེད་དགོས།
(གཉིས།) ཏང་ནང་གི་དམངས་གཙོའི་སྤུས་ཚད་མཐོ་རུ་གཏོང་དགོས། ཏང་ནང་གི་དམངས་གཙོའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཏང་ཡོན་གྱི་བྱེད་པོའི་གོ་གནས་ལ་བརྩི་འཇོག །ཏང་ཡོན་གྱི་དམངས་གཙོའི་ཁེ་དབང་འགན་སྲུང་བཅས་བྱེད་དགོས། ཏང་གི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མིས་ནུས་པ་འདོན་སྤེལ་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། ཏང་གི་ཨུ་ཡོན་ལྷན་ཁང་དང་། ཏང་ཨུའི་རྒྱུན་ལས་ཨུ་ལྷན། ཏང་ཙུའུ་བཅས་ཀྱི་གྲོས་ཚོགས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ནང་གཏན་ལ་ཕབ་པའི་དམངས་གཙོའི་རྩ་དོན་དང་ལས་རིམ་ལྟར་ཏང་གི་ལས་དོན་སྤེལ་དགོས་པ་ལས། འགོ་ཁྲིད་ལས་བྱེད་པས་ཁག་བགོས་དོ་དམ་གྱི་ལས་དོན་དང་། ཁག་བགོས་དོ་དམ་གྱི་ཁྱབ་ཁོངས་དང་ས་གནས་“སྒེར་གཞིས་”སུ་བརྩི་མི་རུང་བ་དང་། རང་ཉིད་རྩ་འཛུགས་ཀྱི་གོང་དུ་འཇོག་མི་རུང་། ཏང་ཡོན་ཏང་ནང་གི་ལས་དོན་གྲོས་བསྡུར་བྱེད་པར་ཞུགས་ཐབས་ཐོགས་མེད་བྱེད་པ་དང་། ཏང་ཡོན་གྱིས་བསམ་འཆར་འདོན་པའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། ཏང་ནང་གི་གནས་ཚུལ་བརྡ་ཁྱབ་གཏོང་བའི་ལམ་ལུགས་དང་གནས་ཚུལ་ཡར་ཞུ་བྱེད་པའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས། ཏང་ནང་གི་དམངས་གཙོ་དང་འདྲ་མཉམ་ཡིན་པའི་བློ་མཐུན་གྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ནང་གི་དམངས་གཙོའི་གྲོས་བསྡུར་གྱི་སྣང་ཚུལ་བཟང་པོ་བསྐྲུན་ནས། སྐད་ཆ་དྲང་མོ་བཤད་པ་དང་། སྐད་ཆ་བདེན་ཐུབ་བཤད་པ། སེམས་གཏམ་བཤད་པ་བཅས་ལ་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས་པ་ལས། བསམ་འཆར་མི་འདྲ་བ་འདོན་པའི་བློ་མཐུན་ལ་མགོ་གནོན་དང་། ཕྱིར་འབུད། རྡུང་རྡེག་གཏོང་བ་བཅས་བྱེད་མི་ཆོག །
(གསུམ།) འགོ་ཁྲིད་ཚན་པའི་ཇུས་གཅོད་དོན་གྲོས་སྒྲིག་སྲོལ་ལག་བསྟར་ནན་པོ་བྱེད་དགོས། ཐུན་མོང་གིས་འགོ་ཁྲིད་བྱ་རྒྱུ་དང་སོ་སོས་ལས་བགོས་འགན་ལེན་བྱ་རྒྱུ་གཉིས་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པར་ཇུས་གཅོད་དང་། དམངས་གཙོས་ཇུས་གཅོད། ཁྲིམས་ལྟར་ཇུས་གཅོད་བཅས་རྒྱུན་འཁྱོངས་བྱས་ཏེ། གནད་དོན་ཆེན་པོའི་རིགས་ངེས་པར་དུ་ཐུན་མོང་གིས་འགོ་ཁྲིད་དང་། དམངས་གཙོ་གཅིག་སྡུད། རེ་རེ་བྱས་ནས་གྲོས་མོལ། གྲོས་ཚོགས་ཀྱིས་ཐག་གཅོད་བཅས་བྱེད་པའི་རྩ་དོན་ལྟར་ཐུན་མོང་གིས་གྲོས་བསྡུར་བྱས་ཏེ་ཐག་གཅོད་དགོས། ཏང་ཨུ་(ཏང་ཙུའུ་)ཡི་དོན་གྲོས་སྒྲིག་སྲོལ་དང་ཇུས་གཅོད་ལས་རིམ་འཐུས་ཚང་དུ་གཏོང་བ་དང་། ཇུས་གཅོད་གནད་ཆེན་ལ་བརྟག་དཔྱད་ཞིབ་འཇུག་དང་། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ། ཉེན་ཁ་དཔྱད་དཔོག་བཅས་བྱེད་པར་ཤུགས་རྒྱག་དགོས་པ་ལས། གྲོས་དོན་གལ་ཆེན་ཐད་བསམ་འཆར་མི་མཐུན་པ་ཆེ་ཙམ་བྱུང་ཚེ་བཙན་ཤེད་ཀྱིས་ཇུས་ཐག་བཅད་མི་ཆོག །ཇུས་གཅོད་གནད་ཆེན་གྱི་སྲོལ་མཐུན་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཇུས་གཅོད་གནད་ཆེན་དང་། མི་དོན་བསྐོ་འཐེན་གལ་ཆེན། ལས་གཞི་གནད་ཆེན་བཀོད་སྒྲིག །མ་དངུལ་འབོར་ཆེན་བེད་སྤྱོད་བཅས་བྱེད་པའི་དོན་དག་ལ་ལྟ་སྐུལ་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་རྩ་འཛུགས་ཀྱི་ཐག་གཅོད་དང་རྩ་འཛུགས་ཀྱི་ལས་བགོས་བརྩི་སྲུང་བྱས་ཏེ། ཏང་ཀྲུང་དབྱང་གི་དགོངས་དོན་དང་ཐུན་མོང་གིས་ཇུས་ཐག་བཅད་པ་ལྟར་འགན་འཁྲིའི་ཁྱབ་ཁོངས་སུ་རང་འགན་གཙང་སྒྲུབ་བྱེད་པ་དང་། ལས་དོན་ལ་ཞིབ་འཇུག་བྱེད་སྐབས་བསམ་འཆར་གང་ལེགས་འདོན་པ། ཇུས་ཐག་བཅད་རྗེས་དམ་འཛིན་མཐིལ་ཕྱིན་བཅས་བྱེད་དགོས། བརྒྱ་ཁ་གཅིག་གཅོད་བྱེད་པའམ་རང་ཐག་རང་གཅོད་བྱེད་པར་ངོ་རྒོལ་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། གྲོས་བསྡུར་བྱས་ཀྱང་གྲོས་ཐག་མི་གཅོད་པ་དང་། གྲོས་ཐག་བཅད་ཀྱང་ལག་བསྟར་མི་བྱེད་པ། ལག་བསྟར་བྱས་ཀྱང་དངོས་གཉེར་མིན་པ་བཅས་ལ་ངོ་རྒོལ་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཏང་ཨུ་(ཏང་ཙུའུ་)ཐུན་མོང་གིས་ཇུས་ཐག་གཅོད་པའི་མིང་ཐོག་ནས་ཐུན་མོང་གིས་སྒྲིག་སྲོལ་ལས་འགལ་བའམ་ཁག་འགན་ལས་གཡོལ་ཐབས་བྱེད་པར་ངོ་རྒོལ་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གོང་རིམ་ཏང་རྩ་འཛུགས་ཀྱིས་འོག་རིམ་ཏང་རྩ་འཛུགས་དང་འབྲེལ་བ་ཡོད་པའི་ཆོད་དོན་གལ་ཆེན་འཇོག་སྐབས། སྤྱིར་བཏང་སྔོན་ལ་འོག་རིམ་ཏང་རྩ་འཛུགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཇུས་གཅོད་གནད་ཆེན་ལ་ཚེ་གང་པོར་འགན་འཁུར་བའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས།
(བཞི།) “འགོ་ཁྲིད་དང་པོ་”ཡི་འགན་སྒྲུབ་དབང་སྤྱོད་ཚད་ལྡན་དུ་གཏོང་དགོས། “འགོ་ཁྲིད་དང་པོ་”དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་ལམ་ལུགས་དང་གཏན་འབེབས་དོན་འཁྱོལ་བྱེད་དགོས། “འགོ་ཁྲིད་དང་པོ་”འདེམས་སྤྱོད་བྱེད་སྐབས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་མཐར་ཕྱིན་བྱེད་པའི་བྱང་ཚད་དང་ནུས་པར་རྟོག་ཞིབ་བྱ་རྒྱུ་གཙིགས་སུ་འཛིན་དགོས། འགོ་ཁྲིད་ཚན་པའི་དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། “འགོ་ཁྲིད་དང་པོ་”ཡི་འགན་འཁྲིའི་དབང་ཚད་ཚད་ལྡན་དུ་གཏོང་བ། “འགོ་ཁྲིད་དང་པོ་”ཡིས་མཇུག་མཐར་རྣམ་འགྱུར་སྟོན་པའི་ལམ་ལུགས་ལག་བསྟར་བཅས་བྱེད་དགོས། ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་ཀྱིས་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་ཀྱི་ཚབ་བྱས་ནས་ཇུས་ཐག་གཅོད་མི་རུང་། ཏང་ཨུ་(ཏང་ཙུའུ་)ཡི་ཧྲུའུ་ཅིས་ངེས་པར་དུ་དམངས་གཙོ་དར་སྤེལ་བཏང་སྟེ། བསམ་འཆར་མི་འདྲ་བར་ནན་ཏན་གྱིས་ཉན་པ་དང་། མི་ཉུང་ཤས་ཀྱི་བསམ་འཆར་ལ་ལྟ་སྟངས་ཡང་དག་པ་འཛིན་དགོས་པ་ལས། “བརྒྱ་ཁ་གཅིག་གཅོད་”དང་“ཁྱིམ་བདག་ལམ་ལུགས་”སྤེལ་མི་རུང་། ཐུན་མོང་གིས་ཞིབ་འཇུག་བྱེད་དགོས་རིགས་ལ་རང་དགར་རྣམ་འགྱུར་སྟོན་མི་ཆོག །སྒེར་གྱི་བསམ་འཆར་གྱིས་འགོ་ཁྲིད་ཚན་པ་ཐུན་མོང་གི་ཐག་གཅོད་གྱི་ཚབ་བྱེད་མི་ཆོག་པ་དང་། ཐུན་མོང་གི་ཐག་གཅོད་རང་མཚམས་ཀྱིས་བསྒྱུར་མི་ཆོག །རིམ་པ་རེ་རེ་བཞིན་དུ་“འགོ་ཁྲིད་དང་པོ་”མི་སྒེར་གྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་མི་ཆོག །“འགོ་ཁྲིད་དང་པོ་”ཡིས་འགན་བསྒྲུབས་སྙན་ཞུ་འབུལ་སྐབས་འོག་རིམ་“འགོ་ཁྲིད་དང་པོ་”ལ་དོ་དམ་དང་ལྟ་སྐུལ་བྱས་པའི་གནས་ཚུལ་སྐོར་ཆེད་དོན་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། ཏང་ཨུ་(ཏང་ཙུའུ་)ཡིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོ་”ལ་ལྟ་སྐུལ་གླེང་མོལ་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། རིམ་པ་གཅིག་མཚུངས་ཀྱི་ལྟ་སྐུལ་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འགོ་ཁྲིད་ཚན་པའི་ཁོངས་མིས་དམངས་གཙོ་གཅིག་སྡུད་ལམ་ལུགས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པ་དང་། ཕན་ཚུན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། “འགོ་ཁྲིད་དང་པོ་”ལ་གནད་དོན་ཡོད་པ་ཤེས་ཚེ་ལྷག་བསམ་ཟོལ་མེད་ཀྱིས་འདོན་དགོས་པ་དང་། གནད་དོན་གལ་ཆེན་ཡོད་པ་ཤེས་ཚེ་གོང་རིམ་ཏང་རྩ་འཛུགས་ལ་སྙན་སེང་ཞུ་དགོས།
བཞི། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་པོ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་སྐྲུན་བཟོ་བྱེད་དགོས།
ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགག་རྩ་ནི་ལས་བྱེད་པར་དོ་དམ་ནན་པོ་བྱ་རྒྱུར་ཐུག་ཡོད། ངེས་པར་དུ་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལས་བྱེད་པར་སློབ་གསོ་གསོ་སྐྱོང་དང་། འདེམས་སྒྲུག་བསྐོ་སྤྱོད། དོ་དམ་ལྟ་སྐུལ་བཅས་ནན་པོ་བྱས་ཏེ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ། སྒྲིག་ཁྲིམས་དམ་ནན་བཅས་ཡིན་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྲུན་བྱེད་དགོས།
(གཅིག །) མི་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་དགོས། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་། སྤྱོད་ཡོན་གཉིས་ལྡན་དང་སྤྱོད་ལམ་གཙོར་འཛིན་རྒྱུན་འཁྱོངས། ཕྱོགས་བཞི་མཚམས་བརྒྱད་ཀྱི་མཛངས་མི་ཁོ་ན་བསྐོ་གཞག་བྱ་རྒྱུ་རྒྱུན་འཁྱོངས། བྱ་གཞག་མཆོག་འཛིན་དང་གཞུང་དྲང་ཚུལ་ལྡན་རྒྱུན་འཁྱོངས་བཅས་བྱེད་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དོན་འཁྱོལ་བྱས་ཏེ། ཏང་ལ་བློ་དཀར་བ་དང་། ཁ་ཞེ་གཉིས་མེད། འཁུར་ལེན་འགན་ལྕོགས། གྲུབ་འབྲས་འབུར་ཐོན། གཞུང་དྲང་སྤྱོད་གཙང་བཅས་ཀྱི་ལས་བྱེད་པ་འདེམས་སྒྲུག་དང་བསྐོ་སྤྱོད་ཤུགས་ཆེན་བྱེད་པ་ལས། དཀའ་ངལ་ལ་སྐྲག་ནས་ལས་གཡོལ་དང་། སྒྱིད་ལུག་ཉོབ་ལས། སྤྱོད་ཚུལ་ཆལ་ཆོལ་བཅས་ཀྱི་མི་དེ་རིགས་གཏན་ནས་མི་སྤྱོད་པ་དང་། ཏང་ལ་བློ་མི་དཀར་བ་དང་། མངོན་བརྩི་ལྐོག་འགལ། དབང་ཆ་སྤྱད་དེ་སྒེར་དོན་གཉེར་བ་བཅས་བྱེད་མཁན་རྣམས་གཙང་སེལ་མཐའ་གཅིག་ཏུ་བྱེད་དགོས།
(གཉིས།) གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་མི་འདེམས་སྤྱོད་བྱེད་དགོས། ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་ཀྱི་རྩ་དོན་དང་ལས་རིམ་ལག་བསྟར་ནན་པོ་བྱེད་པ་དང་། རྩ་འཛུགས་ཀྱིས་མི་འདེམས་པ་དང་། དྲང་གཞག་གིས་མི་སྤྱོད་པ། བྱ་བའི་ངོས་ནས་མི་འདེམས་པ་བཅས་རྒྱུན་འཁྱོངས་བྱས་ནས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་གནད་འགག་དམ་འཛིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། ལས་བྱེད་པར་རྟོག་ཞིབ་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ནམ་རྒྱུན་གྱི་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ཏན་ཏིག་བྱེད་པ། དུས་རྒྱུན་གྱི་མངོན་ཚུལ་ཐོག་ནས་ལས་བྱེད་པར་གདེང་འཇོག་བྱེད་པ། གནད་འགག་ཆེན་པོ་དང་འགག་རྩའི་དུས་སྐབས་སུ་ལས་བྱེད་པར་རྟོག་ཞིབ་བྱེད་པ། འཐབ་རྩོད་ཀྱི་ཉམས་སད་དང་། འགལ་བ་དང་དཀའ་ངལ། བྱ་ངན་སྤྱོད་ངན། ཁེ་ཕན་གྱི་བསླུ་བྲིད། བསྐོ་འབེབས་ཉར་སྤོས་བཞི་བཅས་ལ་གདོང་གཏོད་པའི་མངོན་ཚུལ་ཐོག་ནས་ལས་བྱེད་པར་དབྱེ་འབྱེད་བྱེད་པ། ལྗིད་ཤེས་ལྗིད་འཁུར་དང་ལས་ཐེག་ལས་སྒྲུབ་སོགས་ཀྱི་གནས་ཚུལ་ཐོག་ནས་ལས་བྱེད་པར་ལྟ་ཞིབ་བྱེད་པ་བཅས་གཙིགས་སུ་འཛིན་དགོས། སྣུར་སྲིང་རྟོག་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་དེ་སྔའི་ལས་ཀ་བྱེད་སའི་ས་གནས་སམ་ཡང་ན་སྡེ་ཚན་དུ་བསྐྱོད་དེ་ལས་བྱེད་པར་རྟོག་ཞིབ་བྱ་རྒྱུ་གཙིགས་སུ་འཛིན་པ་དང་། ལས་བྱེད་པའི་འཚོ་བའི་སྐོར་ཚོམས་དང་སྤྱི་ཚོགས་ཀྱི་འབྲེལ་འདྲིས་སྐོར་ཚོམས་ལ་རྒྱུས་ལོན་བྱེད་པ་གཙིགས་སུ་འཛིན་པ། སྐོར་གཟིགས་སྐོར་ཞིབ་དང་། རྩིས་བཤེར། ལྟ་ཞིབ་སོགས་ཀྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བཅས་བྱེད་དགོས། ལས་གནས་ཀྱི་འགན་འཁྲིའི་བླང་བྱ་ལྟར་ལས་བྱེད་པ་འདེམས་སྤྱོད་ནན་པོ་བྱས་ཏེ་འཚམ་ཚད་ཆེ་རུ་གཏོང་དགོས། མི་སྒེར་འཇོན་པ་དང་སྤྱི་ཡོངས་བཟང་བ་དང་། གྲུབ་ཚུལ་གྱིས་བྱེད་ནུས་ལ་བརྩི་བཀུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིམ་པ་ཁག་གི་འགོ་ཁྲིད་ཚན་པ་དང་ལྷག་པར་དུ་“འགོ་ཁྲིད་དང་པོ་”བཟང་འདེམས་ཧྲག་སྒྲིག་བྱེད་དགོས། རྒན་དར་གཞོན་གསུམ་སྐས་རིམ་ལྟར་བཀོད་སྒྲིག་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་ལོ་ཚད་རིམ་པ་ཁག་གི་ལས་བྱེད་པ་གཅིག་འདོམས་ཀྱིས་བཀོལ་སྤྱོད་ཡག་པོ་བྱེད་པ་དང་། བུད་མེད་ལས་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་བཅས་གསོ་སྐྱོང་དང་བཀོལ་སྤྱོད་ཡག་པོ་བྱེད་པ། ལོ་ན་དང་། སློབ་རིམ། འོས་ཐོབ་བཅས་ཁོ་ནར་མི་ལྟ་བ་བཅས་བྱས་ཏེ། ཚན་པའི་གྲུབ་ཚུལ་ཁོ་ནར་མཐོང་ཆེན་བྱེད་པ་ལས་མི་སྒེར་གྱི་བྱང་ཚད་སྣང་མེད་དུ་འཇོག་པ་དང་། སློབ་རིམ་དང་འོས་ཐོབ་ཁོ་ནར་མཐོང་ཆེན་བྱེད་པ་ལས་དོན་དངོས་ཀྱི་ནུས་པ་སྣང་མེད་དུ་འཇོག་པ་བཀག་འགོག་བྱེད་པ་དང་། བཀོད་སྒྲིག་བཙན་པོ་དང་ཚད་གཞི་དམའ་རུ་བཏང་ནས་འཚོལ་ཐབས་བྱེད་རིགས་བཀག་འགོག་བྱེད་དགོས། གཞི་རིམ་ནས་ཕུལ་བྱུང་ལས་བྱེད་པ་གསར་རྙེད་དང་འདེམས་སྒྲུག་བྱ་རྒྱུ་གཙིགས་སུ་འཛིན་དགོས། ལས་བྱེད་པའི་འགན་འཛིན་ཟུར་བྱོལ་དང་། དུས་བཀག་ལྟར་ལས་གནས་བརྗེ་རེས་དང་སྤེལ་རེས་བྱེད་པའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པའི་འགན་འཛིན་ཡུན་ཚད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ་དང་། འགན་འཛིན་ཡུན་ཚད་བརྟན་བརླིང་ཡོང་བ་མཐའ་འཁྱོངས་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ། ལས་གནས་གཅིག་གི་ཐོག་ཏུ་ལས་བྱེད་པ་ལེགས་སྒྲིག་ཡང་ཡང་བྱེད་པ་དང་། ལས་བྱེད་པ་གཅིག་གི་ལས་གནས་ལེགས་སྒྲིག་ཡང་ཡང་བྱེད་པ་བཀག་འགོག་བྱེད་དགོས། འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པར་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགོ་ཁྲིད་ལས་བྱེད་པ་སྤར་འབེབས་གཉིས་རུང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ད་ལྟའི་ལས་འགན་གྱི་ལས་སྒོ་མི་འཕེར་བའི་ལས་བྱེད་པ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།
བསྐོ་འཐེན་བྱེད་ཕྱིན་ལས་བྱེད་པའི་ཡིག་ཚགས་ལ་ངེས་པར་དུ་ཞིབ་བཤེར་དང་། བསྐོ་འཐེན་བྱེད་ཕྱིན་མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་ཞུར་ངེས་པར་དུ་བསྡུར་དཔྱད། བསྐོ་འཐེན་བྱེད་ཕྱིན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་བསམ་འཆར་ལ་ངེས་པར་དུ་ཉན་པ། བསྐོ་འཐེན་བྱེད་ཕྱིན་སྲོལ་འགལ་སྒྲིག་འགལ་གྱི་གནད་དོན་གྱི་ཁུངས་སྣེ་ཞིབ་ཕྲ་ཡིན་ཞིང་། འཚོལ་ཞིབ་བྱེད་འཐུས་རང་བཞིན་ལྡན་པའི་ཡིག་སྐུར་ངོ་བཅར་དང་ཐེར་འདོན་གོང་ཞུར་ངེས་པར་དུ་བསྡུར་བཤེར་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྲིད་དོན་གཙང་སྐྱོང་གི་བསམ་འཆར་ལ་ཏང་ཨུ་(ཏང་ཙུའུ་)ཡི་ཧྲུའུ་ཅི་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་(བཅའ་སྡོད་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཚོ་ཆུང་གི་འགོ་འཛིན་)ཡིས་མཉམ་དུ་མིང་རྟགས་བཀོད་དེ་ངོས་འཛིན་གཏན་འཁེལ་བྱ་རྒྱུའི་གཏན་འབེབས་དོན་འཁྱོལ་བྱེད་དགོས། ལས་བྱེད་པ་བསྐོ་བཞག་མ་བྱས་གོང་གི་དོན་དག་སྙན་ཞུ་དང་། འདེམས་སྒྲུག་བསྐོ་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོ་དངོས་འབྲི། “སྙན་ཞུ་གཅིག་དང་དཔྱད་མོལ་གཉིས་”བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས། མི་འདེམས་སྤྱོད་ཀྱི་ཆེད་དམིགས་ཞིབ་བཤེར་ཟབ་སྤེལ་བྱེད་པ་དང་། ལས་བྱེད་པ་“ནད་ཅན་བསྐོ་འཐེན་”གྱི་འགན་འཁྲི་བདའ་འདེད་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། མི་བཀོལ་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཡན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ། ལྐོག་སྤྲོད་ལྐོག་ལེན་དང་དགའ་ཉེ་བསྐོ་གཞག་བྱེད་རིགས་གཏན་འགོག་དང་། “ཚོགས་ཁག་ཆུང་ཆུང་”མཐའ་གཅིག་ཏུ་རྩ་གཏོར་བྱེད་པ། དཔོན་གནས་ཞུ་སློང་བྱེད་པ་དང་། དཔོན་གནས་ཉོ་འཚོང་བྱེད་པ། འདེམས་ཤོག་འཕེན་སྐུལ་དང་རྔན་བསླུས་འདེམས་བསྐོ་བྱེད་པ་སོགས་ཀྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱེད་དགོས།
(གསུམ།) ལས་བྱེད་པས་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྐུལ་འདེད་གཏོང་དགོས། སྲིད་འབྲས་ལྟ་བའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ལས་བྱེད་པས་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་སྐྲུན་པར་ཁྲིད་སྟོན་བྱེད་དགོས། ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་འབྲས་དཔྱད་ཞིབ་ལེགས་བཅོས་བྱེད་དགོས། མི་བརྟག་དོན་དཔྱད་བྱེད་པ་དང་། ད་ཡོད་ཀྱི་དཔྱད་ཞིབ་གྲུབ་འབྲས་བཀོལ་སྤྱོད་བྱེད་པ་དང་བསྐོ་བཞག་མ་བྱས་གོང་གི་རྟོག་ཞིབ་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྒྱུར་བཅོས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་། དམངས་འཚོར་ཕན་པ་དང་བདེ་འཇགས་འགན་ལེན། མིག་སྔའི་བྱ་བར་སྐུལ་འདེད་གཏོང་བ་དང་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་བྱེད་པ། མངོན་འབྲས་འདོན་པ་དང་གབ་འབྲས་ལ་མཐོང་ཆེན་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་དབྱེ་ཞིབ་གཏིང་ཟབ་བྱེད་དགོས། སྲིད་འབྲས་ལྟ་བར་ནོར་འཛོལ་བྱུང་བའི་གནད་དོན་གཙོ་བོའི་གསལ་ཐོ་འགུལ་རྣམ་ལེགས་སྒྲིག་བྱེད་པ་དང་། སྲིད་འབྲས་ལྟ་བའི་ནོར་འཛོལ་ནུས་ལྡན་གྱིས་འགོག་ཟོན་དང་ཡོ་བཅོས་བྱེད་པའི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། དཔོན་པོ་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ་དང་། འཕྲལ་ཕན་འཕྲལ་གཉེར། མི་བདེན་རྫུན་སྒྲིག །རྨོངས་ཚོད་ཧམ་སྒྲུབ། མང་ཚོགས་ཀྱི་འདོད་བློ་དང་འགལ་ནས་དོན་དངོས་དང་མི་མཐུན་པའི་ཇུས་ཐག་གཅོད་པ། “སྣང་བརྙན་ལས་གྲྭ་”དང་“སྲིད་འབྲས་ལས་གྲྭ་”སྤེལ་བ། སྲིད་ཇུས་དང་འཆར་འགོད་“བག་ལེབ་ཨ་སློག་”རྒྱག་པ། སྒྲིག་སྲོལ་དང་འགལ་ཏེ་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གསར་སྣོན་བྱེད་པ། འཕེལ་རྒྱས་ཁོ་ན་ལས་བདེ་འཇགས་ལ་དོ་སྣང་མི་བྱེད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། ལས་ཀ་མི་བྱེད་པ་དང་གང་བྱུང་དུ་བྱེད་པའི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། འགོ་ཁྲིད་ཚན་པའི་འགན་འཁུར་པ་གཙོ་བོར་འགྱུར་ལྡོག་གཏོང་བ་དང་རྩིས་སྤྲོད་རྩིས་ལེན་བྱེད་པའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས།
(བཞི།) ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། ལས་བྱེད་པའི་བསམ་བློ་ཞུན་བརྡར་དང་། ཆབ་སྲིད་མྱོང་བརྡར། ལག་ལེན་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར་བཅས་ལ་ཤུགས་བརྒྱབ་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་འགོག་ཟོན་དང་སེལ་བའི་འཇོན་ཐང་། ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱད་དེ་ལས་དོན་སྤེལ་བའི་འཇོན་ཐང་བཅས་ཆེ་རུ་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆགས་པར་ཤུགས་རྒྱག་དགོས། ལས་བྱེད་པ་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་ཕྱོགས་ཇུས་འགོད་དང་། གནད་དོན་ཐག་གཅོད། ལས་དོན་ལེགས་བཅོས་བཅས་བྱེད་དགོས། ལས་བྱེད་པས་ཤེས་བྱ་གསར་སྒྱུར་མགྱོགས་སུ་གཏོང་བ་དང་། ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ནུས་པའི་ཆད་སྐྱོན་གསབ་པ་བཅས་ལ་སྐུལ་འདེད་བཏང་སྟེ། རང་འཁྲིའི་ལས་ཀར་གོམས་བྱང་ཅན་དུ་འགྱུར་བར་བྱེད་དགོས། ལས་བྱེད་པས་ལག་ལེན་ཁྲོད་ཉམས་མྱོང་ཕྱོགས་བསྡོམས་དང་ཆོས་ཉིད་ཁོང་དུ་ཆུད་པར་སྐུལ་འདེད་གཏོང་བ་དང་། ལས་ཀའི་རྩ་དོན་རང་བཞིན་དང་། མ་ལག་རང་བཞིན། སྔོན་ཚོད་རང་བཞིན། གསར་སྐྲུན་རང་བཞིན་བཅས་ཆེ་རུ་གཏོང་དགོས།
(ལྔ།) ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་དགོས། ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་རྒྱུན་རྣམ་ཅན་དུ་འགྱུར་བའི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཆབ་སྲིད་གསོ་སྐྱོང་དང་ཆབ་སྲིད་མྱོང་བརྡར་ལ་ཤུགས་བརྒྱབ་སྟེ། ན་གཞོན་ལས་བྱེད་པར་དད་མོས་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་། བློ་སྟོབས་ཀྱི་ཀལ་འབེལ་པོ་གསབ་པ། བསམ་བློའི་ཁ་ལོ་བརྟན་པོར་སྒྱུར་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས། གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དེ་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་པའི་རྨང་གཞིའི་གཡུལ་ས་བྱས་ཏེ། ན་གཞོན་ལས་བྱེད་པ་དཀའ་ཚེགས་ཆེ་བའི་ས་ཁུལ་དང་། རྙོག་འཛིང་ཆེ་བའི་ཁོར་ཡུག །དཀའ་ལས་ཁག་པའི་ལས་གནས་བཅས་སུ་སོང་ནས་མྱུག་གསོ་སྦྱོང་བརྡར་བྱེད་པར་སྐུལ་འདེད་བཏང་ནས་གཤིས་རྒྱུད་ཞུན་བརྡར་དང་། སྤྱོད་ཚུལ་ལེགས་བཅོས། འཇོན་ཐང་ཆེར་སྐྱེད་བཅས་བྱེད་དགོས། གསོ་སྐྱོང་དང་དོ་དམ་གལ་ཆེ་མཉམ་འཛིན་རྒྱུན་འཁྱོངས་བྱས་ཏེ། ན་གཞོན་ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་ལམ་དུ་སྐྱོད་པ་དང་། རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་བྱེད་པ། དངོས་སྒྲུབ་དཀའ་སྒྲུབ་ལ་མོས་པ། ངང་ཐུང་འཚབ་འཚུབ་དང་འདོད་ཆེན་ཆེ་དགའ་མི་བྱེད་པ། རང་ངོས་ཇུས་འགོད་དང་མྱུར་ལམ་འཚོལ་བ་མི་བྱེད་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། ན་གཞོན་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཏང་ནང་གི་ཆབ་སྲིད་འཚོ་བར་ཞུགས་པ། འཁུར་ལེན་ལས་བརྩོན། གནོན་ཐེག་གནོན་འགོག །སྒྲིག་བརྩི་ཁྲིམས་སྲུང་སོགས་ཀྱི་གནས་ཚུལ་རྗེས་འདེད་རྒྱུས་ལོན་བྱས་ཏེ། འཚར་ལོངས་ཡོང་བར་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། “ལྗང་བུ་ལག་འཐེན་”སོགས་ཀྱི་བྱེད་སྟངས་བཀག་འགོག་དང་དྲང་བཅོས་བྱེད་དགོས།
(དྲུག །) ལས་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐོ་རིམ་ལས་བྱེད་པ་ནས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལས་བྱེད་པར་ཕྱོགས་མཐའ་ཡོངས་ནས་དོ་དམ་དང་རྒྱུན་ལྡན་རང་བཞིན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནན་པའི་བླང་བྱ་དེ་ལས་བྱེད་པ་འཚར་ལོངས་ཡོང་བའི་དུས་འཁོར་ཧྲིལ་པོ་དང་། སློབ་གསོ་དོ་དམ་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དཀྱུས་གཅིག་ཏུ་བསྟར་ནས། འདེམས་སྒྲུག་ལ་མཐོང་ཆེན་དང་དོ་དམ་ལ་སྣང་ཆུང་བྱེད་རིགས་མི་ཡོང་བ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་སེང་ཞུ་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཁྱིམ་ཚང་གི་རྒྱུ་ནོར་དང་གཏོང་སྒོ་རྒྱུན་ལྡན་གྱི་ཡོང་འབབ་ལས་མངོན་གསལ་གྱིས་བརྒལ་རིགས་ལ་རྩད་ཞིབ་ར་སྤྲོད་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླས་ཚོང་རྒྱག་པ་དང་ཁེ་ལས་གཉེར་བར་རྒྱུན་རྣམ་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། “ཉེ་རྒྱུད་སྐྱེད་སྤེལ་”གྱི་གནད་དོན་ཆེད་དམིགས་བཅོས་སྒྲིག་ཟབ་སྤེལ་བྱེད་དགོས། མི་དོན་བསྡུ་སྤྱོད་ལས་ཀར་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་བྱེད་པའི་ཞོར་ལས་དང་། འགན་འཁྱེར། ལས་བྲལ་ལས་ཞུགས་བཅས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། “བྲོས་བྱོལ་རྣམ་པའི་ལས་ཁུར་དགོངས་ཞུ་”བཀག་འགོག་དང་བཅོས་སྒྲིག་བྱེད་དགོས། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གི་རྩ་འཛུགས་རིམ་པ་ཁག་དང་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་དམ་འཛིན་བྱེད་ཕོད་པ་དང་དོ་དམ་བྱེད་ཕོད་པ། དོ་དམ་ནན་པོ་དང་བཅོས་སྐྱོང་ནན་པོ་བཅས་བྱེད་དགོས་པ་ལས། ལས་བྱེད་པའི་གཏམ་སྤྱོད་ནོར་འཁྲུལ་ཅན་ལ་སྣང་མེད་ཟོམ་འཇོག་དང་། མཚང་སྦེད་སྐྱོན་འགེབས་བྱེད་མི་རུང་། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་པའི་ལས་དོན་སྲོལ་ཡིག་བཟོ་དགོས།
དོ་དམ་ནན་པོ་དང་ལྟ་སྐྱོང་བྱམས་པོ་ཟུང་འབྲེལ་དང་། ངར་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལས་བྱེད་པས་འཁུར་ལེན་ལས་སྒྲུབ་བྱེད་པར་ངར་སྐུལ་དང་སྲུང་སྐྱོབ་བྱེད་པའི་ལམ་སྲོལ་ཆ་ཚང་དུ་བཏང་ནས། འཁུར་ལེན་ཅན་ལ་འགན་འཁུར་བ་དང་། འགན་འཁྲི་འཁུར་མཁན་ལ་འགན་འཁྲི་འཁུར་བ། ལས་དོན་སྒྲུབ་མཁན་གྱི་རྒྱབ་རྩར་ལངས་པ་བཅས་བྱེད་དགོས། སྙིང་གཏམ་བཤད་པ་དང་གླེང་མོལ་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ལས་བྱེད་པའི་བསམ་བློའི་འཁོར་ཕྱོགས་དང་། ལས་ཀའི་གནས་ཚུལ། ལུས་སེམས་བདེ་ཐང་གི་གནས་ཚུལ། ཁྱིམ་ཚང་གི་གནས་ཚུལ་སོགས་དུས་ཐོག་ཏུ་རྒྱུས་ལོན་བྱེད་པ་དང་། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞུང་ཞབས་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་གོ་གནས་དང་འགན་རིམ་མཉམ་བསྟར་བྱེད་པ་སོགས་ཀྱི་ལམ་ལུགས་ཀྱི་ངར་སྐུལ་ནུས་སྣང་འདོན་སྤེལ་བྱེད་པ་དང་། གཟེངས་བསྟོད་དང་བྱ་དགའ་སྤྲོད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། གཞི་རིམ་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་དགོས།
ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཤེས་ལྡན་མི་སྣར་ཆབ་སྲིད་སྣེ་ཁྲིད་དང་ཆབ་སྲིད་བསྡུ་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ། སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣ་འཕེལ་རྒྱས་འགྲོ་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ཕྱོགས་མཐའ་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་ཡག་པོ་བཅས་བྱེད་པ། ཤེས་ལྡན་མི་སྣར་རྒྱབ་སྐྱོར་དང་ཞབས་ཞུའི་འགན་སྲུང་ཤུགས་ཆེར་གཏོང་བ། རྒྱ་ཆེའི་ཤེས་ལྡན་མི་སྣར་ཏང་ལ་དགའ་ཞེན་བྱེད་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ། ལས་བཀུར་སྐྱེས་འབུལ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ངར་སྐུལ་བྱས་ཏེ། ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣ་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་དུ་གཅིག་སྡུད་བྱེད་དགོས། ཏང་ཨུས་ཆེད་མཁས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། འགོ་ཁྲིད་ལས་བྱེད་པས་ཐད་ཀར་ཆེད་མཁས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཤེས་ལྡན་མི་སྣའི་དཔུང་ཁག་ཁྲོད་ཀྱི་ཏང་ཡོན་གྱིས་ཚན་ཞིབ་འགག་སྒྲོལ་དང་། རྗེས་སློབ་གསོ་སྐྱོང་། མཐུན་སྒྲིལ་རོགས་ལས། རིག་གཞུང་ཡིད་རྟོན། ཚན་རྩལ་མི་ཆོས་སོགས་ཀྱི་ཐད་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱས་ཏེ། རིག་གཞུང་རྫུན་བཟོ་དང་བཤུ་འབྲི་རྐུ་འབྲི་སོགས་རིག་གཞུང་གི་ཚུལ་མིན་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ་དང་། འཕྲལ་ཕན་འཕྲལ་གཉེར་དང་ངང་ཐུང་འུད་སྒྲོག་སོགས་ཀྱི་སྲོལ་ངན་འགོག་རྒོལ་བྱེད་དགོས། ཤེས་ལྡན་མི་སྣའི་“ཞྭ་མོ་”ཡི་གནད་དོན་བཅོས་སྒྲིག་བྱས་ནས་བསླབ་པ་རྒན་གཞོན་དང་ལོ་ན་ཆེ་ཆུང་ལ་ལྟ་བ་དང་། ཚོགས་ཁག་རིག་གནས། རིག་ཤེད་ཅན་གྱི་སྤྱོད་ཚུལ་བཅས་རྩ་གཏོར་བྱེད་དགོས།
ལྔ། གོང་འོག་གཅིག་འབྲེལ་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་ཚགས་དམ་པོ་འཛུགས་སྐྲུན་བྱེད་དགོས།
ཏང་གི་རྩ་འཛུགས་རིམ་པ་ཁག་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོ་ཡིན། ངེས་པར་དུ་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་མ་ལག་ཅན་དུ་སྐུལ་འདེད་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཤུགས་ཆེར་བཏང་སྟེ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་གོང་འོག་མཉམ་སྡེབ་དང་གནད་འཁེལ་ནུས་ཆེ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།
(གཅིག །) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་དགོས། ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་ཟབ་སྤེལ་བྱས་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་། ཏང་ཡོན། ལས་བྱེད་པ་བཅས་གྲལ་བསྟར་དང་པོར་ཡག་པོར་བསྐྱོད་པར་སྐུལ་འདེད་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པའི་ཐད་མིག་དཔེ་སྟོན་པ། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པའི་ཐད་མིག་དཔེ་སྟོན་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་ཐད་མིག་དཔེ་སྟོན་པ་བཅས་བྱས་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དེ་ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་ཁྲིམས་སྲུང་བ། འགན་འཁྲི་འཁུར་བ། ལས་ཆོད་ཆེ་བ་བཅས་ཀྱི་དཔེ་བཟང་ལས་ཁུངས་སུ་འཛུགས་སྐྲུན་བྱེད་དགོས། ལས་ཁུངས་དམ་འཛིན་དང་མ་ལག་ལ་སྣེ་ཁྲིད་དང་། ལས་རིགས་དོ་དམ་དང་ཏང་འཛུགས་དོ་དམ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ལས་ཁུངས་དང་། ཐད་གཏོགས་ཁེ་ལས་དང་བྱ་ལས་སྡེ་ཚན། མངག་གཏོང་སྒྲིག་གཞི་བཅས་ཀྱི་ཏང་འཛུགས་ལས་དོན་ལ་དུས་མཉམ་དུ་སྐུལ་འདེད་གཏོང་བའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཆབ་སྲིད་ཀྱི་བྱེད་ནུས་སྟོབས་ལྡན་དང་། ཀྲི་པུའུ་ཚན་པ་སྟོབས་ལྡན། ཏང་ཡོན་དཔུང་ཁག་སྟོབས་ལྡན། ནུས་པ་འདོན་སྤེལ་སྟོབས་ལྡན་བཅས་ཀྱི་ཏང་ཀྲི་པུའུ་འཛུགས་སྐྲུན་ཟབ་སྤེལ་བྱེད་དགོས། ཏང་འཛུགས་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་“པགས་པ་གཉིས་”རྒྱུན་མཐུད་ངང་སེལ་དགོས། “ལས་ཁུངས་ནད་”དང་“ཡ་མོན་སྤྱོད་ཚུལ་”སྤང་གང་ཐུབ་དང་། “སྒྲོན་འོག་མུན་པ་”བཀག་འགོག་བྱེད་དགོས།
(གཉིས།) ས་གནས་ཏང་ཨུའི་བྱེད་ནུས་ཆེ་རུ་གཏོང་དགོས། ས་གནས་ཏང་ཨུས་ས་ཁུལ་དེ་གར་ཁྱོན་ཡོངས་སྤྱི་འཛིན་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་དོ་དམ། ཇུས་ཐག་གཅོད་པ། དོན་འཁྱོལ་འགན་ལེན་བཅས་བྱེད་པའི་འགན་འཁྲི་བསྒྲུབས་ཏེ། ས་གནས་ཏང་ཨུ་དེ་ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། ལག་བསྟར་ནུས་ལྡན། དོ་དམ་ནན་པོ། ཚན་པ་མཐུན་སྒྲིལ། སྤྱོད་ཚུལ་གཙང་མ་བཅས་ཡིན་པའི་རྩ་འཛུགས་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་དགོས། ས་གནས་ཏང་ཨུས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། གསར་སྐྲུན་རང་བཞིན་ལྡན་པར་ལས་དོན་སྤེལ་རྒྱུར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། ས་གནས་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚན་པ་སྟོབས་ལྡན་དུ་འཛུགས་སྐྲུན་དང་དཔུང་ཁག་དོ་དམ་ནན་པོ་བྱེད་པ་དང་། རྟག་ཏུ་ཆབ་སྲིད་ཞིབ་བཤེར་བྱས་ཏེ་རང་ངོས་ཀྱི་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ས་གནས་ཏང་ཨུའི་ལས་དོན་སྲོལ་ཡིག་བཟོ་བཅོས་བྱེད་དགོས། ས་གནས་ཏང་ཨུའི་དོན་གྲོས་མཐུན་སྦྱོར་སྒྲིག་གཞི་ཚད་ལྡན་དུ་གཏོང་དགོས།
(གསུམ།) ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་ཤུགས་ཆེར་གཏོང་བ་དང་། ཆད་སྐྱོན་གསབ་པ་དང་། སྟོང་ཆ་སྐོང་བ། སྤུས་ཚད་མཐོར་གཏོང་། བྱེད་ནུས་ཆེར་གཏོང་བཅས་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་མངོན་འགྱུར་ནུས་ལྡན་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། ཏང་འཛུགས་དམ་འཛིན་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་སྤེལ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞང་དང་གྲོང་རྡལ་གྱི་ཏང་ཨུ་དང་གྲོང་ཚོའི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་རྒྱག་པ། གྲོང་ཚོའི་ལས་བྱེད་པའི་སློབ་གསོ་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་འདེམས་མངག་དང་དོ་དམ་བྱེད་པ་ལེགས་སྒྱུར་བཅས་བྱེད་དགོས། “ཁོང་སྟོང་གྲོང་ཚོ་”ཡི་ཏང་འཛུགས་ལས་དོན་ཏན་ཏིག་སྒྲུབ་དགོས། གྲོང་ཁྱེར་གྱི་སྲང་ལམ་དང་སྡེ་ཁུལ་གྱི་ཏང་འཛུགས་ལས་དོན་ལ་ཤུགས་རྒྱག་པ་དང་། སྡོད་དམངས་གཞིས་ཁུལ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ཡག་པོ་དང་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་པ། སྡེ་ཁུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི་གྲོང་མི་ཨུ་ལྷན་དང་། ལས་བདག་ཨུ་ལྷན། སྡེ་ལས་ཞབས་ཞུའི་ཁེ་ལས་བཅས་མཐུན་སྦྱོར་ངང་འཁོར་སྐྱོད་བྱེད་པའི་དཔེ་རྣམ་གསར་པ་འཚོལ་ཞིབ་བཅས་བྱེད་དགོས། “ཆེ་བརྒལ་སྡེ་ཁུལ་”གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། གསར་སྤེལ་ཁུལ་(གླིང་ཁུལ་)གྱི་ཏང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་གཞི་རིམ་ཏང་འཛུགས་ལས་དོན་ལ་ཤུགས་རྒྱག་དགོས། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་ཟབ་སྤེལ་བྱས་ཏེ། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་དགོས། དྲ་མིག་བཅོས་སྐྱོང་ཞབས་ཞུ་སྡེབ་སྒྲིག་ལེགས་སྒྱུར་བྱེད་པ་དང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། གཞི་རིམ་རྩ་འཛུགས་དང་མང་ཚོགས་ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། ལས་ཁུངས་ཀྱི་ཏང་འཛུགས་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ཁོངས་གཏོགས་སྡེ་ཚན་དང་ལས་རིགས་ཀྱི་ཏང་འཛུགས་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། བྱ་ལས་སྡེ་ཚན་གྱི་ཏང་གི་འགོ་ཁྲིད་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སློབ་གྲྭ་དང་། སྨན་ཁང་། ཚན་རིག་ཞིབ་འཇུག་ཁང་སོགས་ཀྱི་ཏང་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་དགོས། གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་དངུལ་རྩའི་ཁེ་ལས་ཀྱི་ཏང་གི་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་། ཏང་ཨུ་(ཏང་ཙུའུ་)ཡིས་གཉེར་སྐྱོང་དོ་དམ་གྱི་དོན་དག་གནད་ཆེན་སྔོན་བཀོད་ཞིབ་འཇུག་དང་གྲོས་བསྡུར་བྱེད་པའི་གནད་འགག་ངེས་པ་དོན་གྱིས་དམ་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཀུང་སི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཏང་འཛུགས་ལས་དོན་གྱི་སྤུས་ཕྱོད་མཐོ་རུ་གཏོང་དགོས། གཅིག་སྡུད་དང་རྒྱུན་རྣམ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་པ་གསོ་སྐྱོང་འདེམས་སྒྲུག་དང་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ཁུངས་ཞབས་ཞུའི་དོ་དམ་གཤམ་སྐྱོད་དང་སྲིད་ཇུས་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ལས་ཀའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས། ཏང་འཛུགས་ཀྱིས་ཚོགས་འཛུགས་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་དགོས།
(བཞི།) གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྲུན་འབུར་དུ་བཏོན་ནས་དམ་འཛིན་ཡག་པོ་བྱེད་དགོས། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་དོ་དམ་སྒྲིག་སྲོལ་དང་འགན་འཁྲིའི་མ་ལག་རིགས་དབྱེ་འཐུས་ཚང་གཏོང་བ་དང་། ལས་རིགས་དོ་དམ་དང་ལས་སྒོ་ལྟ་སྐུལ་དོ་དམ་སྡེ་ཁག་དང་། ལས་སྒོ་གཙོ་སྐྱོང་སྡེ་ཚན་དང་དེ་བཞིན་གཏོགས་ཁོངས་སོགས་ཀྱི་འགན་འཁྲི་ནན་དུ་བཏང་ནས། གསར་དར་ཁྱབ་ཁོངས་སུ་ཏང་གི་འབོད་སྐུལ་བྱེད་ནུས་དང་། གོང་བུར་འགྲིལ་ནུས། ཤུགས་རྐྱེན་གཏོང་ནུས་བཅས་ཆེ་རུ་གཏོང་དགོས། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་སུ་ཏང་གི་རྩ་འཛུགས་ཀྱི་ཁེབས་ཚད་དང་ལས་ཀའི་ཁེབས་ཚད་རྒྱ་སྐྱེད་ཟབ་སྤེལ་བྱེད་པ་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དྲག་འདེམས་ཧྲག་སྒྲིག་བྱེད་པ། ཏང་འཛུགས་ལས་དོན་གྱི་མཛུབ་སྟོན་པ་འདེམས་མངག་ལེགས་སྒྱུར་བཅས་བྱས་ཏེ། ཏང་འཛུགས་ལས་དོན་དེ་ཐོན་སྐྱེད་གཉེར་སྐྱོང་དང་། གསར་གཏོད་ལས་གཏོད། སྤྱི་ཚོགས་ཞབས་ཞུ། གཞི་རིམ་བཅོས་སྐྱོང་སོགས་དང་ཟུང་འབྲེལ་དམ་ཚགས་ཡོང་བར་སྐུལ་སྤེལ་གཏོང་དགོས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་འཛུགས་ལས་དོན་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། དབང་བའི་ལམ་ལུགས་འདྲེས་མའི་ཁེ་ལས་ཀྱི་ཏང་འཛུགས་ལས་དོན་རིགས་དབྱེ་སྐུལ་འདེད་གཏོང་བ། ལས་སྟེགས་ཁེ་ལས་དང་ཚན་རྩལ་གསར་གཏོད་ཅན་གྱི་ཁེ་ལས་སོགས་ཀྱི་ཏང་འཛུགས་ལས་དོན་ལ་ཤུགས་རྒྱག་པ། མཉམ་སྦྲེལ་དྲ་རྒྱ་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་རིམ་པ་སྤོར་བའི་དོ་དམ་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། ཏང་འཛུགས་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རྩ་འཛུགས་གསར་པའི་ཏང་འཛུགས་ལས་དོན་ལ་རིགས་དབྱེ་མཛུབ་སྟོན་བྱེད་པ་དང་། ལས་རིགས་མཐུན་ཚོགས་དང་། སློབ་ཚོགས། ཚོང་ཚོགས་བཅས་ཀྱི་དོ་དམ་ལམ་ལུགས་དང་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་འཛུགས་ལས་དོན་གྱི་བླང་བྱ་སྒྲིག་ཡིག་ཏུ་འགོད་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། ཏང་འཛུགས་ཀྱིས་ལས་རིགས་ཀྱི་རང་གཅུན་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་གཉེར་སློབ་གྲྭ་དང་དམངས་གཉེར་སྨན་ཁང་སོགས་ཀྱི་ཏང་འཛུགས་ལས་དོན་ལེགས་པར་སྒྲུབ་དགོས། ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་འཛུགས་ལས་དོན་ལ་ཤུགས་བརྒྱབ་ནས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེར་གཏོང་དང་། ཞབས་ཞུ་དོ་དམ་ལེགས་སྒྲུབ། ཁྲིམས་མཐུན་ཁེ་དབང་འགན་སྲུང་བཅས་བྱས་ཏེ། ལས་ཞུགས་ཚོགས་སྤྱི་གསར་པས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱེད་དགོས།
(ལྔ།) ཏང་ཡོན་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་རིམ་ནན་འཛིན་དང་། འགག་གནད་ནན་སྲུང་། སྒྲིག་ཁྲིམས་ནན་གཏོང་བཅས་བྱས་ཏེ། ཏང་ཡོན་འཕེལ་རྒྱས་གཏོང་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཀུན་སློང་མི་གཙང་བའི་མི་ཏང་ནང་དུ་ཞུགས་པ་བཀག་འགོག་བྱེད་དགོས། གཞོན་ནུ་དང་ཐོན་ལས་བཟོ་པ། ཞིང་པ། ཤེས་ཡོན་ཅན་བཅས་ཀྱི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་བ་གཙིགས་སུ་འཛིན་པ་དང་། གསར་དར་ཁྱབ་ཁོངས་ནང་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཡག་པོར་བསྒྲུབས་ནས་ཏང་ཡོན་དཔུང་ཁག་གི་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས། ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཡོན་གྱི་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་དང་ལྷག་པར་དུ་གཞི་རྩའི་གསོ་སྦྱོང་སྤེལ་དགོས། ཏང་ཀྲི་པུའུ་ཡིས་ཐད་ཀར་ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། ཏང་ཡོན་གྱི་དྲ་རྒྱའི་བྱ་སྤྱོད་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་འགྲུལ་ཏང་ཡོན་ཐོ་འགོད་དང་བསྡུ་ལེན་བྱེད་པའི་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། འགྲོ་སའི་ཡུལ་དང་ཡོང་སའི་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་རོགས་ལས་མཉམ་བདག་དང་། སྐུད་ཐོག་སྐུད་འོག་ཟུང་འབྲེལ་བྱེད་པའི་ལམ་ལུགས་ཆ་ཚང་དུ་གཏོང་དགོས། གནས་འཛུགས་འགན་འགེལ་དང་། ཁས་ལེན་ལག་ལེན། འཕྲལ་སྒྲུབ་རུ་ཁག་འཛུགས་པ། ཐོབ་ཐང་བསྟན་ནས་གདོང་ལེན་པ་བྱེད་པ་སོགས་ཀྱི་བྱེད་ཐབས་ཁྱབ་སྤེལ་གཏོང་བ་དང་། ཏང་ཡོན་གྱི་དྲ་ཐོག་དང་དྲ་འོག །ལས་ཐོག་དང་ལས་བྲལ། དུས་རྒྱུན་དང་འཕྲལ་བསྟུན་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས། ཏང་ནང་གི་ངར་སྐུལ་དང་། ཐུགས་ཁུར། རོགས་སྐྱོར་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཚད་གཞི་མ་ལོན་པའི་ཏང་ཡོན་གཟབ་ནན་དང་བརྟན་བརླིང་སྒོས་ཐག་གཅོད་བྱེད་དགོས།
(དྲུག །) ཏང་གི་རྩ་འཛུགས་རིམ་པ་ཁག་གཅིག་འབྲེལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གོང་རིམ་གྱི་བཀོད་སྒྲིག་བརྒྱུད་བསྒྲགས་དོན་འཁྱོལ་བྱེད་པ་དང་། གཞི་རིམ་གྱི་གནས་ཚུལ་གོང་ལ་ཞུ་བ། འགལ་བ་དང་གནད་དོན་མཉམ་སྡེབ་ཀྱིས་ཐག་གཅོད་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། གཏོགས་ཁོངས་དོ་དམ་དང་དྲང་འཕྱང་དོ་དམ་བྱེད་པའི་ཏང་འཛུགས་ལས་དོན་མ་ལག་འཐུས་ཚང་དུ་བཏང་ནས། འཕྲེད་གཞུང་ཟུང་འབྲེལ་དང་། རང་འགན་རང་འཁུར། སྦྲེལ་མཐུད་དམ་ཟབ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། གོང་རིམ་རྩ་འཛུགས་ཀྱིས་འོག་རིམ་རྩ་འཛུགས་ཀྱི་ཏང་འཛུགས་ལས་དོན་ལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉམས་མྱོང་ཕྱོགས་བསྡོམས་དང་ཁྱབ་གདལ་གཏོང་དགོས། ཏང་ཨུ་(ཏང་ཙུའུ་)ཡི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་ལས་དོན་དམ་འཛིན་བྱས་པའི་འགན་བསྒྲུབས་སྙན་ཞུ་ཕུལ་བར་དཔྱད་མོལ་དཔྱད་ཞིབ་ཏན་ཏིག་བྱེད་དགོས། ཏང་དོན་ལས་སྒྲུབ་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་སྟོབས་ཤུགས་འདང་ངེས་དང་སྟོབས་ཆེན་བཀོད་སྒྲིག་བྱེད་པ་དང་། དགོས་ངེས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། རང་རིམ་དམ་འཛིན་ཡག་པོ་དང་འོག་རིམ་སྐུལ་ཁྲིད་བྱེད་པ་རྒྱུན་འཁྱོངས་ཀྱིས་རིམ་པ་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པ་དང་། ཏང་གི་རྩ་འཛུགས་རིམ་པ་ཁག་ཕྱོགས་ཡོངས་ནས་ཡར་ཐོན་དང་། ཕྱོགས་ཡོངས་ནས་འཇོན་པོ་ཡོང་བར་སྐུལ་འདེད་བཏང་ནས། འགན་འཁྲི་མཁའ་དཔྱང་དང་གོང་དཀྲི་འོག་འགེལ་བྱེད་པ་བཀག་འགོག་བྱེད་དགོས།
དྲུག །འབད་འབུངས་ཆད་མེད་ཀྱིས་སྤྱོད་སྲོང་སྒྲིག་ནན་བྱེད་དགོས།
སྤྱོད་སྲོང་སྒྲིག་ནན་བྱེད་པ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་ཐབས་ནུས་ལྡན་ཡིན། ངེས་པར་དུ་ཏང་གཤིས་ཏང་སྲོལ་ཏང་གི་སྒྲིག་ཁྲིམས་གསུམ་མཉམ་དུ་འཛིན་པ་དང་སྤྱོད་སྲོང་སྒྲིག་ནན་རུལ་རྒོལ་གསུམ་ཕན་ཚུན་གཅིག་འབྲེལ་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། སྤྱོད་ཚུལ་དམ་འཛིན་བྱེད་པ་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་བའི་ཉམས་མྱོང་བཀོལ་སྤྱོད་གཏིང་ཟབ་བྱེད་ཅིང་། སྤྱོད་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས། སྒྲིག་ཁྲིམས་དམ་ནན་གྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། སྣང་བརྙན་བཟང་པོར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས།
(གཅིག །) དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པར་སྐྱོད་དགོས། མར་ཁེ་སིའི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ཟབ་སྤེལ་བྱས་ནས། ཏང་ཡོན་དང་ལས་བྱེད་པར་དམིགས་ཡུལ་གྱི་འདུ་ཤེས་དང་སྤྱི་ཞབས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། མང་ཚོགས་དང་བརྩེ་བ་ཟབ་ཏུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱས་ཏེ། མཐོན་པོའི་ཁྲི་ལ་བསྡད་ནས་མང་ཚོགས་དང་ཁ་འབྲལ་བ་བཀག་འགོག་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། རྒྱུན་དུ་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་དང་ཁེངས་སྐྱུང་གིས་བསམ་འཆར་ཉན་འཇོག་བྱེད་པ། བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་ནན་ཏན་བྱེད་པ། མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལས་ཀ་ལེགས་པོར་སྒྲུབ་པ་དང་འགལ་བ་འདུམ་སེལ་མཁས་པོ་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནས་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་མདུན་དུ་སྐྱོད་པ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ། བཀའ་འབེབས་རིང་ལུགས་དང་“མཇུག་མ་རིང་ལུགས་”བཀག་འགོག་དང་ཁྱད་གསོད་བྱེད་དགོས། དམངས་འཚོ་དང་འབྲེལ་བ་ཡོད་པའི་ཇུས་གཅོད་གནད་ཆེན་ནང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་པར་གཞི་རིམ་དུ་སྐྱོད་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པར་གཞི་རིམ་དུ་སྐྱོད་པ། ཡིག་སྐུར་ངོ་བཅར་སྣེ་ལེན་བྱེད་པར་གཞི་རིམ་དུ་སྐྱོད་པ། ལས་ཡུལ་དངོས་སུ་ལས་སྒྲུབ་བྱེད་པར་གཞི་རིམ་དུ་སྐྱོད་པ་བཅས་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་དགོས་པ་དང་། ཏང་ཡོན་དང་ལས་བྱེད་པས་མང་ཚོགས་ལ་ཐད་ཀར་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་དང་བླངས་ཞབས་ཞུའི་ནང་ཞུགས་པ་དང་། ཆ་སྒྲིག་རོགས་སྐྱོར་བྱེད་པར་སྐུལ་འདེད་གཏོང་དགོས། དམངས་འཚོའི་ཁྱབ་ཁོངས་ཀྱི་ཡིག་སྐུར་ངོ་བཅར་གྱི་གནད་དོན་སེལ་བར་རྒྱུན་མཐུད་ངང་དམ་འཛིན་ལེགས་པོ་བྱེད་དགོས། དྲ་ཐོག་མང་ཚོགས་ལམ་ཕྱོགས་སུ་ལེགས་པོར་བསྐྱོད་དེ། ཏང་རྩ་འཛུགས་ཀྱིས་མཉམ་སྦྲེལ་དྲ་རྒྱ་བརྒྱུད་དེ་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་གོང་བུར་སྒྲིལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། ཏང་ཡོན་དང་ལས་བྱེད་པའི་དྲ་ཐོག་མང་ཚོགས་ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས།
(གཉིས།) སྙིང་རུས་འདོར་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་སྒྲིག་ལམ་འགྱུར་མེད་དང་ཚད་གཞི་སྒུལ་མེད་ཅིག་ཏུ་བརྩིས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་བཅོས་སྒྲིག་ཟབ་སྤེལ་བྱེད་པ། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་བསྐྱར་ལོག་ཡོང་བ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་བྱ་སྤྱོད་མཐའ་གཅིག་ཏུ་རྩ་གཏོར་བྱེད་དགོས། ཚོགས་འདུ་དང་། ཡིག་ཆ། འབུལ་ཞུའི་ཡིག་རིགས་བཅས་ཁུ་བསྡུ་བྱེད་པ་དང་། “ཐུང་བདེན་གསར་གསུམ་”གྱི་བླང་བྱ་དོན་འཁྱོལ་བྱས་ནས། ཚོགས་སྲོལ་དང་རྩོམ་སྲོལ་ལེགས་བཅོས་བྱེད་དགོས། རྩ་འཛུགས་ཀྱི་ཆོག་མཆན་མ་ཐོབ་པར་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་བརྩམས་ཆོས་ཡོངས་བསྒྲགས་སུ་པར་སྐྲུན་བྱེད་མི་ཆོག །འགོ་ཁྲིད་ལས་བྱེད་པ་ཕྱི་རྒྱལ་དུ་འཚམས་འདྲིར་སྐྱོད་པའི་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས་པ་ལས་ལྟ་སྐྱོང་རང་བཞིན་གྱི་ཕྱི་རྒྱལ་དུ་འཚམས་འདྲིར་སྐྱོད་པ་བཀོད་སྒྲིག་བྱེད་མི་ཆོག །ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ལྟ་ཞིབ་བརྟག་དཔྱད་དཔྱད་ཞིབ་གཅིག་འདོམས་ཀྱིས་ཚད་ལྡན་དུ་གཏོང་བ། དཔེ་སྟོན་གསར་འཛུགས་དང་། ཚད་ལོན། དཔྱད་བསྡུར་གཟེངས་བསྟོད་བཅས་ཀྱི་བྱེད་སྒོ་ཚད་ལྡན་དུ་གཏོང་བ། དུས་སྟོན་འགྲེམས་ཚོགས་གླེང་སྟེགས་ཀྱི་བྱེད་སྒོ་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ། “མཛུབ་རྩེའི་ཕྱི་ཚུལ་རིང་ལུགས་”བཅོས་སྒྲིག་བྱེད་པ། ཞང་དང་གྲོང་རྡལ་(སྲང་ལམ་)གྱིས་འགན་འཁྲི་སྒྲུབ་པའི་དོན་ཚན་གསལ་ཐོ་དོན་འཁྱོལ་བྱེད་པ། གྲོང་ཚོ་(སྡེ་ཁུལ་)ལས་ཀའི་དོན་ཚན་ཞུགས་འཐུས་ལམ་ལུགས་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། སྒྲིག་འགལ་ངང་ཟ་འཐུང་དང་། སྒྲིག་འགལ་ངང་འབུལ་རྟེན་དང་སྐྱེས་དངུལ་སྤྲོད་ལེན། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་འབུར་ཐོན་གནད་དོན་རྒྱུན་མཐུད་ངང་བཅོས་སྒྲིག་བྱེད་དགོས། གྲོན་ཆུང་ལྷུར་ལེན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པ་དང་། ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་གིས་འཚོ་བ་སྐྱེལ་བ་རྒྱུན་འཁྱོངས་དང་། “གཞུང་གསུམ་”གྲོན་དངུལ་ཚོད་འཛིན་ནན་པོ་དང་། ཐོག་ཁང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་གསར་སྐྲུན་བྱེད་པ་ཚོད་འཛིན་ནན་པོ་བྱེད་དགོས། ཚུལ་མིན་སྤྱོད་ཚུལ་གྱི་འཕེལ་ཕྱོགས་གསར་པ་དང་མངོན་ཚུལ་གསར་པར་དམ་པོར་དམིགས་ཏེ་མངོན་མེད་གཞན་འགྱུར་གྱི་གནད་དོན་འགོག་ཟོན་དང་ཡོ་བཅོས་བྱེད་དགོས།
(གསུམ།) སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་འཛུགས་སྐྲུན་བྱེད་པ་དེ་རྒྱུན་ལྡན་གྱི་འཚོ་བའི་ནང་འདྲེས་པ་དང་དུས་རྒྱུན་དུ་དམ་འཛིན་བྱས་ནས། ཁྲལ་མངོན་སླ་བཅོས་དང་ངལ་དུབ་འཐབ་སུན་ཡོང་བ་བཀག་འགོག་དང་། སྤྱོད་ཚུལ་གནད་དོན་གྱི་“དོན་ཆུང་སྨྲ་བ་”དང་“དམིགས་བསལ་སྨྲ་བ་”དྲང་བཅོས་བྱེད་དགོས། སྤྱོད་ཚུལ་གྱི་གནད་དོན་རྒྱུན་ལྡན་རང་བཞིན་གྱིས་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། “སྤྱོད་ཚུལ་བཞིའི་”འབུར་ཐོན་གནད་དོན་ལ་དབྱེ་ཞིབ་བརྡར་གཅོད་དང་འབེན་གཏད་བཅོས་སྒྲིག་བྱེད་པར་ཤུགས་རྒྱག་དགོས། ས་ཁུལ་རང་བཞིན་དང་། ལས་རིགས་རང་བཞིན། དུས་རིམ་རང་བཞིན་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས་ཡོངས་ཁྱབ་ཏུ་འབྱུང་ཞིང་ཡང་ཡང་འབྱུང་བའི་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་བྱེད་དགོས། དུས་མཚམས་གལ་ཆེན་ལ་དམ་པོར་དམིགས་ཏེ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛེམ་མེད་སྒྲིག་འགལ་གྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་དཔེ་མཚོན་གྱོད་དོན་བརྡ་ཁྱབ་གཏོང་བ་དང་དམར་འདོན་བྱེད་དགོས། ལས་རིགས་གཙོ་སྐྱོང་སྡེ་ཁག་གིས་ལས་རིགས་ཀྱི་སྤྱོད་ཚུལ་དོ་དམ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་ཤིང་། ལས་རིགས་ཀྱི་སྤྱོད་ཚུལ་འགུལ་རྣམ་དབྱེ་ཞིབ་དང་ལྟ་སྐུལ་དོ་དམ་ནུས་ལྡན་བྱེད་པར་ཤུགས་རྒྱག་པ་དང་། དགེ་རྒན་གྱི་ཀུན་སྤྱོད་དང་དར་སྲོལ་དང་། སྨན་པའི་ཀུན་སྤྱོད་དང་དར་སྲོལ། སྒྱུ་རྩལ་པའི་ཀུན་སྤྱོད་དང་དར་སྲོལ་བཅས་འཛུགས་སྐྲུན་དམ་འཛིན་ལེགས་པོ་བྱེད་དགོས། གཞུང་ཁོངས་ཁེ་ལས་དང་། གཞུང་ཁོངས་དངུལ་རྩའི་ཁེ་ལས། དྲང་འཕྱང་དོ་དམ་བྱེད་པའི་སྡེ་ཚན་གྱི་ས་གནས་ཡན་ལག་སྒྲིག་གཞི་སོགས་ཀྱི་“སྤྱོད་ཚུལ་བཞིའི་”གནད་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་བསྟར་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ངན་རུལ་མཉམ་བཤེར་མཉམ་བཅོས་ཟབ་སྤེལ་དང་། “སྤྱོད་ཚུལ་བཞིའི་” རྒྱབ་ལོགས་ཀྱི་ཤོག་ཁག་དང་། རེ་བཅོལ་ལས་སྒྲུབ། ཁེ་ཕན་སྐྱེལ་རེས་སོགས་ཀྱི་གནད་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། རུལ་སུངས་གྱོད་དོན་ཁྲོད་ཀྱི་སྤྱོད་ཚུལ་གྱི་གནད་དོན་རྩད་གཅོད་གསལ་པོ་བྱེད་དགོས། “སྤྱོད་ཚུལ་བཞི་”ཡོ་བཅོས་དང་སྲོལ་གསར་འཛུགས་པ་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་སྲོལ་དང་སྲིད་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་ཡར་བརྩོན་བཟང་འགྱུར་ཡོང་བར་སྣེ་ཁྲིད་བྱེད་དགོས།
(བཞི།) སྒྲིག་བསྟར་ནན་པོ་བྱེད་ཤུགས་ཆེ་རུ་གཏོང་དགོས། ནན་པའི་བླང་བྱ་དེ་ཏང་གི་སྒྲིག་སྲོལ་གཏན་འབེབས་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོ། སྒྲིག་བསྟར་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། སྒྲིག་ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་བྱེད་པ་དང་། སྒྲིག་ཁྲིམས་ལག་བསྟར་ངེས་པར་དུ་ནན་པོ་བྱེད་པ། སྒྲིག་ཁྲིམས་དང་འགལ་ཚེ་ངེས་པར་དུ་བདའ་འདེད་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ཤིང་། སྒྲིག་འགལ་གནད་དོན་ཇི་ཙམ་བྱུང་ན་དེ་ཙམ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལག་བསྟར་ནན་པོ་བྱས་ཏེ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ཕྱོགས་ཡོངས་ནས་ནན་པོ་ཡོང་བར་སྐུལ་ཁྲིད་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་། ལྷུ་ཚིགས་ཞན་ས། རབ་རིབ་ས་ཁུལ་བཅས་ལ་དམིགས་ཏེ་སྒྲིག་ཁྲིམས་ཚད་གཞི་འཐུས་ཚང་དུ་གཏོང་དགོས། སྒྲིག་ཁྲིམས་དེ་བཅའ་ཁྲིམས་ལས་ནན་པ་དང་སྒྲིག་ཁྲིམས་དེ་བཅའ་ཁྲིམས་ཀྱི་སྔོན་དུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་བསྟར་ཁྲིམས་བསྟར་གཅིག་འབྲེལ་དང་། ཁྲིམས་འཛིན་དང་སྦྲེལ་མཐུད་ནུས་ལྡན་ཡོང་བར་བྱེད་དགོས། སྔ་ཙམ་དང་ཆུང་ཙག་ནས་འཛིན་པ་དང་རྐྱེན་རྩ་ཆུང་ཟློག་བྱེད་པ་རྒྱུན་འཁྱོངས་དང་། མགོ་འབུས་རང་བཞིན་དང་འཁྱེར་སོའི་རང་བཞིན་གྱི་གནད་དོན་ལ་དུས་ཐོག་ཏུ་དྲན་སྐུལ་དང་དྲང་བཅོས་བྱས་ཏེ། སྐྱོན་ཆ་ཆུང་ངུ་གནད་དོན་ཆེན་པོར་འགྱུར་བ་བཀག་འགོག་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་ཤུགས་བརྒྱབ་ནས། ཏང་གི་རྩ་འཛུགས་རིམ་པ་ཁག་གིས་སྒྲིག་ཁྲིམས་ལག་བསྟར་ནན་པོ་དང་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། སྒྲིག་ཁྲིམས་ལག་བསྟར་ནན་པོ་མི་བྱེད་པ་དང་རྒྱ་ཡན་དུ་བཏང་ནས་དོ་དམ་མི་བྱེད་པའི་རིགས་ལ་འགན་འཁྲི་བདའ་འདེད་ཚ་ནན་གཏོང་དགོས།
(ལྔ།) སྒྲིག་ཁྲིམས་ཀྱི་སློབ་གསོ་གཅུན་འདོམས་དང་འགན་སྲུང་ངར་སྐུལ་གྱི་ནུས་པ་ཕྱོགས་བསྡུས་ཀྱིས་འདོན་སྤེལ་བྱེད་དགོས། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་བ་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཏང་ཡོན་དང་ལས་བྱེད་པ་གསོ་སྦྱོང་བྱེད་པའི་ངེས་སྦྱོང་སློབ་ཚན་དུ་བརྩིས་ཐོག །ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་དམ་ནན། སྒྲིག་ཁྲིམས་བརྩི་སྲུང་བཅས་བྱེད་པར་ཁྲིད་སྟོན་བྱས་ནས། ལྟ་སྐུལ་དང་གཅུན་འདོམས་ཐེབས་པའི་ཁོར་ཡུག་ཏུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བའི་གོམས་གཤིས་ཆགས་སུ་འཇུག་དགོས། དུས་འཁོར་ཧྲིལ་པོའི་སྒྲིག་ཁྲིམས་སློབ་གསོར་ཤུགས་རྒྱག་པ་དང་། ཏང་ཞུགས་ལས་ཞུགས་དང་། གོ་གནས་འགྱུར་ལྡོག །ཁྱིམ་ཚང་འཕོ་འགྱུར། ལས་བྲལ་ལས་འཁྱུར་སོགས་དུས་མཚམས་གལ་ཆེན་ཁག་དམ་འཛིན་བྱས་ནས་སྒྲིག་ཁྲིམས་ཀྱི་དྲན་སྐུལ་བྱེད་པར་ཤུགས་རྒྱག་དགོས། གོ་གནས་དང་འགན་རིམ་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་ཏང་ཡོན་དང་ལས་བྱེད་པའི་འགན་སྒྲུབ་བླང་བྱར་གཞིགས་ནས། ངེས་འོས་ཤེས་འོས་ཀྱི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ཁ་གསལ་བཟོ་དགོས། གསར་དུ་བསྐོ་འཐེན་བྱས་པའི་ལས་བྱེད་པ་དང་། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ། ན་གཞོན་ལས་བྱེད་པ་སོགས་གཙོ་གནད་མི་སྣའི་སྒྲིག་ཁྲིམས་གསོ་སྦྱོང་དམ་འཛིན་ཡག་པོ་བྱེད་དགོས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་སྒྲིག་བསྟར་གྱི་“རྣམ་པ་བཞི་”བཀོལ་སྤྱོད་གཏིང་ཟབ་བྱེད་པ་དང་། “རྣམ་པ་དང་པོ་”ལེགས་པོར་སྤྱོད་པར་གཙིགས་འཛིན་བྱེད་པ་དང་། རིམ་པ་རེ་རེ་བཞིན་སྲུང་རགས་བཟོས་ཏེ། ཏང་ཡོན་དང་ལས་བྱེད་པར་སློབ་གསོ་རྒྱག་གང་ཐུབ་དང་སྐྱོབ་གང་ཐུབ་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་། ཁྲིམས་སྲོལ་སྒྲིག་ཁྲིམས་བཅའ་ཁྲིམས་བཅས་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་ལས་ཀ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། སྒྲིག་བསྟར་འགན་འདྲིའི་ཚད་ལྡན་རང་བཞིན་དང་ཡང་དག་རང་བཞིན་ཇེ་ཆེར་བཏང་སྟེ། ཆབ་སྲིད་ཀྱི་ཕན་འབྲས་དང་། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཡོང་བར་བྱེད་དགོས། སྒྲིག་ཁྲིམས་ནན་གཏོང་དང་ཐུགས་ཁུར་གཅེས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་ཁྲོད་སྒྱུར་བཅོས་གསར་གཏོད་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་ཀྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། དུས་ཐོག་ཏུ་དག་སེལ་དཀར་འདོན་གྱི་ལས་དོན་སྤེལ་དགོས། ཐག་གཅོད་དང་ཆད་གཅོད་ཕོག་པའི་ཏང་ཡོན་དང་ལས་བྱེད་པའི་རྗེས་འདེད་བཅར་ལན་ཞུ་བ་དང་སློབ་གསོ་དོ་དམ་ལས་ཀ་ལེགས་པར་སྒྲུབ་དགོས།
བདུན། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།
རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མཛད་ཇུས་གལ་ཆེན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་བྱེད་ཕྱོགས་ཡིན། ཏང་ལ་བཟོ་པའི་གྲལ་རིམ་དང་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་མ་གཏོགས་རང་ཉིད་ཀྱི་དམིགས་བསལ་གྱི་ཁེ་ཕན་མེད་པ་དང་། ཏང་དང་རུལ་སུངས་གཉིས་མེ་ཆུ་ལྟར་མཉམ་དུ་གནས་ཐབས་མེད་པ་ངེས་པར་དུ་ཡིད་ལ་བརྟན་པོར་བཅངས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགྲོ་ལམ་ཐོག་ཡག་པོར་སྐྱོད་དགོས་པ་དང་། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་རྒྱག་པ་དང་། རྩ་ལག་མཉམ་བཅོས་དང་མ་ལག་ལྡན་པར་བཅོས་སྐྱོང་བྱེད་པར་སྔར་བས་གཙིགས་འཛིན་བྱེད་ཅིང་། ཉེས་ཆད་ནན་གཅོད་དང་། བཅོས་སྐྱོང་གནད་འཁེལ། སྔོན་འགོག་ནུས་ལྡན། གཞི་གཅིག་ཏུ་དམ་འཛིན་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་པ་བྱེད་དགོས།
(གཅིག །) རུལ་སུངས་ལ་ཆད་པ་གཅོད་པའི་ཟིལ་གནོན་གྱི་སྟངས་ཀ་མཐའ་འཁྱོངས་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་དང་། རུལ་སུངས་འབྱུང་གཞི་དང་ཆ་རྐྱེན་མེད་པར་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བར་ངོས་འཛིན་གཏིང་ཟབ་བྱེད་དགོས་ཤིང་། རུལ་སུངས་བྱས་ན་ངེས་པར་ངོ་རྒོལ་དང་། ལྐོག་ཟ་བྱས་ན་ངེས་པར་གཙང་སེལ། ངན་འཇོམས་རྩད་འབྱིན་བཅས་རྒྱུན་འཁྱོངས་བྱེད་པ་དང་། “སྟག་རྡུང་”དང་། “སྦྲང་གསོད། ” “ཝ་རྔོན་”བཅས་མཐའ་གཅིག་ཏུ་བྱེད་པ། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་དང་འཐབ་འཛིང་གི་མཉེན་གཤིས་མཐའ་འཁྱོངས་བྱས་ནས་སྐད་ཅིག་ཙམ་ཡང་མཚམས་མི་འཇོག་པ་དང་། གོམ་ཕྱེད་ཙམ་ཡང་གཟུར་བཤོལ་མི་བྱེད་པར། འཕར་འབོར་འགོག་སྡོམ་སྔར་བས་ཤུགས་ལྡན་དང་བསགས་འབོར་གཙང་སེལ་སྔར་བས་ནུས་ལྡན་བྱས་ཏེ། རུལ་སུངས་པ་སྐུང་ས་གཏན་ནས་མེད་པ་དང་། “ལྕགས་ཞྭའི་རྒྱལ་པོ་”དང་“མཚལ་བྲིས་བཀའ་གཏན་”འབྱུང་ས་གཏན་ནས་མེད་པར་བྱེད་དགོས། ཁྱབ་ཁོངས་གཙོ་གནད་དང་། གནད་དོན་གཙོ་གནད། ཁ་གཏད་ཡུལ་གཙོ་གནད་བཅས་འབུར་དུ་བཏོན་ཏེ། དབང་ཆ་གཅིག་སྡུད་དང་། མ་དངུལ་གཅིག་འདུས། ཐོན་ཁུངས་མང་འདུས་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་བཅོས་སྒྲིག་ཟབ་སྤེལ་བྱས་ཏེ། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་བསྣོལ་མར་འདྲེས་པ་དང་། སྲིད་ཚོང་ངན་འབྲེལ། མ་རྩ་ཆབ་སྲིད་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པ་སོགས་ཀྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། ཉེན་ཁ་སྣ་ཚོགས་རྒྱབ་ལོགས་ཀྱི་རུལ་སུངས་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་པ་གཙིགས་སུ་འཛིན་དགོས་ཤིང་། “འགག་རྩའི་ཉུང་ཤས་”དང་ལྷག་པར་དུ་“འགོ་ཁྲིད་དང་པོ་”ཡི་རུལ་སུངས་དང་ན་གཞོན་ལས་བྱེད་པའི་རུལ་སུངས་ཞིབ་བཤེར་ཐག་གཅོད་བྱེད་པར་ཤུགས་རྒྱག་པ་དང་། འགོ་ཁྲིད་ལས་བྱེད་པའི་ཁྱིམ་རྒྱུད་རྣམ་པའི་རུལ་སུངས་དང་ཉེ་འཁོར་གྱི་མིའི་རུལ་སུངས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་ལ། ཚོད་མེད་ཅིང་མཚམས་མི་འཇོག་པ་དང་། རང་སྣང་གང་དྲན་བྱེད་མཁན་གྱི་རུལ་སུངས་པ་མཐའ་གཅིག་ཏུ་གཙང་སེལ་བྱེད་དགོས། སྔོན་དཔག་ཁེ་འབབ་དང་། ཆད་འཇོག་ཚབ་འཛིན། “ལག་ཤུབས་དཀར་པོ།” སྲིད་ཚོང་“འཁོར་སྒོ་”སོགས་རུལ་སུངས་དཔེ་གསར་དང་མངོན་མེད་རུལ་སུངས་ལ་ཟབ་བཤེར་ནན་དཔྱད་བྱེད་དགོས། མཉམ་སྦྲེལ་དྲ་རྒྱ་དང་། རྟོག་བཟོའི་དངུལ་ལོར། རྒྱལ་ཁོངས་ལས་བརྒལ་བའི་མ་དངུལ། ཁུལ་དུམ་མུ་ཕྲེང་སོགས་སྤྱད་དེ་རུལ་སུངས་ཀྱི་བྱ་སྤྱོད་སྤེལ་བར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་བཅོས་སྒྲིག་བྱེད་པ་དང་། ལས་ཞུགས་དང་། རྒན་གསོ། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། སློབ་གསོ། སྨན་བཅོས། “ཞིང་གསུམ་”སོགས་ཁྱབ་ཁོངས་ཀྱི་གནད་དོན་ལ་དམིགས་ནས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། ལྐོག་ཟ་ཧམ་བཟུང་དང་། བཀག་ཉར་གཞན་སྤྱོད། རྫུན་ཞུ་གཡོ་ལེན། བཟའ་འཁྱེར་བཀག་ལེན་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། “སྦྲང་གྲོག་རུལ་སུངས་”ལ་ཉེས་ཆད་ནན་པོ་གཅོད་པ། ནག་སེལ་ངན་འཇོམས་ཀྱི་“གདུགས་འཇོམས་དྲ་གཏོར་”རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་དང་། བྲོས་བྱོལ་བདའ་འདེད་དང་། བྲོས་བྱོལ་སྔོན་འགོག །བརྐུས་ནོར་སྙེག་ལེན་བཅས་བྱེད་པར་ཤུགས་རྒྱག་པ། རྒྱལ་ཁོངས་བརྒལ་བའི་རུལ་སུངས་གྱོད་དོན་ཞིབ་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལྐོག་རྔན་སྤྲོད་མཁན་དང་ལེན་མཁན་ཆབས་ཅིག་ཏུ་རྩད་གཅོད་བྱེད་པ་ཟབ་སྤེལ་དང་། ཁྲིམས་སྲོལ་སྒྲིག་ཁྲིམས་བཅའ་ཁྲིམས་བཅས་གཞིར་བཟུང་ནས་ལྐོག་རྔན་སྤྲོད་པའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། ལྐོག་རྔན་སྤྲོད་མཁན་གཙོ་གནད་ལ་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། “རུབ་རྔོན་”བྱ་སྤྱོད་འགོག་ཟོན་དང་རྡུང་རྡེག་གཏོང་དགོས། སྤྱོད་གཙང་གི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། རུལ་སུངས་ཉེན་ཟོན་ཆད་གཅོད་མཉམ་འགུལ་ལམ་སྲོལ་འཛུགས་དགོས། རུལ་སུངས་ཀྱི་གྱོད་དོན་ཚབས་ཆེན་བྱུང་བའི་ས་གནས་དང་། སྡེ་ཁག །སྡེ་ཚན་བཅས་ཀྱིས་དུག་རྒྱུན་གཙང་སེལ་མཐར་ཕྱིན་བྱེད་པ་དང་ཆབ་སྲིད་ཀྱི་སྐྱེ་ཁམས་ཉམས་གསོ་བྱེད་པར་སྐུལ་འདེད་གཏོང་དགོས།
(གཉིས།) དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་པར་ཤུགས་རྒྱག་དགོས། དྲང་གཞག་གིས་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། སྤྱོད་གཙང་གིས་དབང་ཆ་སྤྱོད་པ། དམངས་དོན་དུ་དབང་ཆ་སྤྱོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། དབང་གཅོད་ཧམ་ལས་དང་། དབང་ཆ་གང་བྱུང་སྤྱོད་པ། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་སོགས་ཀྱི་བྱ་སྤྱོད་བཀག་འགོག་དང་ཡོ་བཅོས་བྱེད་དགོས། དབང་སྤྲོད་དབང་སྤྱོད་དབང་འཛིན་གསུམ་ཕན་ཚུན་གཅིག་གྱུར་དང་ཁ་གསལ་དྭངས་གསལ་ཁུངས་འདེད་ཐུབ་པའི་ལམ་ལུགས་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། དབང་ཆ་བགོ་སྒྲིག་དང་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་དེར་ལྟ་སྐུལ་བྱེད་པར་ཤུགས་རྒྱག་པ། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ནོར་འཛོལ་དྲང་བཅོས་བྱས་ཏེ་སྔར་ལས་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་དབང་ཆ་ལམ་ལུགས་ཀྱི་གཟེབ་དྲའི་ནང་དུ་འཇུག་དགོས། སྲིད་ཇུས་གཏན་འབེབས་དང་། དོན་གྲོས་ཇུས་གཅོད། ཞིབ་མཆན་ལྟ་སྐུལ་དོ་དམ། ཁྲིམས་བསྟར་ཁྲིམས་འཛིན་སོགས་འགག་རྩའི་ལྷུ་ཚིགས་དམ་འཛིན་བྱས་ཏེ། འགན་འཁྲིའི་དབང་མཚམས་དང་། དབང་སྤྱོད་མཐའ་མཚམས། ལས་ཀའི་ལས་རིམ་བཅས་ཚད་ལྡན་དུ་གཏོང་བ་དང་། རང་མོས་གཅོད་འཇལ་དབང་ཆ་ཚད་ལྡན་དུ་བཏང་སྟེ། དབང་ཆ་བོགས་འཛུགས་བོགས་འཚོལ་བྱེད་པ་བཀག་འགོག་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་ཁྱབ་ཁོངས་གསར་པའི་དབང་ཆ་འཁོར་སྐྱོད་ཚད་ལྡན་དང་ཚོད་འཛིན་ལམ་སྲོལ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། གཙོ་གནད་ལས་རིགས་ཀྱི་དབང་ཆའི་གསལ་ཐོ་དང་གཞི་རིམ་དབང་ཆ་ཆུང་ཕྲན་གྱི་གསལ་ཐོ་བཟོ་དགོས། འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་བྱེད་སྒོར་ཐེ་གཏོགས་དང་། ཞིབ་ཕྲའི་གྱོད་དོན་ཐག་གཅོད་ལ་ཐེ་ཇུས་བྱས་པ་ཐོ་འགོད་དང་བརྡ་ཁྱབ་གཏོང་བའི་ལམ་ལུགས་དོན་འཁྱོལ་བྱེད་དགོས།
(གསུམ།) གཙང་བཀུར་རུལ་འགོག་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་ནང་དོན་དང་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཤིང་། ཏང་ཡོན་དང་ལས་བྱེད་པས་རང་བརྩི་རང་བརྟག་དང་། རང་གཅུན་ཆུང་ཟོན་བྱས་ཏེ་རང་རྟོགས་ངང་རུལ་འགོག་འགྱུར་ཟོན་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་ཏང་ནང་གི་ཆབ་སྲིད་རིག་གནས་འཕེལ་རྒྱས་གཏོང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སུ་འདུས་པའི་ཕུགས་བསམ་དད་སེམས་དང་། རིན་ཐང་འདུ་ཤེས། ཀུན་སྤྱོད་ལྟ་བ། སྒྲིག་ཁྲིམས་དང་བཅའ་ཁྲིམས་འདུ་ཤེས་བཅས་སྤྱད་དེ་ཏང་ཡོན་དང་ལས་བྱེད་པའི་སྤྱོད་ལམ་གཙང་མ་གསོ་སྐྱོང་བྱེད་དགོས། སྤྱོད་གཙང་རིག་གནས་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྲུན་བྱེད་པའི་ནང་འདྲེས་པར་བྱེད་པ་དང་། སྤྱོད་གཙང་སློབ་གསོ་དེ་རྒྱལ་དམངས་སློབ་གསོའི་མ་ལག་ནང་འདྲེས་པར་བྱས་ཏེ། སྤྱོད་གཙང་གཟི་བརྗིད་དང་ལྐོག་ཟ་ངོ་ཚ་ཡིན་པའི་སྤྱི་ཚོགས་སྣང་ཚུལ་སྐྲུན་དགོས། སྤྱོད་གཙང་དྲིལ་བསྒྲགས་སློབ་གསོའི་ལམ་སྲོལ་གསར་གཏོད་བྱས་ནས་སྐུད་ཐོག་སྐུད་འོག་མཉམ་འགུལ་བྱེད་པ་དང་། རིམ་དབྱེ་རིགས་དབྱེའི་སྒོ་ནས་ནང་དོན་དང་བྱེད་སྟངས་གཏན་འཁེལ་བྱས་ཏེ་དམིགས་གཏད་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། སྲིད་བརྩོན་སྤྱོད་གཙང་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་དང་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དཔེའི་ཉེན་བརྡ་གཏོང་བ་དང་ཟིལ་གནོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གཉེན་ཉེ་དང་ཉེ་འགྲམ་གྱི་ལས་དོན་མི་སྣར་སློབ་གསོ་དང་དོ་དམ་ནན་པོ་བྱེད་དགོས།
(བཞི།) རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ནུས་ཕྱོད་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཆ་ཚང་དུ་གཏོང་དགོས་ཤིང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། དུས་མཚུངས་ཤུགས་འདོན་དང་། ཕྱོགས་མཐུན་ཤུགས་འདོན། ཕྱོགས་བསྡུས་ཤུགས་འདོན་བཅས་བྱས་ཏེ། རུལ་སུངས་འབྱུང་གཞི་དང་ཆ་རྐྱེན་མེད་པར་བཟོ་བར་ཤུགས་རྒྱག་དགོས། ཏང་ཨུའི་གཅིག་གྱུར་འགོ་ཁྲིད་འོག་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་སྒྲུབ་གཞོགས་འདེགས་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། མུ་ཕྲེང་ཡོངས་ཀྱི་མཉམ་སྒྲུབ་ལ་བརྟེན་ནས་གཞི་གཅིག་ཅན་གྱི་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་དགོས། གྱོད་དོན་ལ་བརྟེན་ནས་དག་ཐེར་ཡོ་བསྲང་དང་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་བ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། གྱོད་དོན་ཆེན་པོའི་ཁྲོད་ཤེས་རྟོགས་བྱུང་བའི་ལས་རིགས་རང་བཞིན་དང་མ་ལག་རང་བཞིན་གྱི་རུལ་སུངས་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱས་ཏེ། གྱོད་དོན་ཞིབ་གཅོད་བྱས་པ་བརྒྱུད་ལམ་ལུགས་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། དབང་ཆ་འཁོར་སྐྱོད་ཀྱི་ཟགས་ཁུང་དང་། ལྟ་སྐུལ་དོ་དམ་གྱི་མུན་ཁུལ། ལམ་ལུགས་ཀྱི་སྟོང་ཆ་བཅས་མེད་པར་བཟོས་ནས་ལྟ་སྐུལ་དང་། གྱོད་སྒྲུབ། དག་ཐེར་ཡོ་བསྲང་། བཅོས་སྐྱོང་བཅས་ཀྱི་གདུབ་ཟུམ་ཆགས་པར་བྱེད་དགོས། རུལ་སུངས་ཀྱི་འཕེལ་ཕྱོགས་གསར་པ་དང་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པ་དང་། གྲངས་ཀའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་མ་ལག་འཛུགས་སྐྲུན་ཟབ་སྤེལ་བྱེད་པ། སྤྱི་པའི་དབང་ཆའི་གཞི་གྲངས་ཆེན་པོའི་ལྟ་སྐུལ་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐིལ་བརྟོལ་ནུས་པ་ཆེ་རུ་གཏོང་དགོས།
བརྒྱད། ལམ་ལུགས་ལྟར་ཏང་སྐྱོང་བ་དང་ཁྲིམས་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས།
ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཕུགས་ཡུན་རིང་པོའི་ཐབས་ཇུས་དང་རྩ་བའི་ཐབས་ཇུས་ཡིན། ངེས་པར་དུ་ཏང་གི་སྒྲིག་ཡིག་དེ་ཏང་ཡོངས་ཀྱི་རྩ་བའི་བྱ་སྤྱོད་ཀྱི་ཚད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། ཏང་འཛུགས་སྐྲུན་གྱི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་སྲོལ་ལྟར་ཏང་སྐྱོང་བ་གཉིས་གཅིག་གྱུར་དམ་ཚགས་ཡོང་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།
(གཅིག །) ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཏང་ནང་གི་ཁྲིམས་སྲོལ་གཏན་འབེབས་ལས་དོན་གྱི་འཆར་འགོད་དང་འཆར་གཞི་བཟོ་དགོས། ཏང་ནང་གི་ཁྲིམས་སྲོལ་འཛུགས་བཅོས་འདོར་འགྲེལ་བཞི་གཅིག་གྱུར་འཆར་འགོད་དང་། མ་ལག་འདུས་གྲུབ་ལ་གཙིགས་འཛིན། ཆ་འགྲིག་སྦྲེལ་མཐུད་ལ་ཤུགས་སྣོན་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་དགོས་མཁོ་དངོས་ལ་གཞིགས་ནས་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་གཏན་འབེབས་དང་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་ཀྱི་ཆད་སྐྱོན་དུས་ཐོག་ཏུ་གསབ་དགོས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་འབུར་ཐོན་གནད་དོན་ལ་དམིགས་ཏེ་སྟབས་བདེ་གོ་ཆོད་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཏང་ནང་གི་ཁྲིམས་སྲོལ་འགྲེལ་བཤད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་ནང་གི་ཁྲིམས་སྲོལ་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྦྲེལ་མཐུད་མཐུན་སྦྱོར་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།
(གཉིས།) ལམ་ལུགས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་དགོས། ལམ་ལུགས་ཀྱི་དགོས་ངེས་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། ལམ་ལུགས་བརྩི་སྲུང་ཐད་དམིགས་བསལ་མེད་པ། ལམ་ལུགས་ལག་བསྟར་ཐད་དམིགས་བསལ་མེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་ལེན་མཐར་ཕྱིན། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་ནང་གི་ཁྲིམས་སྲོལ་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་སློབ་སྦྱོང་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ལམ་ལུགས་ལག་བསྟར་དང་ལྟ་སྐུལ་བྱ་རྒྱུ་དེ་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱིས་འགན་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ས་ཁོངས་བཅོས་སྐྱོང་དང་། སྡེ་ཁག་བཅོས་སྐྱོང་། ལས་རིགས་བཅོས་སྐྱོང་། གཞི་རིམ་བཅོས་སྐྱོང་། སྡེ་ཚན་བཅོས་སྐྱོང་བཅས་ཀྱི་ཕྱོགས་སོ་སོར་ཁྱབ་པར་བྱས་ནས་ལམ་ལུགས་ལ་དུས་དང་རྣམ་པ་ཀུན་ཏུ་དབང་གྲགས་ཡོད་པ་དང་ཕྱོགས་གང་ཅིར་ནུས་པ་ཐོན་པའི་འགན་ལེན་ཏན་ཏིག་བྱེད་དགོས། བཀའ་བསྒོས་ཀྱང་མི་བསྒྲུབ་པ་དང་། བཀག་སྡོམ་བྱས་ཀྱང་མཚམས་མི་འཇོག་པའི་རིགས་དྲང་བཅོས་མཐའ་གཅིག་ཏུ་བྱེད་དགོས་ལ། ལམ་ལུགས་ལག་བསྟར་བྱེད་པར་གདམ་གསེས་དང་། འཕྲི་གཅོག །བབ་བསྟུན་བཅས་བྱེད་རིགས་བཀག་འགོག་དང་། ལམ་ལུགས་སྟོང་འཁོར་མི་ཡོང་བ་བྱེད་དགོས།
(གསུམ།) ལྐོག་སྲོལ་ཤུགས་ཆེན་པོས་རྩ་གཏོར་གཏོང་དགོས། སྒྲིག་ལམ་ཁ་གསལ་བཟོ་བ་རྒྱུན་འཁྱོངས་བྱས་ནས་ཏང་དོན་དང་སྲིད་དོན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་དགོས། ཏང་ཡོན་དང་ལས་བྱེད་པས་རྩ་དོན་ལ་དང་དོད་དང་། ཁྲིམས་སྒྲིག་བརྩི་སྲུང་། དྲང་ལམ་སྲུང་བ་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། དབང་ཆ་སྤྱོད་པ་དང་། སྲིད་ཇུས་ལག་བསྟར། ལས་གཞི་བརྩོན་ལེན། ལས་བྱེད་པ་འདེམས་སྤྱོད། ཕུལ་བྱུང་དང་སྔོན་ཐོན་དཔྱད་འདེམས་སོགས་ཀྱི་ཐད་ལྐོག་སྲོལ་ལ་རང་རྟོགས་ཀྱིས་ངོ་རྒོལ་དང་འགོག་རྒོལ་བྱེད་དགོས། “གནམ་སྐུད་འཛུགས་པ་དང་གྲུ་ཁར་སྐྱབས་བཅོལ་”དང་། “རྩ་དོན་མི་གཙོ་འབྲེལ་བ་གཙོ།” “ཐམ་ག་མི་གཙོ་ཡིག་ལྷེབ་གཙོ།” ཁེ་བཟང་མ་སྤྲད་ན་བྱ་བ་མི་སྒྲུབ་པ། སྦུག་མཐུན་གཡོ་སྒྱུར་བྱེད་པ་སོགས་ཀྱི་ཟིང་རྣམ་ཡོ་བཅོས་མཐའ་གཅིག་ཏུ་བྱེད་པ་དང་། ཚོང་ཟོག་བརྗེ་རེས་ཀྱི་རྩ་དོན་དང་རང་ལུས་གཞན་རྟེན་གྱི་འབྲེལ་བས་ཏང་ནང་གི་འཚོ་བར་བསླད་སྐྱོན་གཏོང་བར་འགོག་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ཐེར་འདོན་ལམ་སྲོལ་ཆ་ཚང་དུ་བཏང་སྟེ། ཆབ་སྲིད་བར་ཁེ་བ་དང་ཆབ་སྲིད་ཁྲམ་པ་ལ་འགྲོགས་འདྲིས་བྱེད་པའམ་རང་ཉིད་དེ་འདྲ་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། རིགས་མཚུངས་གྱོད་དོན་ལ་དབྱེ་ཞིབ་ཕུགས་འདེད་དང་དག་ཐེར་ཡོ་བསྲང་དང་བརྡ་ཁྱབ་གཏོང་བའི་ལམ་ལུགས་འཛུགས་པ་དང་། ཆབ་སྲིད་སྐྱེ་ཁམས་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་། ཞིབ་འཇུག་བརྡར་གཅོད། བཅོས་སྐྱོང་བཅས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་སྔར་བས་འཐུས་ཚང་དུ་གཏོང་དགོས། ཏང་ཨུ་(ཏང་ཙུའུ་)ཡིས་ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་པ་ཏན་ཏིག་བཏང་སྟེ་ལྟ་སྐུལ་བྱེད་པོ་རིགས་ཁག་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ནང་གི་ལྟ་སྐུལ་སྲོལ་ཡིག་བཟོ་བཅོས་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་གྱི་འགོ་ཁྲིད་ཉིས་བརྩེགས་ཀྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་དང་རུལ་སུངས་གྱོད་དོན་ཞིབ་གཅོད་བྱེད་པ་དེ་གོང་རིམ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་འགོ་ཁྲིད་བྱེད་པ་གཙོ་བོར་འཛིན་པ་དང་། སྟོབས་ཤུགས་མཉམ་སྡེབ་དང་ལེགས་སྒྱུར་ལ་གཙིགས་འཛིན་བྱེད་པ། སྒྲིག་ཁྲིམས་ལྟ་སྐུལ་དང་། ལྟ་ཞིབ་ལྟ་སྐུལ། མངག་སྡོད་ལྟ་སྐུལ། སྐོར་གཟིགས་ལྟ་སྐུལ་བཅས་གཅིག་འདོམས་ཀྱིས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཏན་ཏིག་གིས་སྒྲུབ་དགོས། རྫོང་དང་། ཞང་། གྲོང་ཚོ་བཅས་ཀྱི་ལྟ་སྐུལ་ཐོན་ཁུངས་དང་སྟོབས་ཤུགས་བེད་སྤྱོད་ཡག་པོ་བྱེད་པ་དང་། གཞི་རིམ་གྱི་ལྟ་སྐུལ་མ་ལག་ཆ་ཚང་དུ་གཏོང་དགོས་ཤིང་། རིམ་སྤར་ལྟ་སྐུལ་དང་སྣོལ་སྡེབ་ལྟ་སྐུལ་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་ལྟ་སྐུལ་ཐབས་ལམ་ཐོགས་མེད་ཡོང་བ་བྱས་ཏེ། གཞི་རིམ་གྱི་ལྟ་སྐུལ་དང་གཞི་རིམ་གྱི་བཅོས་སྐྱོང་དཀྱུས་གཅིག་ཏུ་འབྲེལ་བར་སྐུལ་སྤེལ་གཏོང་དགོས། ཏང་ནང་གི་ལྟ་སྐུལ་དེ་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་འཛིན་གྱི་ལྟ་སྐུལ། ཁྲིམས་འཛིན་གྱི་ལྟ་སྐུལ། རྩིས་བཤེར་གྱི་ལྟ་སྐུལ། ནོར་རྩིས་ཀྱི་ལྟ་སྐུལ། བསྡོམས་རྩིས་ཀྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་དང་མཉམ་འདྲེས་གཏིང་ཟབ་དང་། ནུས་ཆེའི་མཉམ་འགུལ་བྱེད་པར་སྐུལ་འདེད་བཏང་སྟེ། ལྟ་སྐུལ་གྱི་སྒྲིལ་ཤུགས་ཆགས་པར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་གི་སྐོར་གཟིགས་ལས་དོན་གྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐོར་གཟིགས་ལས་དོན་སྲོལ་ཡིག་དོན་འཁྱོལ་བྱེད་པ། རྒྱུན་ལྡན་གྱི་སྐོར་གཟིགས་དང་། ཆེད་དམིགས་སྐོར་གཟིགས། སྐབས་བསྟུན་སྐོར་གཟིགས། རིམ་སྤར་སྐོར་གཟིགས་སོགས་ཀྱི་བྱེད་ཐབས་བེད་སྤྱོད་ཡག་པོ་བྱེད་པ། སྐོར་གཟིགས་བྱེད་ཐབས་གསར་གཏོད་བྱེད་པ། སྐོར་གཟིགས་“ཕྱིར་མིག་ལྟ་བའི་”ཤུགས་ཚད་ཆེ་རུ་གཏོང་བ། སྐོར་གཟིགས་དག་ཐེར་ཡོ་བསྲང་དང་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སྐོར་གཟིགས་སྐོར་ཞིབ་གོང་འོག་མཉམ་འགུལ་ཟབ་སྤེལ་བྱེད་པ། གྲོང་ཚོར་སྐོར་ཞིབ་བྱེད་པའི་སྤུས་ཕྱོད་མཐོར་འདེགས་གཏོང་བ་བཅས་བྱས་ནས་སྐོར་གཟིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་གྱི་སྤུ་གྲིའི་ནུས་པ་འདོན་སྤེལ་བྱེད་དགོས།
ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན། ངེས་པར་དུ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི་“སྣ་ཐག་”དམ་འཛིན་བྱས་ཏེ། ཏང་ཨུ་(ཏང་ཙུའུ་)ཡི་བྱེད་པོའི་འགན་འཁྲི་དང་། སྒྲིག་ཨུ་ཡི་ལྟ་སྐུལ་འགན་འཁྲི། ཏང་ཨུ་(ཏང་ཙུའུ་)ཡི་ཧྲུའུ་ཅིའི་འགན་འཁུར་པ་དང་པོའི་འགན་འཁྲི། འགོ་ཁྲིད་ཚན་པའི་ཁོངས་མི་གཞན་དག་གི་“གནས་གཅིག་འགན་གཉིས།” ཏང་ཡོན་དང་ལས་བྱེད་པའི་བྱེ་བྲག་གི་འགན་འཁྲི་བཅས་ཏན་ཏིག་ངང་དཀྲི་བ་དང་། རང་འགན་རང་འཁུར་དང་གཅིག་གྱུར་མཐུན་སྦྱོར་གྱི་འགན་འཁྲིའི་མ་ལག་ཆ་ཚང་དུ་གཏོང་དགོས། ཏང་ཨུ་(ཏང་ཙུའུ་)རིམ་པ་ཁག་གིས་རང་འགུལ་གྱིས་དམ་འཛིན་དང་བློ་སེམས་རྩེ་གཅིག་གིས་དོ་དམ་བྱེད་པ་དང་། འགན་འཁྲིའི་མུ་ཕྲེང་ལ་དམ་པོར་དམིགས་ཏེ། གནོན་ཤུགས་རིམ་པ་བཞིན་བརྒྱུད་སྤྲོད་བྱེད་དགོས། རྫོང་རིམ་པ་ཡན་གྱི་ཏང་ཨུ་(ཏང་ཙུའུ་)ཡིས་ཉུང་མཐའ་ཡང་ལོ་རེར་འགོ་ཁྲིད་ཚན་པའི་ཁོངས་མིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་བསྒྲུབས་ཚུལ་གྱི་སྙན་ཞུར་ཐེངས་རེ་ཉན་དགོས་ཤིང་། སྐུལ་འདེད་དང་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒྲིག་ཨུ་(མངག་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་)རིམ་པ་ཁག་གིས་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། འོག་རིམ་སྒྲིག་ཨུ་(མངག་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་)ཡིས་ཉུང་མཐའ་ཡང་ལོ་ཕྱེད་རེའི་ནང་གོང་རིམ་སྒྲིག་ཨུ་(མངག་གཏོང་ལས་ཁུངས་)ལ་ཏང་ཨུ་(ཏང་ཙུའུ་)ཡི་འགོ་ཁྲིད་ཚན་པའི་ཁོངས་མི་སྤྱི་དང་ལྷག་པར་དུ་“འགོ་ཁྲིད་དང་པོ་”ཡིས་འགན་འཁྲི་བསྒྲུབས་ཚུལ་དང་། དབང་ཆ་སྤྱད་ཚུལ། རང་ངོས་ཀྱིས་ལྟ་སྐུལ་འགན་འཁྲི་བསྒྲུབས་ཚུལ་བཅས་སྙན་ཞུ་ཐེངས་རེ་འབུལ་དགོས། ཏང་ཨུའི་སྡེ་ཁག་ཁག་གིས་རང་འགན་གཙང་སྒྲུབ་དང་མཉམ་འཛིན་མཉམ་སྒྲུབ་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་གཅུན་ནན་པོ་དང་། རང་འགན་ནན་འཁུར། རང་ཁོངས་ནན་སྡོམ་བཅས་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་སྒྲུབ་པའི་ཐད་དཔེ་སྟོན་བྱེད་དགོས། རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་བར་དངོས་ཐོག་བདེན་འཚོལ་དང་དངོས་ཕན་དོན་གཉེར་བྱས་ཏེ་ཕྱི་ཚུལ་རིང་ལུགས་སྤང་གང་ཐུབ་བྱེད་དགོས། འགན་འཁྲི་དོན་འཁྱོལ་གྱི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་ལེགས་སྒྱུར་བྱས་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་ཤུགས་མེད་ཡིན་པ་དང་གནད་དོན་ཚབས་ཆེན་ཐོན་རིགས་ལ་འགན་འཁྲི་བདའ་འདེད་དང་འདྲི་རྩད་ནན་པོ་བྱེད་དགོས།
ལོ་རྒྱུས་ཀྱིས་འབྱུང་འགྱུར་གསལ་སྟོན་བྱེད། འབད་འཐབ་ཀྱིས་བྱ་གཞག་རླབས་ཆེན་འགྲུབ། ཀྲུང་གོའི་གུང་ཁྲན་ཏང་གིས་ཟིལ་རླབས་དགུང་འཕྱུར་གྱི་འཐབ་ལམ་རླབས་པོ་ཆེའི་ཁྲོད། དམ་བཅའ་བརྟན་པོས་བདེན་དོན་དོན་གཉེར་བྱས་ནས་ཐོག་མཐའ་བར་གསུམ་དུ་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་བྱེད་པ་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཟབ་མོ་ཚུགས་ནས་ཐོག་མཐའ་བར་གསུམ་དུ་རྨང་གཞི་བརྟན་པོ་ཡོད་པ། སྙིང་སྟོབས་ཆེན་པོས་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ནས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་རང་འགུལ་སྟངས་འཛིན་བྱེད་པ། འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བྱས་ནས་ཐོག་མཐའ་བར་གསུམ་དུ་རྣམ་པར་རྒྱལ་ངེས་ཀྱི་བློ་གདེང་མཐའ་འཁྱོངས་བྱེད་པ། རང་ངོས་སྟོབས་ལྡན་གཏོང་བར་གཙིགས་འཛིན་བྱས་ནས་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པ་སོགས་ཕུལ་དུ་བྱུང་བའི་ཁྱད་གཤིས་བཏོད་ཡོད། ལོ་ངོ་བརྒྱ་ཕྲག་ལྷག་གི་རིང་ལ། ཀྲུང་ཧྭའི་ས་གཞི་ཆེན་པོར་འཕོ་འགྱུར་ཆེན་པོ་བྱུང་བ་ལས་ཏང་གིས་ལོ་རྒྱུས་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མ་བཏང་ཞིང་། ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ངོ་གནོང་མི་དགོས་པ་ཞིག་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ངོ་གནོང་མི་དགོས་པ་ཞིག་ཡིན་པ་དངོས་ར་གསལ་འཕྲོད་བྱུང་ཡོད། རླབས་ཆེ་བ་དང་། གཟི་བརྗིད་ལྡན་པ། ཡང་དག་པ་བཅས་ཀྱི་ཀྲུང་གོའི་གུང་ཁྲན་ཏང་གིས་དཀའ་སྡུག་གང་མང་བརྒྱུད་ཀྱང་ཐོག་མའི་བསམ་འདུན་མི་འགྱུར་བ་དང་། དམིགས་འབེན་ལ་གདེང་ཚོད་ལྡན་ཞིང་དཔའ་སྐྱེད་མདུན་སྐྱོད་བྱས་ནས། “ངེས་པར་དུ་བྱེད་དགོས་པ་གསུམ་”ཡིད་ལ་བརྟན་པོར་འཆང་བ་དང་། རྒྱུགས་སྤྲོད་དུ་འགྲོ་བའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཇི་སྲིད་བར་དུ་འཛིན་དགོས་ལ། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་པར་དཔའ་བ་དང་། མདུན་སྐྱོད་འགྲོ་ལམ་ཐོག་གི་དཀའ་ངལ་དང་ཉེན་ཁ་ཡོད་ཚད་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བར་བྱས་ཏེ། སྔར་ལས་དགའ་སྐྱིད་ལྡན་པའི་འབྱུང་འགྱུར་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་ངེས་ཡིན།
ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ། ཧུར་བརྩོན་རྒྱལ་སྐྱོང་དང་ཤུགས་སྐྱེད་སྟོབས་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།